ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

སྐྱེས་རབས་སོ་བཞི་ལས་ཁོང་ཁྲོ་སྐྱེས་པའི་གནོད་པ།

སྤེལ་དུས 2011-11-21 ཡོང་ཁུངས། 《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》 རྩོམ་པ་པོ། ལྗོན་སྨྱུག་ནས་བཤུས།

   
ཁྲོས་པའི་མིག་མདངས།

   ﹙སྐྱེས་རབས་སོ་བཞི་པའི་རྣམ་བཤད་ལས་བཏུསཁོང་ཁྲོ་སྐྱེས་པ་ནི་གདོན་གྱིས་ཟིན་པ་དང་འདྲ་བར་བསྟན་པ་ནི།   རང་གི་སེམས་ཁོང་ཁྲོ་གང་གིས་ཟིལ་གྱིས་ནོན་ན་རང་གི་རྒྱུད་ལ་ཡོད་པའི་དགེ་བའི་བསམ་པ་ཐམས་ཅད་གཏོང་བར་འགྱུར་ལ། ཆོས་དང་འཇིག་རྟེན་གྱི་ཚུལ་ལས་བརྩམས་པའི་དོན་གྲུབ་པ་རྣམས་ཀྱང་ཉམས་པར་འགྱུར་ཏེ། ཁོང་ཁྲོ་དྲག་པོ་སྐྱེས་པས་རང་གི་ཚེ་དང་བསོད་ནམས་ཉམས་པར་འགྱུར་བས་ཚེ་འདིའི་དོན་གྲུབ་པ་རྣམས་ཉམས་པར་འགྱུར་ལ།  ཁོང་ཁྲོས་དགེ་རྩ་བཅོམ་སྟེ་ཁོང་ཁྲོ་དྲག་པོ་སྐྱེས་པའི་མཐུས་བཤེས་གཉེན་ལ་དད་པ་མེད་པར་བྱེད།   གྲོགས་ལ་དག་སྣང་མེད་པར་བྱེད།   ཆོས་ཀྱི་གནས་ལུགས་ལྟ་བའི་བློ་གྲོས་མེད་པར་བྱེད་པས་ཆོས་ཀྱི་དོན་སྔར་གྲུབ་པ་ཐམས་ཅད་ཉམས་པར་འགྱུར་རོ།   །དེ་འདྲ་བའི་ཁྲོ་བ་སྐྱེས་པ་ནི་གདོན་མ་རུང་བས་ཡིད་བསྒྱུར་བ་དང་འདྲའོ།   །རང་གི་སྤྱོད་ཚུལ་ཆོས་དང་མཐུན་པ་ཐམས་ཅད་ཉམས་པར་བྱེད་ལ།   ཚུལ་བཞིན་མིན་པའི་ཡིད་ལ་བྱེད་པ་འབའ་ཞིག་གི་དབང་དུ་སོང་བ་ནི་ངེས་པར་གདོན་གྱིས་ཟིན་པར་འོང་ངོ་།
         
ཁོང་ཁྲོ་ནི་ཕན་བདེ་འཚིག་པར་བྱེད་པའི་མེ་དང་འདྲ་བར་བསྟན་པ་ནི།  ཁྲོ་བའི་ཉེས་དམིགས་གཞན་ཡང་བཤད་པ།   ཁྲོ་བ་ནི་རང་གི་རྒྱུད་བསྲེགས་ཏེ་ཕན་བདེ་ཐམས་ཅན་བརླགས་ནས་ཕུང་བར་བྱེད་པའི་མེ་དང་འདྲ་སྟེ། དཔེར་ན་གཙུབ་ཤིང་གཙུབས་པ་ལས་དྲོད་འབར་ཏེ་མེ་བྱུང་ན། མེ་དེས་གཙུབ་ཤིང་དེ་ཉིད་རབ་ཏུ་འཚིག་པར་འགྱུར་བ་ཅི་འདྲ་བར་ཡུལ་སེམས་ཅན་མ་ཡིན་པ་ཅི་རིགས་ལ་བརྟེན་ནས་རང་གི་ཡིད་དང་མི་མཐུན་པ་བྱུང་ན་ཚུལ་མིན་ཡིད་བྱེད་ཀྱིས་འདིས་བདག་ལ་གནོད་པར་བྱས་སམ། བྱེད་པའམ།   བྱེད་པར་འགྱུར་བའི་སྙམ་དུ་ལོག་པར་རྟོག་པ་ལས་ཡིད་མི་བདེ་ཆེར་འབར་བར་གྱུར་པ་ལས་ཁྲོ་བས་སེམས་འཁྲུགས་པ་ན་སྔར་དཔེ་བཤད་པ་དེ་བཞིན་དུ་ཁྲོ་བ་དེས་རང་གི་རྒྱུད་བསྲེགས་ནས་ཕན་བདེ་ཐམས་ཅད་བརླགས་ཏེ་བག་ཉིད་ཕུང་བར་བྱེད་དོ།   །ཚུལ་མིན་ཡིད་བྱེད་ཀྱི་ལོག་པར་རྟོག་པ་ལས་ཁྲོ་བ་དང་འཁོན་འཛིན་འབྱུང་བ་ནི།   བཤེས་སྤྲིངས་ལས། བདག་ནི་འདིས་སྤྱོད་འདིས་བཏགས་ཕམ་པར་བྱས།   །འདི་ཡིས་བདག་ནོར་ཕྲོགས་པར་གྱུར་ཏོ་ཞེས།   །ཁོན་དུ་འཛོན་པའང་འཁྲུག་ལོང་རྣམས་སྐྱེད་དེ།། ཁོན་འཛིན་རྣམས་སྤངས་བདེ་བར་གཉིད་ཀྱིས་ལོག །ཅེས་གསུངས།   རིན་ཆེན་ཕྲེང་བ་ལས་ཀྱང་།   གནོད་སེམས་བདག་དང་གྲོགས་དང་དགྲའི། །ཕྱོགས་ལ་དུས་གསུམ་དོན་མིན་པའི།   །དོགས་པ་གཞན་ལ་གནོད་པའི་སེམས།   །རྒྱུ་དགུ་ལས་ནི་བྱུང་བ་ཡིན།   །ཞེས་གསུངས་སོ། །
       
 ཁོང་ཁྲོ་ལས་གཏམ་ངན་འབྱུང་བར་བསྟན་པ་ནི།   ཁོང་ཁྲོའི་ཉེས་དམིགས་གཞན་ཡང་བཤད་པ།   ཁྲོ་བ་སྐྱེས་ཏེ་སེམས་རྒྱུད་འཁྲུགས་ནས་གཞན་ལ་ཚིག་ངན་བརྗོད་པ་དང་། གནོད་པ་བྱེད་པའི་བསམ་སྦྱོར་བྱས་ན་རང་ལ་གཏམ་ངན་འབྱུང་སྟེ། ཚུལ་མིན་ཡིད་བྱེད་ཀྱི་མཐུ་ལས་རབ་ཏུ་འབར་ཞིང་རང་གི་རྒྱུད་འཚིག་པར་བྱེད་ཅིང་ཡིད་མི་བདེས་སྙིང་ལ་གདུང་བ་བསྐྱེད་པ་མེ་དང་འདྲ་བའི་ཁྲོ་བ་མ་བཅིལ་ན།   གཉེན་པོ་མི་འགྱུར་བའི་བརྟན་པ་མེད་པར་ཤེས་རྒྱུད་ཡང་བར་གྱུར་པས་ཉོན་མོངས་པས་ཅི་དགར་བསྐྱོད་དེ་ཚེ་འདིར་སྡུག་བསྔལ་དུ་མ་ལ་སྦྱོར་ཞིང་ཕྱི་མར་ངན་སོང་དུ་འཕེན་པ་དང་། སྐྱེ་བོ་ཐམས་ཅད་ཀྱིས་སྨོད་པའི་གཏམ་ངན་འབྱུང་བ་སོགས་འདི་ཕྱི་གཉིས་ཀའི་དོན་ཉམས་པར་བྱེད་པ་ནི་ནངས་པར་ནམ་ལངས་པ་ནི་ཉི་འོད་ཀྱི་མཐུས་ཟླ་བའི་འོད་ཉམས་པར་འགྱུར་བཞིན་ནོ། །
       ཁྲོ་བས་རྒྱུད་འཁྲུགས་ནས་གཞན་ལ་ཚིག་ངན་བརྗོད་པ་སོགས་བྱས་ན་གཏམ་ངན་འབྱུང་བ་ནི།   བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། མ་བུ་གཅིག་པ་ལ་བརྩེ་བ་ལྟར་ཡིད་འོང་གི་བྱམས་པ་བསྐྱེད་པ་ཡིན་པ་ལ།   ཁྲོ་བས་རྒྱུད་འཁྲུགས་ནས་གཞན་ལ་གནོད་པའི་བསམ་སྦྱོར་བྱས་ན་རྒྱལ་བ་སྲས་བཅས་ཀྱིས་སྨོད་པ་དང་།   འགྲོ་བ་ཐམས་ཅད་བསླུ་བར་འགྱུར་བ་སོགས་ཉེས་དམིགས་མཐའ་ཡས་པ་སྤྱོད་འཇུག་ལས་གསུངས་པ་ལྟར་རོ།   །བྱང་ཆུབ་སེམས་པ་ལྟ་ཞོག   ཉན་ཐོས་ཡིན་ནའང་ཁྲོ་བས་རྒྱུད་འཁྲུགས་ནས་གཞན་ལ་གནོད་སེམས་བྱས་ན་རང་གི་ཁས་བླངས་དང་འགལ་བའི་གཏམ་ངན་འབྱུང་སྟེ།   སྡོམ་པ་ལེན་དུས་གཤེ་ཡང་སླར་མི་གཤེ།   ཁྲོས་ཀྱང་སླར་མི་ཁྲོ་བ་སོགས་དགེ་སྦྱོང་གི་ཆོས་བཞི་ལ་གནས་པར་ཁས་བླངས་ནས་དེ་དང་འགལ་བར་བྱས་ན་རྒྱལ་བ་སྲས་བཅས་ཀྱིས་སྨད་པའི་གནས་སུ་མཛད་ལ།   སྐྱེ་བོ་ཕལ་པ་རྣམས་ཀྱིས་ཀྱང་སྨད་པའི་གནས་སུ་བྱེད་དོ།   །ལམ་ལ་མ་ཞུགས་པའི་ཐ་མལ་པ་རྣམས་ལའང་ཁྲོ་བས་རྒྱུད་འཁྲུགས་པར་བྱས་ན་ཁྲོ་གཏུམ་ཅན་ཞེས་ཀུན་གྱིས་སྨད་པའི་གནས་སུ་བྱེད་དོ།།