2020ལོའི་ཟླ4པའི་ཚེས28ཉིན་གྱི་ཞོགས་པར། ལོ་དྲུག་ཅུ་བརྒལ་བའི་རྒན་པོ་འབུམ་བཟང་གིས་སྤྱི་གླིང་དུ་ཁོ་དང་ན་ཚོད་ཅུང་ཆུང་བའི་གཡང་འབུམ་དང་མཉམ་དུ་བྱ་སྒྲོའི་སྤོ་ལོ་རྩེ་སྐབས། གཡང་འབུམ་གྱིས་བརྒྱབ་པའི་བྱ་སྒྲོའི་སྤོ་ལོ་འབུམ་བཟང་གི་མིག་གཡས་པར་ཕོག་ནས་རྨས་སྐྱོན་བཟོས་རྗེས། ཁོས་འཕྲལ་དུ་རྒན་པོ་འབུམ་བཟང་སྨན་ཁང་དུ་བསྐྱལ་ནས་བརྟག་དཔྱད་མཇུག་འབྲས་ལས་མངོན་པ་ལྟར་ན། འབུམ་བཟང་གི་མིག་གཡས་པ་གཤགས་བཅོས་མ་བྱས་གོང་མིག་གི་དབང་རྩ་འཁུམས་ཡོད་ཅིང་། གཤགས་བཅོས་བྱས་རྗེས་གཟའ་འཁོར་ལྔ་ལྷག་ལ་བརྟག་དཔྱད་བྱས་པ་བརྒྱུད་མིག་གཡས་པའི་ཆེས་བཟང་བའི་མཐོང་ཚད་ནི0.05ཡིན།
རྒན་པོ་འབུམ་བཟང་གི་བསམས་པར་གཡང་འབུམ་གྱིས་ཁོ་ལོ་ན་ཆེ་བ་དང་ཚོར་བ་དལ་བ། མིག་ལ་རྨས་སྐྱོན་ཕོག་མྱོང་བ་སོགས་ཤེས་བཞིན་དུ་དོ་སྣང་བྱ་དགོས་པའི་འོས་འགན་ལག་བསྟར་མ་བྱས་པར་ཁོ་ལ་ཤུགས་ཆེན་པོས་སྤོ་ལོས་བརྒྱབ་སྟེ། མིག་གཡས་པར་རྨས་སྐྱོན་བཟོས་ནས་ལོང་བར་བཏང་ལ་ཁད་བཟོས་པ་དེ་ལས་འཛོལ་ཆེན་པོ་བྱུང་བ་རུ་གྲུབ་ཅིང་། གང་ལྟར་གཡང་འབུམ་གྱི་བྱ་སྤྱོད་ནི་ལས་འཛོལ་ཚབས་ཆེན་དུ་མི་གྲུབ་ན་ཡང་ཕན་ཚུན་ཕྱོགས་གཉིས་ཀས་རྨས་སྐྱོན་བཟོས་པར་འདྲ་མཉམ་གྱི་རྩ་དོན་ལྟར་གྱོང་གུད་འཁུར་དགོས་པར་སྙམ། དེ་བས་རྒན་པོ་འབུམ་བཟང་གིས་གཡང་འབུམ་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ནས་སྨན་རིན་དང་ནད་གཡོག་གྲོན་དངུལ། ཟ་མའི་ཁ་གསབ་གྲོན་དངུལ་དང་འཚོ་བཅུད་གྲོན་དངུལ་སོགས་སྤྱི་སྡོམ་སྒོར8000ལྷག་གི་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན།
རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1176པའི་ཚན་པ1པོའི་གཏན་འཁེལ་ལྟར་ན། “རང་མོས་སྒོས་ཉེན་ཁ་ངེས་ཅན་ལྡན་པའི་རིག་རྩལ་གྱི་བྱེད་སྒོར་ཞུགས་ཤིང་། ཞུགས་མཁན་གཞན་དག་གི་བྱ་སྤྱོད་ཀྱི་དབང་གིས་གནོད་སྐྱོན་འཕོག་ན། གནོད་འཚེ་ཕོག་མཁན་གྱིས་བྱེད་སྒོར་ཞུགས་མཁན་གཞན་དག་ལ་དབང་གནོད་འགན་འཁྲི་འཁུར་དགོས་པའི་རེ་འདུན་ཞུས་མི་ཆོག འོན་ཀྱང་དེར་ཞུགས་མཁན་གཞན་དག་གིས་བསམ་བཞིན་དུ་གྱོང་གུད་བཟོས་པའམ་ལས་འཛོལ་ཚབས་ཆེན་ཤོར་བའི་རིགས་འདིའི་ཁོངས་སུ་མི་གཏོགས།
གོང་གི་གྱོད་དོན་འདིའི་ཁྲོད་དུ། བྱ་སྒྲོའི་སྤོ་ལོའི་ལུས་རྩལ་ནི་འགྲན་རྒོལ་རང་བཞིན་གྱི་ལུས་རྩལ་འགྲན་སྡུར་ཞིག་ཡིན་ལ། རྒན་པོ་འབུམ་བཟང་ནི་ལོ་མང་པོའི་རིང་བྱ་སྒྲོའི་སྤོ་ལོའི་ལུས་རྩལ་ལ་ཞུགས་མྱོང་མཁན་ཞིག་ཡིན་པས། རང་ལུས་དང་གཞན་པའི་འགྲན་སྡུར་ལ་ཞུགས་པའི་ནུས་པ་དང་། དེ་བཞིན་ལུས་རྩལ་དེའི་ཉེན་ཁ་དང་གནོད་འཚེ་འབྱུང་སྲིད་པའི་སྐོར་ལ་སྔོན་དཔོག་དང་རྒྱུས་ལོན་ཡོད་དགོས་ཤིང་། ཁོའི་བྱ་སྤྱོད་ནི་ཉེན་ཁར་མ་འཛེམ་པའི་བྱ་སྤྱོད་དུ་ངོས་འཛིན་དགོས། དེར་བརྟེན། གནས་ཚུལ་འདིའི་འོག་ཏུ། གཡང་འབུམ་གྱིས་རྨས་སྐྱོན་བཟོས་པའི་མཇུག་འབྲས་ལ་བསམ་གཟས་པའམ་ལས་འཛོལ་ཚབས་ཆེན་ཡོད་ན་མ་གཏོགས་དབང་གནོད་འགན་འཁྲིའི་སྐྱིན་ཚབ་གཞལ་འགན་འཁུར་མི་དགོས། “ལས་འཛོལ་ཚབས་ཆེན”ཞེས་པ་ནི་བྱ་སྤྱོད་སྤེལ་མཁན་གྱིས་མི་དཀྱུས་མའི་གཞི་རྩའི་དོ་སྣང་འོས་འགན་མ་བསྒྲུབས་པ་ལ་ཟེར། རྩལ་འགྲན་ལུས་རྩལ་ཁྲོད་དུ་དོ་སྣང་བྱ་དགོས་པའི་འོས་འགན་ནི། སྤྱིར་བཏང་གི་མཉམ་འཇོག་འོས་འགན་ལས་ཅུང་ལྷོད་ཡངས་ཆེ་བའི་ལུས་རྩལ་ཀུན་སྤྱོད་དང་སྒྲིག་སྲོལ་ཁྱབ་ཁོངས་སུ་འཇོག་དགོས། གཡང་འབུམ་ལ་འགྲན་སྡུར་གྱི་སྒྲིག་སྲོལ་དང་འགལ་བའི་གནས་ཚུལ་མངོན་གསལ་མེད་པས། རྒན་པོ་འབུམ་བཟང་ལ་རྨས་སྐྱོན་བཟོས་པར་ནོར་འཁྲུལ་ཚབས་ཆེན་ཡོད་པར་ངོས་འཛིན་བྱ་མི་འོས།