ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

སྒོམ་པ་བླ་མ་ཏེ་ལོ་པའི་ཆོས་ཀྱི་བསླབ་བྱ།

སྤེལ་དུས 2013-06-07 ཡོང་ཁུངས། དྲ་བ། རྩོམ་པ་པོ། ཨ་ཀྱཱ་འཇམ་དབྱངས་རྒྱ་མཚོ།

                               སྒོམ་པ་བླ་མ་ཏེ་ལོ་པའི་བླང་དོར་ཚུལ་བཞིན་བསྟན་པའི་ངོ་མཚར་བའི་བསྟན་བཅོས།

                                                                                     ཨ་ཀྱཱ་འཇམ་དབྱངས་རྒྱ་མཚོ།

        སྒོམ་པ་བླ་མ་ཏེ་ལོ་པས་བརྩམས་པའི་ཆོས་ཀྱི་བསླབ་བྱ་ནི། བདེ་བ་དང་སྡུག་བསྔལ་ལ་ཐོག་མ་ནས་སྒོ་དང་སྒོ་གླེགས་མེད། གཅིག་ཏུ་མི་རྣམས་ཀྱི་རང་རང་གི་ལས་ལས་འབྱུང་བ་ཡིན། དགེ་བ་དང་མི་དགེ་བའི་འབྲས་བུ་ནི། རང་གི་ལུས་ལ་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། དེས་ན། གནམ་དང་སའི་སྟེང་ན་ཉེས་ལྟུང་དབྱེ་འབྱེད་པའི་ལྷ་རྣམས་ཡོད་ཅིང་། མི་རྣམས་ཀྱི་ཉེས་འགལ་ལོག་པའི་བྱ་བ་ལྕི་ཡང་ལ་དཔགས་ཏེ་ཚེ་ཐུང་བར་བྱེད་དོ། ཚེ་ཐུང་བར་བྱེད་པ་ཙམ་དུ་མ་ཟད། བཀྲེན་ཤིང་ཕོངས་པར་གྱུར་ནས། སྡུག་བསྔལ་གྱིས་ཉམ་ཐག་པར་བྱེད་ཅིང་སྐྱེ་བོ་མང་པོའི་སྨོད་པའི་གནས་སུ་འགྱུར། ཆད་པ་ཉེས་པས་ནོངས་པར་འགྱུར། དགའ་སྤྲོ་དང་བཟང་པོའི་སྤྱོད་པ་ལས་དབེན་ཞིང་འདའ་བར་བྱེད། གཟའ་དྲག་པོས་གནོད་ཅིང་འཚེ་བར་བྱེད། ཚེ་ཐུང་ཟད་ནས་མྱུར་དུ་འཆི་བར་འགྱུར། ཡང་སྐར་མ་སྨེ་བདུན་རྣམས་མི་རྣམས་ཀྱི་སྤྱི་བོར་འོད་ཀྱི་ཚུལ་དུ་གནས་ནས། མི་རྣམས་ཀྱི་བྱ་སྤྱོད་ངན་པ་རྟོགས་པར་བྱས་ཏེ། ཚེ་དང་དབང་ཐང་ཉམས་པར་བྱེད། ཡང་རྣམ་ཤེས་གསུམ་གྱི་བདག་པོ་རྣམས་ཀྱི་རྣམ་པ་དང་ངོ་ཐུག་ནས་རྟོག་པར་བྱེད། ལྕགས་སྤྲེལ་གྱི་ཉིན་ངེས་པར་སྟེང་ལྷའི་ཡུལ་དུ་ཕྱིན་ནས། མི་རྣམས་ཀྱི་འཁྲུལ་བ་ཉེས་བྱས་རྣམས་ཞིབ་པར་ཞུ་བར་བྱེད་དོ། ཟླ་བ་རེ་རེའི་གནམ་སྟོང་གི་ཉིན་ཐབ་ཀྱི་ལྷས་ཀྱང་འདི་བཞིན་ངེས་པར་ཞུ་བར་བྱེད། ཐམས་ཅད་དེབ་ཀྱི་ཡི་གེར་བྲིས་ཏེ་བལྟ་ཞིང་རྟོག་པར་བྱེད། མི་གང་ཞིག་ལ་ལོག་པའི་བྱ་བ་ཡོད་ཅིང་། མི་ཆེན་པོ་ཡིན་ཚེ་དབང་ཐང་ཉམས་པར་བྱེད། མི་ཆུང་ངུ་ཡིན་ཚེ་ཚེ་ཐུང་བར་བྱེད། དེའི་ལོག་པའི་ཉེས་བྱས་ཀྱི་རིམ་པ་བརྒྱ་ཕྲག་མང་ཡོད། གང་ཞིག་རྟག་པར་སོ་ཚིས་ཀྱི་ཚུལ་ལ་མོས་པ་ཉམས། ཐོག་མར་ལོག་པ་ཉེས་སྤྱོད་ལས་བཤོལ་བ་ལ་བརྩོན་ན་ལེགས། ལུགས་སྲོལ་དང་མཐུན་པའི་བྱ་སྤྱོད་ལ་འབད་པ་བགྱིས། ཁྲིམས་འགལ་གྱི་བྱ་སྤྱོད་སྤངས་ཏེ་དོར། གྲོགས་ངན་པ་ལོག་པ་དང་མ་འགྲོགས། མུན་ཁུང་དུ་ཡང་གཡོ་ཐབས་མ་བྱེད། ཡོན་ཏན་དང་དགེ་བ་བསགས་ཏེ་ལེགས་པར་བརྩོན་པར་གྱིས། དངོས་པོ་གང་ལའང་བརྩེ་བས་བསམ་པ་བསྐྱེད། དྲང་པོ་མཐུན་འགྲོགས་ཀྱིས། བརྩེ་གདུང་ནུ་བོ་ལ་བཞིན་དུ་གྱིས། རང་ཉིད་བརྟན་ཅིང་མིའི་ཉེས་བྱས་སེལ་བར་གྱིས། དྭ་ཕྲུག་སྐྱབས་ནས་ཡུགས་ས་མོ་ལ་སྙིང་བརྩེ་བར་གྱིས། རྒན་ཁོག་རྒན་པ་ལ་བཀུར་ཞིང་། བྱིས་པ་ཆུང་ངུ་ལ་གཅེས་པར་གྱིས། འབུ་དང་གྲོག་མ་དང་རྩྭ་ཤིང་གེལ་བ་སོགས་ཡན་ཆད་ནི་ཇི་ལྟར་གྱུར་ཀྱང་བརླག་བར་མ་བྱེད། མིའི་མྱ་ངན་ལ་བརྩེ་བས་ཕན་པ་བསྒྲུབས། མིའི་དགའ་སྟོན་ལ་སྨོན་ཤིང་བསྟོད་པར་གྱིས། མིའི་སེམས་ཁོང་དུ་ཆུད་པ་ལ་ཡིད་གསོ་བར་གྱིས། མི་དབུགས་མ་ཕྱིན་པ་དབུགས་དབྱུང་བར་གྱིས། མིའི་ཁེ་རྒྱལ་ལ་བལྟས་ཏེ། རང་གི་ཁེ་རྒྱལ་ཐོབ་པ་བཞིན་སོམས། མིའི་ཉེས་འགལ་ལ་བལྟས་ཏེ་རང་གི་ཉེས་འགལ་བཞིན་དང་དུ་ལོངས། མིའི་གྲགས་པ་ངན་པ་མ་སྤེལ། རང་གི་བྱ་བ་བཟང་པོ་ལ་རློམ་སེམས་མི་བྱེད། མིའི་བྱ་བ་ངན་པ་སྦས་ནས་བཟང་པོ་ལ་བསྟོད་པར་གྱིས། མང་པོ་བྱིན་ནས་ཉུང་བ་ལེན་པར་གྱིས། སུན་འབྱིན་བྱས་ཀྱང་སེམས་མི་འཁུན། ངོ་སོ་བྱིན་ཀྱང་དེ་ལ་ཡུས་མ་བསྒོམ། ཕན་བཏགས་པ་ཡིན་ཞེས་ལན་ལ་མི་རེ། མི་ལ་བྱིན་ཀྱང་འགྱོད་པ་མ་བྱེད། འདི་ལྟར་སོང་ན། མི་བཟང་པོའི་གྲལ་དུ་ཆུད་པའི་ཕྱིར། མི་མང་པོས་བཀུར་བར་འགྱུར་སྙམ། གནམ་གྱི་ལུགས་སྲོལ་ལྷའི་དབང་པོ་རྣམས་ཀྱིས་མི་མངོན་པར་སྡོང་གྲོགས་བྱེད། བསོད་ནམས་བཀྲ་ཤིས་བརྩེགས་ཞིང་མངོན་པར་བསོག འཐབ་ཅིང་རྩོད་པ་ཐམས་ཅད་དབེན་པར་གྱུར། རྗེ་དང་སྤྲུལ་པས་སྐྱོབ་པར་བྱེད། དོན་དང་བྱ་བ་གང་ཡང་བསམ་པ་བཞིན་འགྲུབ་པར་འགྱུར། དམ་པ་སྤྲུལ་བའི་སྐུ་འགྲུབ་པའི་བསམ་པ་རྫོགས་པར་འགྱུར། ངེས་པར་ལྷའི་སྤྲུལ་པ་དང་བྱང་ཆུབ་ཀྱི་ལམ་དོན་དུ་གཉེར་བར་འདོད་པ་ཡོད་ན། ཆིག་སྟོང་སུམ་བརྒྱའི་གྲངས་ལྡན་གྱི་སྤྱོད་པ་བཟང་པོ་སྦྱངས་པ་གྱིས། ས་ཡི་དབང་ཕྱུག་གི་སྤྲུལ་པ་དོན་དུ་གཉེར་བ་རྣམས་ཡོད་ན། སུམ་བརྒྱའི་གྲངས་ལྡན་གྱི་སྤྱོད་པ་བཟང་པོ་ལ་སྦྱར་པར་གྱིས། འདི་ལྟར་བགྱིས་ན་ངེས་པར་ཉེ་བར་འགྲུབ་བ་མ་སྙམས། ངེས་མེད། སྲོལ་དང་མི་མཐུན་པའི་སྤྱོད་པས་བཀུར་བར་བྱེད་པ་དང་། ལུགས་དང་མི་མཐུན་པར་འགྲོ་བ་དང་། ངན་སྤྱོད་ལ་རློམ་སེམས་བསྐྱེད་པ། བརླག་ཅིང་གཏོར་བའི་སྤྱོད་པ་ལ་རློམ་སེམས་བསྐྱེད་པ། མཁས་པ་བཟང་པོ་མངས་ལ་ལྐོག་ནས་གནོད་པ་བྱེད་པ། རྒྱལ་པོ་དང་ཕ་མ་ལ་མི་མངོན་པར་གཡོ་སྒྱུ་བྱེད་པ། སློབ་དཔོན་ལ་མ་གུས་པ། ཕན་པ་བསྒྲུབ་པའི་མི་ལ་ཅོ་འདྲི་བ། མི་བློ་ཆུང་གི་མགོ་བསྐོར་བ། སྡོམ་ལྡན་གྱི་སྤུན་རྣམས་གཏན་ངན་པས་དམའ་འབེབས་པ་། བརྫུན་དང་རྫུའི་སྒོ་ནས་རྩིང་སྤྱོད་ཀྱིས་འགྲོག ཉེ་བ་ཉེ་འབྲེལ་རྣམས་ལ་ངན་བརྗོད་ཀྱིས་ཤེར་བྱེད་པ་ཁྲེལ་མེད་གཏུམ་ལ་སྙིང་རྗེ་མེད་པ། དྲག་ཅིང་བག་མེད་ཀྱིས་ལང་ལ་ཤོར་བ། དྲང་པོ་མེད་པར་བཟང་ངན་གྱི་ཤན་འབྱེད་པ། ལུགས་སྲོལ་མེད་པར་འཚེ་ཞིང་ཅོ་འདྲི་བ། དམན་པ་རྣམས་ལ་བརྙས་པར་རློམ་པ་བྱེད་པ། དམ་པ་རྣམས་ལ་དབྱེན་སྤྱོས་པ་ལ་ངོ་སོར་བྱེད་པ། གསོལ་རས་ཞུས་ཀྱང་དད་ཞེན་མི་བྱེད་པ། མྱ་ངན་ཅན་ནི་ཤེས་བཞིན་སེལ་བར་བྱེད་མི་ཤེས་པ། ལྷ་དང་འབངས་ལ་ཕྱིན་ནས་སྨོད་པ། ཁྲིམས་རའི་དཔོན་པོ་དཀྲུགས་ནས་འཁྲུག་ལོངས་བསྐྱེད། སྲོལ་མེད་བཞིན་ཅི་དགར་བྱ་དགའ་སྟེར་བ་ཁག་མེད་པ་ལ་རང་འདོད་ཀྱིས་ཆད་པ་འགེལ་བ། མི་བསད་ནས་ཡོ་བྱད་ལེན་པ། མིའི་འབད་པས་རྙེད་པའི་གོ་ས་འཕྲོག་པ། མཐུན་འདོད་ཀྱིས་འོངས་པ་བཅོམས་ནས་གསོད་པར་བྱེད་པ། དྲང་པོ་ཡོན་ཏན་ཅན་ལ་ངན་སྨྲས་ཀྱིས་དབྱེན་བྱེད་པ། དྭ་ཕྲུག་བརྙས་ཤིང་ཡུགས་ས་མོའི་སེམས་ཁོང་དུ་ཆུད་པར་བྱེད། ཁྲིམས་དང་འགལ་ཏེ་རྙེད་པ་ལེན་པ་ལ་བརྩོན་པ། དྲང་པོ་ནི་ལོག་པར་བྱེད་པ། ལེ་ལོ་ཅན་ནི་བཟང་བར་བྱེད་པ། རྙེད་པ་ལ་འཁུན་ཅིང་བསྣན་ནས་ལེན་པ། གསོད་པ་མཐོང་ནས་ལྷག་པར་འདུན་པ། ཉེས་འགལ་ཤེས་བཞིན་མི་འདོར་བ། བཟང་པོ་ཤེས་བཞིན་མི་སྤྱོད་པ། རང་གི་སྤྱོད་ངན་གཞན་བསྐུར་བ། ཐབས་གདམས་པས་ལོག་པར་འདྲིད་པ། དམ་པ་དང་མཁས་པ་རྣམས་ངན་སྨྲས་ཀྱིས་འཐོར་བར་བྱེད་པ། ཤེས་རབ་དང་ཡོན་ཏན་ཅན་ལ་འཚེ་ཞིང་བྱེར་བར་བྱེད་པ། འཕུར་བསྣམས་ལ་མདའ་འཕེན་ཅིང་ཆད་པ་རྣམས་འདེད་པ། མི་མངོན་པའི་འབུ་སྲིན་འབྱིན་པ། སེམས་ཅན་ཐང་ཆད་པ་སྒྲོག་ཏུ་བཅུག་པ། ཁུང་བུའི་སྒོ་བཅད་ཅིང་ཚངས་བཤིགས་མལ་ས་བསྣར་ནས་སྒོ་ང་འཇོམས་པ། མིའི་ནོར་འཁྲུལ་ཡོངས་པ་ལ་འདུན་པ་བསྐྱེད་ཅིང་། མིའི་ཤེས་དྲིན་བཟང་པོ་ལ་ཐབས་ཀྱིས་ཕྲག་དོག་བྱེད་པ། གཞན་ཡིད་ཁོང་དུ་ཆུད་པར་བྱས་ཏེ་རང་ཉིད་ཇི་བདེར་བྱེད་པ། གཞན་གྱི་ཡོ་བྱད་སྟོར་བར་བྱས་ཏེ་རང་གི་ཡོ་བྱེད་སྤེལ་བ། བསྔགས་པ་དང་སྐྱུག་བྲོ་སྤེལ་ནས་གོ་ལྡོག་ཏུ་སྤྱོད་པ། རང་དོན་དུ་ཁྲིམས་དོན་བཤིག་པ། མིའི་ནུས་པ་རང་གི་ནུས་པར་རློམ་པ། མིའི་ལེགས་པ་སྦས་ནས་མཚང་སྒྲོག་པ། གཞན་གྱི་བྱི་བོ་བྱས་པ་ལ་ཤེར་བྱས་ཏེ་ནོར་ལོངས་སྤྱོད་བརླག་པ། མིའི་ཉེ་འབྲེལ་དབྱེ་ནས་མཛའ་བ་ལ་ཕྲག་དོག་པ། མིའི་བྱ་བ་ངན་པ་ལ་ཕན་བཏགས་ཏེ་རང་ཉིད་ཁེངས་པ་བསྐྱེད་པ། མི་ལ་ངོ་ཚ་འབྱིན་པ་བཟང་པོར་རྩི་བ། མིའི་ཞིང་དང་འབྲུ་སྣ་གཞོམ་པ། མིའི་མཛའ་བོ་དང་ཕྱེ་སྟེ་རང་དོན་གྲུབ་པ་དང་ཁེངས་པ་བསྐྱེད་པ། ཐབས་ཟད་ལས་འདས་པ་ཙམ་ལ་ངོ་མ་ཚ་བ། བཟང་ཁག་ཡོད་ན་རང་ཉིད་ལེན་པ། འཆུག་པ་ཡོད་ན་གཞན་ལ་འགེལ་བ། སྡུག་བསྔལ་ནི་མི་ལ་སྤོས་ནས་ངན་པ་ནི་གཞན་ལ་འགེལ་པ། བསྟོད་ར་སྟོང་པ་ལ་རེ་ནས་སེམས་ངན་འཆང་། མིའི་བྱ་བ་བཟང་པོ་མནན་ནས། རང་ཉིད་ཞེ་སྡང་སྤྱོད་ངན་མངོན་པར་འབྱིན། གཟི་བརྗིད་ལས་ཀའི་ཤེད་ཀྱིས་ཁྲལ་བཀལ་ཏེ་ཡི་མུག་པར་བྱེད་པ། རྩུབ་ཅིང་འཁྲེན་པའི་བསམ་པས་རང་འདོད་ཀྱིས་སྐེམས་ཤིང་གཞོམ་པར་བྱེད་པ། དགོས་བ་མེད་པར་ཚོད་ལས་འདས་པར་དྲས་ཤིང་འདྲལ་བ། མི་རིགས་བཞིན་དུ་གསོད་ཅིང་བཙོས་ནས་བཀོལ་བ། འབྲུ་སྣ་ལྔ་འཕང་བ་མེད་པར་གཏོར་བ། མི་མང་བོར་རང་འདོད་ཀྱིས་ཤག་འགྱེད་པ། མིའི་གུར་དང་ཁང་བ་བཤིག་ཅིང་གཏོར་བ། དེའི་ཞོར་ལ་ནོར་ལོངས་སྤྱོད་ཧམ་པས་ལེན་པ། མིའི་ཁང་པ་དང་ནོར་རྫས་ཆུ་དང་མེས་ཞིག་པར་བྱེད་པ། ཁྲིམས་ཡིག་གི་ཚད་འཁྲུག་པར་བྱས་ནས་བརྗེས་ཏེ་མིའི་དྲིན་དང་ཤེད་ཀྱི་རྒྱུན་ཉམས་པར་བྱེད་པ། མིའི་མཚོན་ཆ་གཅོག་ཅིང་། མི་ལ་མཁོ་དུས་བྲེལ་དུ་འཕྱུག་པ། མིའི་གཙོ་བོ་ངོ་ཆེན་དུ་གྱུར་བ་མཐོང་ནས་ཉམས་སྨོད་པར་བྱེད་ཅིང་། སྤྱུག་པའི་བསམ་ངན་གྱིས་ཆུད་པར་བྱེད་པ། གཞན་གྱིས་འབྱོར་བ་མཐོང་ནས། ལྡོག་ཅིང་གཏོར་བའི་བསམ་པས་བརྣབ་སེམས་བསྐྱེད་པ། གཟུགས་མཛེས་པའི་མི་མཐོང་བ་ཙམ་གྱིས་འདོད་ཆགས་སྐྱེས་ཏེ་འགྲོགས་པ། མིའི་རིགས་བརྒྱུད་ཆད་པར་ཉེ་བ་མི་དེ་ཉིད་འཆི་བ་ལ་ནང་ནས་འདོད་པ་བསྐྱེད་པ། སློང་མོ་བྱས་པ་འདོད་པ་བཞིན་མ་བྱུང་ན། ལྷག་པར་ཁྲོ་ཞིང་བསྡིགས་མོ་བྱེད་པའི་བསམ་པ་བསྐྱེད་པ། མིའི་སྤྱོད་ངན་མཐོང་ཙམ་གྱིས། དེའི་འཁྲུལ་བ་ལོག་པ་སྔོས་ཏེ་སྙིང་ཚིམ་བྱེད་པ། མི་གཟུགས་མི་སྡུག་པ་མཐོང་ནས་ནང་ནས་ཁྱད་གསོད་ཀྱིས་འཕྱེ་བ། མིའི་ཡོན་ཏན་དང་ཕུལ་དུ་བྱུང་བ་མཐོང་ནས་སྡང་ཞུགས་བྱེད་པ། ཡང་ན་ཐབས་དང་གདམས་པས་འཁྲམ་བྱེད་པ། དུག་སྨན་སྦྱར་ནས་རྩི་ཤིང་སྐེམས་པར་བྱེད་པ། དགེ་རྒན་དང་གྲོགས་ལ་འཁོན་བརྡས་ཏེ་བསྡིགས་མོ་བྱེད་པ། ཕ་དང་ཕུ་བོ་་བསྙོན་བཙུག་སྟེ་མགོ་ཐུག་བྱེད་པ། རྙེད་པ་དང་ལེན་རྒྱུ་ཡོད་སར་བརྩོན་པས་འགྲོ་བ། འཕྲོག་པ་དང་དབང་བའི་གནས་སུ་རང་ཉིད་ཐུག་ནས་ངོས་ཀྱིས་རྩོད་པ། མི་ཚང་ཕྱུག་པོ་མཐོང་ནས་རྒྱུག་པ། ཁ་བསག་དབྱེན་གྱིས་འཇབ་བུས་ངོ་ལོན་པར་འདོད་པ། བདག་རྐྱེན་དང་ཆད་པ་མི་སྙོམས་པ། སྐྱིད་སྐྱིད་རྩེ་དགའ་ལ་ཚོད་མེད་པ། དམན་པའི་འབངས་ལ་རྒྱུན་དུ་འཁྲེན་ཅིང་གཏུམ་པས་སྐྲག་པར་བྱེད་པ། གནམ་ལ་ལེ་ལན་བདའ། མི་ལ་དམོད་མོ་འདྲེན། རླུང་འཚུབ་ལ་སྡིགས་མོ་བྱེད། ཁ་ཆར་ལ་སྡིགས་མོ་བྱེད། འཐབ་ཅིང་བརྡུང་བ། ཁ་མཆུ་སློང་བ། འཚོགས་ནས་ཆང་འཐུང་ཏེ་འགྲོགས་ཅིང་འདྲིས་པར་བྱེད་པ་དང་། ཆེན་ཆུན་གྱི་དཀྲུག་ཤིང་ལ་ཉན་ཏེ་ཕ་མའི་བསྒོ་བ་ལས་འདའ་བ། གསར་བ་རྙེད་ནས་རྙིང་བ་འདོར་བ། ཁ་ནས་སྨྲས་ཀྱང་སེམས་ནས་སྨོད་པ། ནོར་རྫས་ལ་སྐམ་ཆགས་ཀྱིས་བློན་པོ་མཆོག་ལ་གཡོ་སྒྱུས་བསླུ་བ། ཆགས་སེམས་ཀྱིས་བཙོག་གཏམ་བསྒྲིགས་ནས་མཚུངས་པའི་གྲོགས་ལ་འཁྲུགས་སློང་བྱེད་པ། ནམ་ཡང་མིའི་མགོ་བསྐོར་བ་དྲང་པོར་བསམ་པ། རྒྱུན་པར་དམ་པ་རྣམས་ལ་སྨོད་པ་དྲང་པོར་བརྩི། འཛངས་པ་དོར་ནས་དྲེག་པ་དང་འགྲོགས། འདྲིས་པ་དང་འཕྲལ་ནས་རིང་བ་དང་འགྲོགས་པ། གནམ་སའི་ཤེད་བཟུང་སྟེ་དམའ་འབེབས་པའི་བསམ་པ་ཚོར་མེད་དུ་འཕར་བ། དམ་པ་རྣམས་ཀྱི་ངོ་མཚར་བགྲང་ནས་བྱ་བ་ཕྲན་བུ་ལྷག་པར་ཐབས་ཀྱིས་ཡིད་ད་ཆེས་བྱེད་པ། ཡང་ན་ནོར་རྫས་སོགས་བྱིན་རྗེས། སླར་ཡང་མངོན་ཆུང་གིས་སྲེད་ཅིང་འགྱོད་པ། ཡང་མགོ་བསྐོར་ཏེ་གཡར་པོ་བྱས་བླང་སྟེ་སྐྱིན་ཚབས་མི་འཇལ་བ། རང་ཚོད་ལས་འདས་པར་བྱིན་ཀྱང་སླར་ཡང་སློང་མོ་བྱེད་པ། གཟི་བརྗིད་ཀྱིས་ཁེངས་ཏེ་འདོད་རྒྱལ་དུ་འགྲོབ། ཆགས་པའི་གཏམ་ལ་ཚོད་ལས་འདས་པ། སེམས་གཏིང་ངན་བཞིན་དུ་ངོ་འཛིན་དུ་བཟང་པོར་སྟོན་པ། མི་གཙང་བའི་ཟས་མི་ལ་ཟར་བཅུག་པ། འཁྱོག་པོའི་ལུགས་ཀྱིས་མང་པོ་བསླུ་བ། འཇལ་བྱེད་དང་ཚད་རིང་ཐུང་དུ་གཏོར་བ། ཉག་སྲང་དང་བྲེ་ཤིང་ཇེཆུང་དུ་བསྒྲུབ་པ། བདེན་བརྫུན་བསྲེས་ནས་ནོར་རྫས་དང་མིང་གྲགས་ཐབས་ཀྱིས་ལེན་པ། བུད་མེད་ཆེན་མ་ཐབས་ཀྱིས་དམའ་ཕབ་སྟེ་བྲན་དུ་བཀོལ་བ། དམངས་གླེན་ལྐུགས་ནི་མགོ་བསྐོར་ཏེ་འཁྲུལ་བར་བྱེད་པ། བརྣམ་སེམས་བསྐྱེད་དེ་ཆོག་མི་ཤེས་པ། མི་མ་ཡིན་དང་སྔགས་བརྫུས་སེམས་འགོངས་པ། ར་བཟི་སྟེ་འཁྲུལ་བའི་སྤྱོད་པས་འགྲོ་བ། ཉེ་བ་ཉེ་དུའི་ངན་བརྗོད་དེ་འགྲན་ཟླ་བྱེད་མི་གཡོ་བར་བྱེད་པ། འགའ་ཞིག་སྐྱེས་པ་ཡིན་ཀྱང་སེམས་རྒྱ་བསྐྱེད་པར་མི་བྱེད་པ། འགའ་ཞིག་བུད་མེད་ཡིན་ཀྱང་བརྟན་པའི་རྣམ་པ་མི་བསྲུང་བ། བཟའ་ཚང་ནང་མི་གཤིན་པ། རང་གི་ཁྱིམ་ཐབ་ལ་བཀུར་བ་མི་བྱེད་པ། རྩུབ་ཅིང་རྣམ་འགྱུར་ལ་བརྩོན་པས་ཕྲག་དོག་ཏེ་འཕྱར་ཁ་གཏོང་བ། ཆུང་མ་དང་བུའི་དབང་གིས་བྱ་སྤྱོད་གཡེལ་ནས་དགྱོས་རྒྱུག་གི་གམ་དུ་ལུགས་སྲོལ་ལས་འདས་པ། སྔོན་གྱི་ཕ་མེས་རྒན་ཁོག་རྣམས་ལ་རིང་ཞིང་དམན་པ་བལྟ་བ་དང་། གནམ་གྱི་སྤྲུལ་པ་རྣམས་དང་འགལ་ཞིང་འགྲན་པར་བྱེད་པ། ཞལ་ལྕེ་གཅོད་པའི་ཚེ་ཕན་གྲོགས་མི་སེམས་པ། འཕེན་པ་ནི་རྒྱུན་དུ་ཕ་རོལ་ལ་འཚེ་བར་སེམས་པ། རང་ལ་འཁུན་ནས་མི་ལ་ངན་སྨྲས་བྱེད་པ། ཁ་འཛིན་བྱས་ཏེ་ཞེ་ཁྲེལ་བྱེད་པ། ཟུར་ནས་ཁ་འཛིན་བྱས་ཏེ་སྐྱོངས་པ། ཁྲོན་པ་དང་ཐབ་ལ་འགོམ་ཡུག་གིས་འགྲོ་བ། མི་དང་ཟས་ལ་འགོམ་ནས་འདའ་བ། མིའི་སྦྲུམ་མ་ལྟུང་བར་བྱེད་ཅིང་། རང་གི་རྩིང་སྤྱོད་མནན་ནས་སྦས་པ། ལོ་གསར་སྐར་བཟང་གི་དགོས་པ་མེད་པར་རྒྱུན་དུ་གླུ་དང་རོལ་མོ་བྱེད་ཅིང་། ཚེས་གཅིག་བཅོ་ལྔ་ལ་དགོས་པ་མེད་པར་འཁུན་ཅིང་ཡིད་ཁོང་དུ་ཆུད། བྱང་ཕྱོགས་ལ་བལྟས་ཏེ་མཆིལ་མ་འདོར་ཞིང་བསྡིགས་མོ་བྱེད་པ། ཐབ་ཀྱི་ཐད་དྲང་དུ་བལྟས་ཏེ་གཅིན་གཏོང་ཞིང་ངུ་བ། ཡང་ན་ཐབ་ཏུ་གསོས་པའི་མེ་ཕྱུང་སྟེ་སྤོས་སྦར་བ། བུད་ཤིང་མི་གཙང་བ་བླང་ཏེ་མེ་ལ་བསྲེག་པ། ཡང་ན་མཚན་མོ་ལངས་ནས་གཅེར་བུར་ཕྱི་རོལ་ཏུ་འགྲོ་བ། བཀྲ་ཤིས་པའི་ཉི་མ་བརྒྱད་ལ་སྲོག་ཆགས་གསོད་པ། ཡང་ན་སྐར་མ་མཇུག་ཕོད་ལ་མཆིལ་མ་འདོར་བ། འཇའ་དང་གློག་ལ་མཛུབ་མོ་གཏོད་པ། སྐར་མ་སྨིན་དྲུག་ལ་མཛུབ་མོ་གཏོད། ཉི་མ་ཟླ་བའི་གན་དུ་སྡང་མིག་བལྟ་བ། དཔྱིད་དུས་སུ་འཇབ་ནས་རི་དྭགས་བདའ་བ། དགོས་པ་མེད་པར་སྦྲུལ་དང་སྦལ་བ་བཟུང་ནས་གསོད་པ། རྣམ་པ་སྣ་ཚོགས་པའི་ལོག་པའི་ཉེས་སྤྱོད་ལ་ནི། ལུང་གིས་བསྐོས་པའི་ལྷས། མི་དེའི་རང་ཉིད་ཀྱིས་བྱས་པའི་ཉེས་པ་ལྕི་ཡང་དང་བསྟུན་ཏེ། མི་དེར་ཚེ་དང་དབང་ཐང་ཉམས་ཤིང་འཛད་པར་བྱེད་དོ། ངེས་པར་ཟད་པར་བྱས་མ་ཐག་འཆི་བར་འགྱུར་རོ། འཆི་བའི་བར་དུ་མྱོང་མ་ཟིན་པའི་ལས་ངན་ཡོད་ཚེ་ཡང་བུ་དང་ཚ་བོས་མྱོང་བར་འགྱུར། ཡང་ལྷག་པར་སྐྲག་པར་བྱ་བའི་འོས་ནི། མིའི་ནོར་རྫས་མགོ་མནན་ཏེ་སྐམ་ཆགས་ཀྱིས་ལེན་པར་བྱེད་ན། མི་དེའི་ཆུང་མ་དང་བུ་ཚ་ཡུག་རྣམས་ཀྱི་གུར་ནོར་ཕྱུག་རྣམས་ཀྱང་བཙིས་ཏེ་ཆ་མཉམ་དུ་བྱས་ཏེ་འཚབ་བཅུག་ནས། རིམ་པ་རིམ་པ་བཞིན་ཚེ་མཐར་མི་ཕྱིན་པར་འཆི་བར་འགྱུར། མྱུར་དུ་གློ་བུར་ཤི་བར་མ་གྱུར་ན་ཡང་། ངེས་པར་འགྱུར་བ་མེད་པར་མེ་དང་ཆུའི་འཚེ་བ་སྟེར་བར་བྱེད་དོ། ཆོམ་པོ་འཁྱམ་པ་ཇག་པ་ཧོར་འདྲ་རྣམས་དང་འཕྲད་པར་འགྱུར། ཁང་གུར་ནི་འཐོར་ཞིང་འབྲལ་བར་བྱེད། ལུས་ནི་ནད་རིམས་ཀྱིས་འཛིན་པར་འགྱུར། ཁྱིམ་ནང་དུ་ཕན་ཚུན་ངན་བརྗོད་ཀྱིས་ཁ་མཆུ་གཡོ་བར་བྱེད། འདི་ལྟ་བུའི་ལན་ཆགས་ཡང་མོས་མི་དེའི་སྤྱོད་པ་ངན་པ་དང་འགྲན་པར་འགྱུར། ལྷག་པར་སྐྲག་དགོས་ནི་མིའི་སྲོག་ནི་མཚོན་ཆས་རྒྱབ་སྟེ་བསད་ན། ད་ལྟ་ཉིད་དུ་མཚོན་ཆ་བཟུང་ནས་འཁྲུག་རྩོད་ཀྱིས་གསོད་པར་བྱེད་པ་ལ་སླེབ་པར་འགྱུར། ཡང་། ལུགས་སྲོལ་མེད་པར་ནོར་ལོངས་སྤྱོད་ལེན་པ་ནི། དཔེར་ན། ཤ་རུལ་བ་སླད་ནས། ལྟོག་བཀྲེན་རྣམས་གསོ་བར་བྱེད་པ་དང་། ཆང་དུག་ཅན་བཟུང་ནས་སྐོམ་གདུང་ཅན་རྣམས་ཀྱི་སྐོམ་པ་སེལ་བ་དང་ཁྱད་མེད། མིག་སྔུན་དུ་ཡུད་ཙམ་འཇིགས་པ་ལས་འདས་པར་བྱས་པ་ཡིན་ཀྱང་མྱུར་བ་ཉིད་དུ་འཆི་བར་བྱེད་དོ། འདི་ལ་བལྟས་ན་མི་གང་ཡང་། བསམ་པ་བཟང་པོར་བལྟས་ན། བཟང་པོར་འགྲོ་བ་འགོར་ན་ཡང་འགོ་བའི་ལྷ་རྣམས་ངེས་པར་འབྱོན་པར་འགྱུར། ངེས་མེད་བསམ་པ་ངན་པ་ལ་ཞུགས་ན། ངན་པར་འགྲོ་བ་འགོར་ཀྱང་། དྲག་པོའི་གཟའ་ངེས་པར་རྗེས་སུ་འབྲང་ནས་ཡོངས། འབངས་དམངས་མ་འགའ་ཞིག་གི་ནང་ན། ངན་པར་སོང་བ་ཡིན་བྱས་ཀྱང་། ལྐོག་ནས་འགྱོད་ཅིང་ཤེས་ཏེ་འདོར་བར་བྱེད་ཅིང་། བྱ་བ་ངན་པ་གང་ཡང་ཇི་ལྟ་བྱུང་ཀྱང་། འཇིགས་སྐྲག་མེད་པར་ཡང་སྐྱར་དུ་འགྲོ་བ་མེད། དགེ་བའི་བྱ་བ་བཟང་པོ་རྣམས་བཙལ་ནས་གུས་པས་རྗེས་སུ་འབྲང་ཏེ་འགྲོ་བར་བྱེད་བཞིན་དུ། དགའ་ཞིང་སྐྱིད་པའི་བསོད་ནམས་བཟང་པོ་ལྷུན་གྱིས་ཐོབ་པར་འགྱུར་རོ། འདི་ལྟ་བུ་རྣམས་ནི། ཐམས་ཅད་སྡུག་བསྔལ་ནི་ཟད་པར་བྱེད་ཅིང་བསོད་ནམས་བསྣན་པོར་འགྱུར། ཞེས་པ་ནི་འདི་ཉིད་ཡིན་ནམ། དེས་ན་བཟང་པོ་གཏམ་བཟང་པོ་སྨྲ་ཞིང་བཟང་པོར་ཕྱོགས་ཏེ་བཟང་པོར་སོང་ནས། ཉི་མ་གཅིག་ལ་བཟང་པོ་སྣ་གསུམ་སྤྱོད་ན། ལོ་གསུམ་ཚུན་གྱི་ནང་དུ། གནང་གྱི་སྤྲུལ་པས་ལྷོད་པ་མེད་པར་བསོད་ནམས་སྟེར་བར་འགྱུར། མི་ངན་པ་གཏམ་ངན་པ་སྨྲ་བཞིན། ངན་པར་ཕྱོགས་ཏེ་ངན་པར་སོང་ནས། ཉི་མ་གཅིག་ལ་ངན་པ་གསུམ་པ་བྱས་ན། ལོ་གསུམ་ལས་མི་འདའ། གནམ་གྱི་རྗེ་བོས་འགྱུར་བ་མེད་པར་ལོག་པར་བརྟགས་ཏེ་སྡུག་བསྔལ་སྟེར་བར་བྱེད། གནམ་གྱི་ལུགས་སྲོལ་འདི་ལྟར་བཙན། སྐྲག་པའི་འོས་མ་ཡིན་ནམ། སེམས་ཅན་ཁྱེད་རྣམས། ཅིའི་ཕྱིར་ཕན་པའི་སྤྱོད་པ་ལ་བརྩོན་པར་མི་བྱེད། ཞེས་སོ།།