ཕ་ཡར་མ་ཡར་ཞེས་པ་ནི་ཕྲུ་གུ་གང་ཞིག་གི་ཕ་མ་ཟུང་ལས་ཅིག་ཤོས་ཚེ་ལས་འདས་པའམ་བཟའ་འཐོར་བྱུང་བ། གནས་ངེས་མེད་དུ་བོར་བའམ་འཁྱམས་པའི་དབང་གིས་ཕ་མ་ཟུང་ལས་ཅིག་ཤོས་ཀྱིས་རང་ཉིད་འདོད་བློ་ལྟར་གཉེན་སྒྲིག་བྱས་པས་ན་རང་དང་ཁྲག་རུས་ཀྱི་འབྲེལ་བ་མེད་པའི་མི་ཆ་མེད་ཅིག་ཕྲུ་གུའི་ཕ་མར་གྱུར་བ་ན་ཕ་ཡར་མ་ཡར་ཞེས་འབོད་ཅིང་། གཞུག་ཁྲིད་ཅེས་པ་ནི་ཕ་ཡར་མ་ཡར་ལ་བརྟེན་ནས་བྱུང་བ་ཡིན་པས་ཕ་མ་ཟུང་ལས་ཅིག་ཤོས་དེ་བཟའ་ཚང་ཁ་བྲལ་བྱུང་སྟེ་ཡང་བསྐྱར་མི་གཞན་དང་གཉེན་སྒྲིག་བྱེད་སྐབས་རང་དང་མཉམ་དུ་འཚོ་སྡོད་བྱེད་པའི་ཕྲུ་གུ་དེའི་མིང་ལ་ཟེར།
ཕ་ཡར་དང་མ་ཡར། གཞུག་ཁྲིད་ཀྱི་བྱིས་པ་སུ་ཞིག་ཡིན་རུང་ཕ་མ་གཉེན་སྒྲིག་བྱས་པ་ནས་བཟུང་ཁྱིམ་ཚང་གཅིག་གི་བཟའ་མི་རུ་གྱུར་བས། ཕྲུ་གུས་ཕ་མར་གཉོར་སྐྱོང་དང་ཞབས་ཏོག་བསྒྲུབ་རྒྱུའི་འོས་འགན་ཡོད་ཅིང་། ཕ་ཡར་མ་ཡར་ལའང་གཞུག་ཁྲིད་བྱིས་པ་དེ་གསོ་སྐྱོང་བྱེད་པ་དང་། བྱམས་སྐྱོང་བྱེད་པ། སློབ་གསོ་མྱོང་བར་བྱེད་པ་བཅས་ཀྱི་འོས་འགན་ཡོད་པས། རང་གི་ཕ་མ་དང་བུ་ཕྲུག་ལྟར་འོས་འགན་དང་འགན་འཁྲི་འཁུར་དགོས་པར་མ་ཟད། ཁྱིམ་ཚང་དེའི་བཟའ་མི་ཡོངས་དང་འདྲ་བར་འདྲ་མཉམ་གྱི་དབང་ཆ་ཡོད། དེ་ལ་བཟའ་མི་སུས་ཀྱང་བཙན་ཤུགས་བཀོལ་བའམ་གཏུམ་དྲག་སྤྱོད་པ་བཅས་ཀྱི་མནར་གཅོད་བཏང་མི་ཆོག ཁོ་ཚོར་ཁྱིམ་ཚང་གི་ཐུན་མོང་རྒྱུ་ནོར་གྱི་དབང་ཆ་ལྡན་ལ་རྒྱུ་ནོར་ཤུལ་འཛིན་གྱི་དབང་ཆའང་ཡོད། ལྷག་པར་ཕ་ཡར་མ་ཡར་གྱི་ངལ་རྩོལ་གྱི་ནུས་པ་ཤོར་བའམ་འཚོ་བར་རང་མགོ་ཐོན་མི་ནུས་པའི་སྐབས་སུ་གཞུག་ཁྲིད་ཀྱི་བྱིས་པའི་འཚོ་བའི་གསོ་རྟེན་སྤྲོད་པའམ་གཉོར་སྐྱོང་ཞབས་ཏོག་ཡང་དག་བསྒྲུབ་དགོས་པ་དང་། གཞུག་ཁྲིད་བྱིས་པར་ན་ཚ་བྱུང་བའམ་སློབ་གྲྭར་འགྲོ་བ་བཅས་ཀྱི་སྐབས་སུ་ཕ་ཡར་མ་ཡར་གྱིས་རང་གི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་ལྟར་གསོ་སྐྱོང་གང་ལེགས་བྱ་དགོས།