ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཁང་པ་སོཊ་གོང་ཁེ་པོས་འཚོང་རྒྱུ་ཡོད་ཟེར་མཁན“ལས་བྱེད་པ”དེ་བཟུང་འདུག

སྤེལ་དུས 2024-01-25 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

          ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་བཞི་པས་གཞིས་རྩེའི་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་འོག ལས་ཁུངས་ཀྱི་ལས་བྱེད་པར་བརྫུས་ནས་ཁ་བསླུས་རྒྱག་མཁན་གྱི་ཉེས་གསོག་དོགས་ཅན་ཞིག་བཟུང་ཞིང་། ཁ་བསླུས་བརྒྱབ་པའི་དངུལ་འབོར་ཁྱོན་སྒོར་ཁྲི་215.18ཟིན་གྱི་ཡོད་པ་རེད།

                                                                                གནས་ཚུལ་ཞིབ་ཕྲ།
          གསར་འགོད་པར་ཤེས་རྟོགས་བྱུང་བར། 2023ལོའི་ཟླ་10ཚེས་8ཉིན་གྱི་ཆུ་ཚོད་20ཙམ་ལ། གྲྭ་བཞི་དང་དོག་སྡེ་མངགས་གཏོང་ཁང་དུ་བཅའ་སྡོད་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་བཞི་པའི་ཉེན་རྟོག་པར་གྲོང་མི་བསྟན་ཆེ་གེ་མོའི་སྙན་སེང་འབྱོར་བ་སྟེ། 2022ལོའི་ཟླ་2པར། ངར་ཁྲེང་ཀོན་ཆུས་གྲྭ་བཞིའི་ཇ་ཁང་ཞིག་ནས་ཉི་ཆེ་གེ་མོ་ངོ་ཤེས་བྱུང་། 2022ལོའི་ཟླ་2པ་ནས་2023ལོའི་ཟླ་10པའི་བར། ཉི་ཆེ་གེ་མོས་རང་ཉིད་ལས་ཁུངས་ཞིག་གི་ལས་བྱེད་པ་ཡིན་ཞེས་ལབ་པ་དང་ང་ལ་ས་ཆ་དང་། ཁང་པ། འཁོར་རྟགས་རྫིག་པོ་སོགས་གོང་དམའ་པོས་འཚོང་རྒྱུ་ཡོད་ཅེས་བཤད་དེ་ངའི་ས་ནས་ཁྱོན་སྒོར་ཁྲི་64.2ཁ་བསླུས་བརྒྱབ་བྱུང་ཞེས་བརྗོད། 

          སྙན་སེང་འབྱོར་རྗེས། མྱུལ་ཞིབ་པས་འཕྲལ་མར་གྱོད་གཞི་དེར་བརྟག་དཔྱད་དཔང་ལེན་བྱས་ཤིང་། བཅར་འདྲི་བརྟག་དཔྱད་དང་ཁུངས་སྣེ་ལྟར་འཚོལ་ཞིབ་ཐེངས་མང་བྱས་པ་བརྒྱུད། མྱུལ་ཞིབ་པས་ཉེས་གསོག་དོགས་ཅན་ཉི་ཆེ་གེ་མོ་གཏན་འཁེལ་ཐུབ་པ་དང་། 2023ལོའི་ཟླ་10ཚེས་23ཉིན་གྱི་ཆུ་ཚོད་21ཙམ་ལ་གཞིས་རྩེའི་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་འོག ཉེས་གསོག་དོགས་ཅན་ཉི་ཆེ་གེ་མོ་བདེ་བླག་ངང་བཟུང་བ་རེད།
          མྱུལ་ཞིབ་པས་བརྟག་དཔྱད་ཞིབ་བསྡུར་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཉི་ཆེ་གེ་མོས་རང་ཉིད་ལས་ཁུངས་ཤིག་གི་ལས་བྱེད་པ་ཡིན་ཟེར་བ་དེ་རྫུན་གཏམ་བཤད་པ་ཞིག་ཡིན་པ་དང་། འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཉི་ཆེ་གེ་མོས་བསྟན་ཆེ་གེ་མོའི་ས་ནས་ཁྱོན་སྒོར་ཁྲི་64.2ཁ་བསླུས་བརྒྱབ་པའི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་པ་རེད།

          འདྲི་རྩད་ཞིབ་ཚགས་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཉི་ཆེ་གེ་མོས་ད་དུང་2021ལོའི་ཟླ་8པ་ནས་2023ལོའི་ཟླ་10པའི་བར། ཁ་བསླུས་རྒྱག་སྟངས་གཅིག་མཚུངས་ལ་བརྟེན་ནས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་5ཡི་ས་ནས་ཁྱོན་སྒོར་ཁྲི་150.98ཁ་བསླུས་བརྒྱབ་པའི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་པ་རེད། 

          མིག་སྔར་ཉེས་གསོག་དོགས་ཅན་ཉི་ཆེ་གེ་མོ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད་ལ། མྱུལ་ཞིབ་པས་ཁ་བསླུས་བརྒྱབ་པའི་དངུལ་སྒོར་ཁྲི་2ལྷག་ཙམ་འདེད་ལེན་ཐུབ་ཡོད་པ་དང་། གྱོད་གཞི་སྒྲུབ་གཉེར་དང་བརྐུས་དངོས་འདེད་ལེན་བྱས་དང་བྱེད་མུས་རེད། 

 

རྩོམ་སྒྲིག་པ། མང་ག་མཚོ།