《གཞོན་ནུ་དྲུག་གི་རྟོགས་བརྗོད》ཅེས་པའི་བརྩམས་ཆོས་འདི་ནི་རྒྱ་རྩོམ་དང་བོད་རྩོམ་གང་ཡིན་སྐོར་ལ་གསལ་ཆ་མེད་པས། ད་བར་དུ་མཁས་པའི་རྩོད་གཞི་ཞིག་ཏུ་གྱུར་ཡོད། གལ་ཏེ་རྒྱ་རྩོམ་བོད་ཡིག་ཏུ་འགྱུར་པ་ཞིག་ཡིན་པའི་དབང་དུ་བཏང་ན། བུ་ཡིག་དང་མ་ཡིག་གཉིས་ཁྱད་མེད་གཅིག་ཏུ་སྣང་བའི་བསྒྱུར་རྩལ་ཐོན་པ་འདི་ལྟ་བུ་ནི་འཛམ་གླིང་དུ་མཐོང་དཀོན་པ་ཡིན། 1980ལོ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་པར་གཞི་ལྟར་ན། མ་རྩོམ་རྒྱ་གཞུང་ཡིན་པ་གང་ཞིག རྩོམ་པ་པོ་ཡང་འཕགས་ཡུལ་སྙན་ངག་མཁན་རྒྱལ་བ་སྡེ་ཡིན་པར་གསལ་ལ། དཔེ་གཞན་ཞིག་གི་གཤམ་དུ་མཚན་གཞན་ཨུ་མ་པ་ཏི་ཞེས་པར་གཞིགས་ན་མཁས་གྲུབ་རྗེའི་《ཐུབ་བསྟན་བྱི་དོར》དུ་ཁམས་པ་དགེ་འདུན་བཟང་པོས་མངའ་རིས་སུ་སྤྱན་དྲངས་པར་གསུངས་པའི་རྒྱ་གར་གྱི་པཎྜིཏ་ཨུ་མ་པ་ཏི་དེ་ཉིད་ཀྱིས་མཛད་པ་ཡིན་འདུག་གོ། ཁ་ཅིག་གིས་མཁས་གྲུབ་རྗེས་མཛད་པར་བཤད་དེ་དཔྱད་བྱའོ།
《རྟོགས་བརྗོད》དེའི་བརྗོད་བྱ་མདོར་བསྡུས་ནི། དེ་ཡང་སྔོན་གྱི་ཚེ་སྣ་ཚོགས་འབྱིན་ཞེས་བྱ་བའི་ཡུལ་ཞིག་ན་བུ་སྤུན་དྲུག་ཡོད་དེ། སྤུན་ཆེ་བ་ནི་གཏི་མུག་གི་རང་བཞིན་ཤུགས་ཆེ་བས་མུན་པ་ཅན་དུ་གྲགས་ལ། སྤུན་གཉིས་པ་ནི་འདོད་པའི་ཡུལ་ལ་ཆགས་པ་ཞིག་བྱུང་བས་འདོད་ལྷའི་བུར་འབོད། གསུམ་པ་ནི་རང་བཞིན་གྱིས་ཁྲོ་ཞིང་ཞེ་སྡང་ཆེ་བས་དྲག་པོར་འབོད། སྤུན་བཞི་པ་ནི་དགེ་བ་ཅན་ཞེས་སྒོ་གསུམ་དུལ་ཞིང་དད་ལྡན་ཤེས་རབ་ཅན་ཞིག་བྱུང་ངོ་། སྤུན་ལྔ་པ་ནི་གཞན་ཕན་ཁོ་ན་སྒྲུབ་མཁན་ཞིག་བྱུང་བས་མཉེས་གཤིན་བཟང་པོར་འབོད། སྤུན་ཐ་ཆུང་ལེགས་པའི་བློ་གྲོས་བྱ་བ་ནི་མཁས་ཤིང་མཛངས་པ་ཞིག་བྱུང་། དེ་ལྟར་སྤུན་དྲུག་པོ་ཁྱིམ་གཅིག་ཏུ་སྡོད་ཅིང་མཐུན་པར་གནས་ནའང་། གཤིས་སྤྱོད་ཐ་དད་དུ་གྱུར་པའི་ངང་དུ་རེ་ཞིག་འདས་པ་ན། སྤུན་ཟླ་དྲུག་རང་གནས་གྲོང་ཁྱེར་ལས་ཕྱིར་བྱུང་ནས་རྒྱལ་ཁམས་འགྲིམ་པ་དང་། རྒྱལ་ཁམས་འགྲིམ་པའི་བརྒྱུད་རིམ་ནང་རང་གཤིས་མི་འདྲ་བའི་སྤུན་དེ་དག་ལས་ཉོན་མོངས་ཀྱི་དབང་དུ་གྱུར་པ་རྣམས་ནི་ལམ་ནས་སྡུག་བསྔལ་རེར་འཕྲད་ཅིང་། སྤྱོད་པ་བཟང་བའི་སྤུན་ལ་གནོད་པས་མ་ཚུགས་སོ། །མཐར་མ་རབས་གཞོན་ནུ་གསུམ་བློ་ཁ་ཆོས་ལ་ཕྱོགས་པ་ལས་འཕྲལ་ཡུན་གཉིས་བདེའི་འབྲས་བུ་ཐོབ་པར་བསྟན་རྗེས་མཇུག་བསྡུས་ཡོད། བརྩམས་ཆོས་འདི་ལས་རྩོམ་པ་པོས་རང་གཤིས་མི་འདྲ་བའི་གཞོན་ནུ་དྲུག་བཞེངས་བཀོད་བྱེད་པའི་ཐབས་ལ་བརྟེན་ནས་ཕྱི་རོལ་ཡུལ་གྱི་སྣང་ཚུལ་ཁག་ལ་ལྟ་ཚུལ་དང་ངོས་འཛིན་མི་འདྲ་བ་བཀོད་ཅིང་། མཚོན་དོན་ཕར་ཕྱིན་དྲུག་བརྗོད་སྙིང་དུ་བྱས་ཏེ་བརྗོད་བྱ་སྤེལ་ཡོད།
《རྟོགས་བརྗོད》འདི་ནི་བོད་ཀྱི་རྩོམ་རིག་ལ་ཤུགས་རྐྱེན་ཟབ་ཤོས་ཀྱི་བརྩམས་ཆོས་ཤིག་དང་། སྙན་ངག་སྦྱོང་བའི་ན་གཞོན་སུས་ཀྱང་ལྟ་ཀློག་བྱེད་པའི་སྙན་ངག་ལེགས་ཤོས་ཤིས་ཡིན་ཏེ། རྗོད་བྱེད་ཡི་གེའི་བརྡ་དག་དང་། མངོན་བརྗོད། སྡེབ་སྦྱོར་ཁོ་ལག་ཡངས་པོར་གྲོལ་ཞིང་། སྙན་ཚིག་རྒྱན་གྱི་བྱེ་བྲག་སྣ་མང་ཕུན་སུམ་ཚོགས་ལ། སྒེག་སོགས་ཉམས་དང་འགྱུར་བའི་མཚན་ཉིད་མངོན་པར་གསལ་བ་བཅས་ཚིག་སྦྱོར་རྨད་དུ་བྱུང་བའི་རྩོམ་དཔེར་གྱུར་པ་དང་ཆབས་ཅིག དེའི་བརྗོད་བྱའང་བོད་ཁམས་ཀུན་ཏུ་ཁྱབ་པའི་སྒྲུང་ཐུང་ཞིག་ཏུ་གྱུར་ཡོད་དོ།