ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

མཚོ་སྔོན་དུ་ནག་ཚོགས་ཤིག་མེད་པར་བཟོས་པ།

སྤེལ་དུས 2024-10-17 ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། རྩོམ་པ་པོ།

མཚོ་སྔོན་དུ་ནག་ཚོགས་ཤིག་མེད་པར་བཟོས་པ། 

གསར་འགོད་པས་ཞིང་ཆེན་ནག་འཇོམས་ངན་སེལ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། ཞིང་ཆེན་སྤྱི་བདེ་ཐིང་གི་ནག་འཇོམས་ངན་སེལ་གཞུང་ལས་ཁང་དང་ཟི་ལིང་གྲོང་ཁྱེར་ནག་འཇོམས་ངན་སེལ་གཞུང་ལས་ཁང་གིས་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད། ཀྲའོ་ཆེ་གེ་མོ་གཙོ་བྱས་པའི་ཉེས་གསོག་ཚོགས་པ་ཞིག་གྲུབ་འབྲས་ཐོབ་པའི་ངང་མེད་པར་བཟོས། 

2023ལོའི་ཟླ3པའི་ཚེས18ཉིན། ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུའུ་ལ་ཆང་འཐུང་ནས་རླངས་འཁོར་བསྐོར་ཏེ་འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས་བསྙད་འདོགས་རྒྱུ་འཕྲོག་བྱས་པའི་གྱོད་དོན་སྙན་སེང་ཞིག་འབྱོར། ཞིབ་དཔྱད་རགས་ཙམ་བྱས་པ་བརྒྱུད། གྱོད་གཞི་མང་པོ་ཞིག་གི་ཉེས་གསོག་བྱེད་ཐབས་གཅིག་འདྲ་ཡིན་ཞིང་། གནོད་འཚེ་ཕོག་མཁན་ཚང་མ་ནི་ཆང་འཐུང་ནས་རླངས་འཁོར་སྐོར་མཁན་ཡིན་ལ། གྱོད་གཞི་དེ་ནི་རྙོག་འཛིང་ཆེ་ཞིང་ཚོགས་པས་ནག་ཉེས་བསགས་པར་དོགས་གཞི་ཡོད་པ་ཤེས་པས། གྱོད་གཞི་དེ་ཐག་གཅོད་བྱས་པ་དང་འབྲེལ་གོང་ཞུ་བྱས་པ་རེད།  

ཏ་ཐུང་རྫོང་ཨུས་ཚད་མཐོའི་མཐོང་ཆེན་བྱས་ཤིང་ཏ་ཐུང་རྫོང་སྤྱི་བདེ་ཅུའུ་ཡིས“3·18”ཆེད་དོན་གྱོད་གཞི་ཚོ་ཆུང་བཙུགས་ནས་མྱུལ་ཞིབ་ལས་དོན་ཧུར་ཐག་གིས་སྤེལ། ཆེད་དོན་གྱོད་གཞི་ཚོ་ཆུང་ཤིན་ཅང་དང་བོད་ལྗོངས། ཀོང་ཏུང་སོགས་ཞིང་ཆེན8དང་གྲོང་ཁྱེར17དུ་ཐེངས་མང་བསྐྱོད་དེ་བརྟག་དཔྱད་དཔང་ལེན་བྱས་ནས་གནོད་འཚེ་ཕོག་མཁན185དང་དཔང་མི75བཙལ་བ། ཟིན་ཐོ307བཟོས་པ་དང་བཅའ་ཁྲིམས་ཡིག་ཆ1600ལྷག་ཙམ་བྲིས་པ། དངོས་དཔང་དང་ཡིག་དཔང1000ལྷག་ཙམ་འཚོལ་བསྡུ་བྱས་པ་དང་དཔང་རྟགས་འབོར་ཆེན་གཏན་འཁེལ་བཅས་བྱས་ཏེ། སྔ་རྗེས་སུ་ཚོགས་པ་དེའི་ཉེས་བསགས་དོགས་ཡོད་མི་སྣ16བཟུང་། 2023ལོའི་ཟླ8པར། ཞིང་ཆེན་སྤྱི་བདེ་ཐིང་གི་ནག་འཇོམས་ངན་སེལ་གཞུང་ལས་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། གྱོད་གཞི་དེ་ནི་ནག་ཚོགས་ཀྱི་གྱོད་གཞི་ཡིན་པར་གཏན་འཁེལ་བྱས། 

2023ལོའི་ཟླ9པར། གྱོད་གཞི་བསྒྲུབ་རྒྱུར་ལྟ་སྐུལ་བྱས་རྗེས་རིམ་པ་སོ་སོའི་ནག་འཇོམས་ངན་སེལ་གཞུང་ལས་ཁང་གིས་ཚད་མཐོའི་མཐོང་ཆེན་དང་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་མཛུབ་ཁྲིད་བྱས་ཤིང་། ཏ་ཐུང་སྤྱི་བདེ་ཚོང་དོན་གྱིས་རྫོང་མི་དམངས་ཞིབ་དཔྱོད་ཁང་སྔོན་ལ་ཞུགས་སུ་བཅུག་ནས་གྱོད་གཞི་བདེ་བླག་ངང་མྱུལ་ཞིབ་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་ཆེན་པོ་བྱས། བརྟག་དཔྱད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཀྲའོ་ཆེ་གེ་མོ་བཙོན་ཁང་ནས་ཕྱིར་བུད་རྗེས། ཕ་ཡུལ་གཅིག་པ་དང“བཙོན་གྲོགས”སོགས་ཀྱི་འབྲེལ་བ་བེད་སྤྱད་དེ་དོགས་ཡོད་ཉེས་ཅན་དབྱང་ཆེ་གེ་མོ་དང་མཱ་ཆེ་གེ་མོ་ཚའེ། མཱ་ཆེ་གེ་མོ་ཅུན། ཀྲའོ་ཆེ་གེ་མོ་ཏུང་སོགས་བསྡུས་ཏེ། བལྟོས་བཅས་ཀྱིས་གཏན་འཇགས་ཡིན་པའི་ཚོགས་པ་ཞིག་བཙུགས་པ་དང་། གནོད་འཚེ་ཕོག་མཁན་ཁ་ཤས་ཀྱིས་རང་གིས་ཆང་འཐུང་ནས་རླངས་འཁོར་སྐོར་བ་ཤེས་ཚེ། བཅའ་ཁྲིམས་ཀྱི་ཆད་པ་ཕོག་པར་དོགས་ནས་ཁུ་སིམ་མེར་བཟོད་བསྲན་མི་བྱེད་ཀ་མེད་དུ་གྱུར་བས། ཚོགས་པ་དེས་འཇིགས་སྣང་མེད་པར་སྨྱོ་ཧམ་ཆེན་པོས་ནག་ཉེས་བསགས་ཏེ། མཐར་ཀྲའོ་ཆེ་གེ་མོ་ཉེས་ཅན་གཙོར་བྱས་པའི་ཉེས་གསོག་ཚོགས་པ་ཞིག་ཏུ་གྱུར། 

2018ལོའི་ཟླ1པོ་ནས2023ལོའི་ཟླ3པའི་བར། ཚོགས་པ་དེས་ཁྲིམས་འགལ་གྱི་ཁེ་ཕན་རེག་ཐབས་བྱ་ཆེད། ལས་བགོས་སྔོན་འགོད་བྱས་ཏེ་ས་སྲོས་སུ་རླངས་འཁོར་བསྐོར་ནས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར་སོགས་ཀྱི་ནང་མ་དང་ཆང་ཁང་། རོལ་རྩེད་དང་བཟའ་བཏུང་བྱ་ཡུལ་དུ་ཆང་འཐུང་རྗེས་རླངས་འཁོར་སྐོར་མཁན་ཚང་མ་གནོད་འཚེ་བཟོ་བའི་དམིགས་འབེན་དུ་གཏན་འཁེལ་བྱས་རྗེས། རྗེས་སྙེགས་ཏེ་བསམ་བཞིན་དུ་འགྲིམ་འགྲུལ་དོན་རྐྱེན་བཟོས་རྗེས། སྐད་ཆའི་ཐོག་ནས་འཇིགས་སྐུལ་དང་རྙོག་དྲ་སློང་བ། ཉེན་བརྡ་གཏང་རྒྱུའི་འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་སྤྱད་ནས་གནོད་འཚེ་ཕོག་མཁན་གྱི་ལག་ནས་བཙན་ཤེད་ཀྱིས་རྒྱུ་དངོས་བླངས་ཏེ་བསྙད་འདོགས་རྒྱུ་འཕྲོག་གི་བྱ་སྤྱོད་སྤེལ། ལོ5ཡི་རིང་ལ། ཚོགས་པ་དེའི་ཁོངས་མི་ཚོས་དཔུང་བསྒྲིགས་ཀྱིས་ནག་ཉེས་བསགས་པ་སྟེ། སྔ་རྗེས་སུ་རིགས་མི་འདྲ་བའི་རླངས་འཁོར21བརྗེས་ནས་བསྙད་འདོགས་རྒྱུ་འཕྲོག་གི་ཉེས་གསོག་ཐེངས185སྤེལ་བ་དང་གྱོད་འབྲེལ་མ་དངུལ་སྒོར་ཁྲི240ལྷག་ཟིན་ལ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཚབས་ཆེན་དཀྲུགས་ནས་སྤྱི་ཚོགས་སྟེང་ལ་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས། 

ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཉེས་དོན་མཐའ་མའི་འདྲི་གཅོད་ལས་ཁྲུན་ཐག་བཅད་པ་བརྒྱུད། ཀྲའོ་ཆེ་གེ་མོས་བསྙད་འདོགས་རྒྱུ་འཕྲོག་གི་ནག་ཉེས་བསགས་པར་དུས་བཀག་བཙོན་འཇུག་ལོ14དང་ཟླ8ཀྱི་ཁྲིམས་ཐག་བཅད་པ་དང་འབྲེལ་དངུལ་ཆད་སྒོར་ཁྲི30དང་ཆབ་སྲིད་ཀྱི་ཁེ་དབང་ལོ4ལ་བླངས་པ་དང་། གཏུག་ཡུལ་གཞན15ལ་སོ་སོར་དུས་བཀག་བཙོན་འཇུག་ལོ13ནས་ཟླ6བར་གྱི་ཉེས་ཆད་མི་འདྲ་བ་བཅད།