ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

བྱིས་པ་འཚུབ་ཐེར་དེས་ཆག་སྒོ་བསླངས་འདུག 

སྤེལ་དུས 2024-01-29 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

         ཉེ་དུས། ཆབ་མདོའི་བྱིས་པ་འཚུབ་ཐེར་ཞིག་གིས་ལག་ཐོགས་ཁ་པར་ནས་རོལ་རྩེད་རྩེ་སྐབས་སྒོར་14000རོལ་རྩེད་ཀྱི་རྩིས་ཐོའི་ནང་བླུགས་འདུག སྟབས་ལེགས་པ་ཞིག་ལ་མི་དམངས་ཉེན་རྟོག་པས་གནས་ཚུལ་དེ་ཤེས་འཕྲལ་བྱ་སྤྱོད་སྤེལ་མཐར་དངུལ་འདི་དག་ཚུར་བླངས་ཐུབ་འདུག    

         གསར་འགོད་པར་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། 2023ལོའི་ཟླ་12པའི་ཉིན་ཞིག་ལ་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འབུམ་པ་ཤང་གི་མང་ཚོགས་བྱམས་ཆེ་གེ་མོ་ཤང་མངགས་གཏོང་ཁང་དུ་ཡོང་སྟེ། དངངས་སྐྲག་ཆེན་པོས་ངའི་དངུལ་ཁང་གཱ་ནང་གི་སྒོར་14000ཡོད་པ་དེ་དག་གང་འདྲ་བྱས་པ་ཡིན་ནམ་ཚང་མ་བསྡད་མི་འདུག ང་ལ་རོགས་རམ་གནང་རོགས་ཞེས་ཞུས།

          སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་བརྟག་དཔྱད་བྱེད་འགོ་བཙུགས། བརྟག་དཔྱད་བྱས་པ་བརྒྱུད། དངུལ་དེ་དག་ཚང་མ་བྱམས་ཆེ་གེ་མོའི་ལོ་བཅུ་ལ་སླེབས་པའི་ཕྲུ་གུས་ལག་ཐོགས་ཁ་པར་གྱི་རོལ་རྩེད་ཀྱི་རྩིས་ཐོའི་ནང་དུ་བླུགས་པ་ཤེས། 

         དེ་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་དངུལ་བླུག་སའིའབྲེལ་ཡོད་རྩིས་ཐོ་དང་དངུལ་གང་དུ་བླུག་མིན་སོགས་ཀྱི་ཆ་འཕྲིན་ལ་ཞིབ་བསྡུར་བྱས་པ་དང་། རོལ་རྩེད་ལས་སྟེགས་ཀྱི་ཞབས་ཞུ་བ་དང་འབྲེལ་བ་བྱས་ནས་འགྲེལ་བཤད་བརྒྱབ་ཅིང་། ཞབས་ཞུ་བས་བརྗོད་པའི་དངུལ་ཕྱིར་སློག་གི་གོ་རིམ་གཞིར་བཟུང་། བྱམས་ཆེ་གེ་མོར་དངུལ་སློག་པའི་རེ་འདུན་ཞུ་ཡིག་འབྲི་རོགས་དང་དངུལ་སློག་པར་མཁོ་བའི་འཛིན་ཡིག་བསྐུར་རོགས་སོགས་བྱས། ཁོང་རྣམ་པའི་རོགས་རམ་འོག བྱམས་ཆེ་གེ་མོར་རོལ་རྩེད་ལས་སྟེགས་དེས་སྒོར་14000ཚང་མ་བསློགས་པ་རེད། 

བྱམས་ཆེ་གེ་མོས། དངུལ་ཚང་མ་རག་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་ངས་ཕྲུ་གུར་གློག་རྡུལ་རོལ་རྩེད་ལ་མགོ་མི་འཁོར་བ་བྱེད་པའི་སློབ་གསོ་ཡག་པོ་རྒྱག་གི་ཡིན་ཞེས་ཤོད་བཞིན་འབུམ་པ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུ་བའི་གོས་དར་ཕུལ། 

 

རྩོམ་སྒྲིག་པ། མང་ག་མཚོ།