ཡུས་ཧྲུའུ་སྤྱི་བདེ་ཡིས་ནར་མ་སོན་པའི་རྐུན་མ4བཟུང་།
ཟླ10པའི་ཚེས6ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོར་ཁྱེར་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཁང་པའི་ནང་འཛུལ་ནས་བརྐུས་བྱས་པའི་གྱོད་དོན་ཞིག་བདེ་བླག་ངང་རྩད་ཆོད་པ་དང་དོགས་ཡོད་ཉེས་ཅན4འཛིན་བཟུང་བྱས་ཏེ་བརྐུས་པའི་རྒྱུ་ནོར་ཚང་མ་ཕྱིར་བླངས།
ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཆེན་ལ་མངའ་ཁུལ་གྱི་གྲོང་མི་སྐལ་ཆེ་གེ་མོས་གྱོད་དོན་སྙན་སེང་ཞུས་ཏེ། “བློ་མཐུན་ཉེན་རྟོག་པ། སྐུ་ཁམས་བཟང་། ཡུས་ཧྲུའུ་གྲོང་ཁྱེར་ཆོས་ལུང་གཞིས་ཁུལ་དུ་ཡོད་པའི་ངའི་ཁྱིམ་གྱི་སྒོ་བཅགས་ནས་ཉེན་འགོག་སྒམ་དུ་བཞག་པའི་དབྱར་རྩྭ་དགུན་འབུ་སོགས་རྒྱུ་ནོར་བརྐུས་སོང”ཞེས་བཤད། སྙན་སེང་འབྱོར་རྗེས། ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་འཕྲལ་དུ་མི་དམངས་ཉེན་རྟོག་པའི་དཔང་སྡེ་སྒྲིག་འཛུགས་བྱས་ཏེ་དུས་ཐོག་ཏུ་ཡུལ་དངོས་སུ་སོང་ནས་གྱོད་དོན་རྩད་ཞིབ་ཀྱི་བྱ་བ་བསྒྲུབས་པ་དང་། དེ་མིན་མཐའ་འཁོར་དུ་འབྲེལ་ཡོད་དཔང་རྟགས་འཚོལ་སྡུད་དང་ཕྱོགས་བསྡུས་ཞིབ་བརྡར་བྱས་མཐར། བརྐུས་བྱས་པའི་དོགས་ཡོད་ཉེས་ཅན་ཁ་ཤས་གཏན་འཁེལ་བྱས་པར་མ་ཟད། གྱོད་དོན་བཟོ་མཁན་ཚང་མའང་ནར་མ་སོན་པའི་མི་ཡིན་པ་ཤེས་རྟོགས་བྱུང་། གྱོད་དོན་བྱུང་རྗེས་ཀྱི་ཆུ་ཚོད12ནང་རྗེས་ཤུལ་འཚོལ་བ་དང་བཀོད་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་བརྐུས་བྱས་པའི་དོགས་ཡོད་ཉེས་ཅན་ཡེ་ཆེ་གེ་མོ་དང་ཀུན་ཆེ་གེ་མོ། བསྟན་ཆེ་གེ་མོ། བདེ་ཆེ་གེ་མོ་བཅས་འཛིན་བཟུང་བྱས་ཏེ་ཁྲིམས་ལ་སྦྱར།
འདྲི་རྩད་བྱས་པ་བརྒྱུད། ཡེ་ཆེ་གེ་མོ་སོགས་དོགས་ཡོད་ཉེས་ཅན4ཡིས་ཁང་པའི་ནང་འཛུལ་ནས་བརྐུས་བྱས་པའི་བྱ་སྤྱོད་ཀྱི་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས་པར་མ་ཟད། ད་དུང་བརྐུས་དངོས་ཚང་མ་རྩིས་སྤྲོད་ཀྱང་བྱས། མིག་སྔར། གྱོད་དོན་དེ་མུ་མཐུད་དུ་ཐག་གཅོད་བྱེད་བཞིན་པའི་སྒང་རེད།