ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་བརྙན་ཐུང་དང་ཆ་འཕྲིན་གྱི་ནང་དོན་ལ་གནད་དོན་ཡོད་རིགས་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་བཞིན་ཡོད་པ་རེད།
ཚེས་12ཉིན་གསར་འགོད་པས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། ཉེ་ཆར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་བརྡ་ཐོ་བཏང་ནས། དུས་ཡུན་ཟླ་བ་གཅིག་རིང“བརྙན་ཐུང་དང་ཆ་འཕྲིན་གྱི་ནང་དོན་ལ་གནད་དོན་ཡོད་རིགས་གཙང་སེལ་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་སྤེལ་ནས་བརྙན་ཐུང་ལས་སྟེགས་སུ་སྣང་ཚུལ་ཟང་ཟིང་མང་པོ་ཐོན་པར་དམིགས་ཏེ་མངོན་གསལ་དོད་པའི་གནད་དོན་ཁག་གསུམ་ལ་གཅིག་སྡུད་བཅོས་སྒྲིག་བྱེད་ཀྱི་ཡོད་པ་རེད།
བརྡ་ཐོ་གཞིར་བཟུང་། གཅིག་སྡུད་བཅོས་སྒྲིག་གི་མངོན་གསལ་དོད་པའི་གནད་དོན་ཁག་གསུམ་པོ་ནི། བརྙན་ཐུང་གི་ནང་དོན་རྫུན་མ་གཏོང་བའི་གནད་དོན་དང་། བརྙན་ཐུང་ནང་ཚུལ་མིན་གྱི་བྱེད་སྤྱོད་སྟོན་པའི་གནད་དོན། བརྙན་ཐུང་ནང་ལྟ་བ་ལོག་པ་སྤེལ་བའི་གནད་དོན་བཅས་རེད། དེའི་ཁྲོད། བརྙན་ཐུང་ནང་ཚུལ་མིན་གྱི་བྱེད་སྤྱོད་སྟོན་པའི་གནད་དོན་ཐད་ཆགས་སྲེད་ཀྱི་བྱེད་སྤྱོད་དང་། མ་རབས་ཐ་ཤལ་གྱི་བྱེད་སྟངས། དྲ་ཐོག་མིང་ཅན་གྱིས་གནག་སེམས་བཅངས་ནས་བྲིན་ཚོང་དང་ཉེན་ཁ་ཆེ་བའི་བྱེད་སྟངས་སྟོན་པ་བཅས་ལ་བཅོས་སྒྲིག་གཙོ་བོ་བྱེད་ཀྱི་རེད།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། བརྙན་ཐུང་ལས་སྟེགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། བརྙན་ཐུང་ལས་སྟེགས་ཀྱི་རིན་ཐང་སྟོན་ཕྱོགས་ལ་ཁྱད་པར་ཡོད་པ་དང་སྤུས་ལེགས་བརྙན་ཐུང་ཉུང་དྲགས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། རྒྱུག་འབོར་བགོ་བཤའི་ལམ་སྲོལ་ལེགས་སུ་བཏང་ནས“དམིགས་ཚད་ལ་གཙིགས་ཆེན་དང་སྤུས་ཚད་ལ་སྣང་ཆུང”དང་། མོས་བསྟོད་བྱེད་ཚད། བརྒྱུད་བསྐུར་བྱེད་ཚད་སོགས་རྒྱུག་འབོར་བགོ་བཤའི་ཚད་གཞིར་འཛིན་རྒྱུ་གཏན་འགོག་བྱེད་དགོས།
བརྡ་ཐོའི་ནང་ཁ་གསལ་བཏོན་དོན། ཆེད་དོན་བྱ་སྤྱོད་སྤེལ་ཏེ་བརྙན་ཐུང་ཁྱབ་ཁོངས་སུ་རིན་ཐང་སྟོན་ཕྱོགས་ཐད་ནོར་འཛོལ་ཤོར་བ་དང་ཚུལ་མིན་གྱི་ནང་དོན་མང་པོ་ཐོན་པའི་སྣང་ཚུལ་ཟང་ཟིང་ལ་གཅིག་སྡུད་བཅོས་སྒྲིག་དང་། བརྙན་ཐུང་ལས་སྟེགས་ཀྱིས་ནང་དོན་ཞིབ་དཔྱད་ཀྱི་ལམ་ལུགས་ལ་ཤུགས་སྣོན་རྒྱག་པར་ལྟ་སྐུལ། བརྙན་ཐུང་འཁོར་རྒྱུག་ཕྱོགས་ཡོངས་ནས་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་བས་སྐོང་བ་དང་འབྲེལ། བརྙན་ཐུང་ལས་རིགས་ཀྱི་འགྲན་རྩོད་ཁོར་ཡུག་ཡག་པོ་ཆགས་པར་སྐུལ་འདེད་དང་ལས་རིགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས།
རྩོམ་སྒྲིག་པ། མང་ག་མཚོ།