ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

རྟོགས་བརྗོད་གསེར་གྱི་མེ་ཏོག

སྤེལ་དུས 2011-11-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཡོངས་འཛིན་བློ་བཟང་དཔལ་ལྡན།

དེ་ཡང་མདོ་ཁམས་གཡར་མོ་ཐང་ཞེས་བྱ་བའི་ཞིང་ཁམས་གྲགས་པ་དཀར་པོའི་མེ་ཏོག་གི་ཕྲེང་བ་གནའ་བོའི་དུས་ནས་མ་རྙིང་བའི་ལྷོ་རྒྱུད་ན། གསེར་ལྡན་སའི་ཐིག་ལེ་སྙིང་པོར་ཆགས་པ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དོན་དང་བཅས་པའི་གྲགས་པ་འཇིག་རྟེན་ན་ཆེ་བའི་དཔལ་གྱིས་སྒེག་པ། ལྷའི་གྲོང་དང་གྲོང་ཁྱེར་ས་གཞི་ལ་རྒྱན་དུ་བཀོད་པ་ལྟ་བུ་ཞིག་ལྷུན་ཆགས་སུ་མཆིས་སོ། །གང་གི་ལྟེ་བར་རྣམ་པར་རྒྱལ་བའི་ཁང་བཟང་ལ་ཡང་ཅོ་འདྲི་བ་ཤར་བླ་བྲང་ནོར་བུའི་གྲུ་འཛིན་ཞེས་བྱ་བའི་ཕོ་བྲང་སྡེ་བཞིའི་ཕུན་ཚོགས་མི་ཟད་པའི་རྒྱ་མཚོ་གཡས་སུ་འཁྱིལ་བའི་གཞལ་མེད་ཁང་ཆེན་པོ་ན། སྤྱན་རས་གཟིགས་དབང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ངུར་སྨྲིག་གར་དུ་རྩེན་པ་རྣམ་འདྲེན་བླ་མ་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་གང་གི་སྤྲུལ་པའི་རབས་བདུན་པ་ཆེན་པོ༧སྐལ་ལྡན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་རྒྱལ་ཞེས་མཚན་ཙམ་ཡང་སྲིད་ཞིའི་རྒྱན་དུ་གྱུར་པ། གང་ཉིད་སྡོམ་བརྩོན་ཆོས་ཀྱི་རྒྱལ་པོ་ཆེན་པོའི་རྣམ་ཐར་རྩོལ་མེད་ཤུགས་འབྱུང་དུ་རྒྱས་ཏེ་བསྟན་སྲིད་ཀྱི་ཁུར་འཁྱེར་བ་ལ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་ཟླ་དང་བྲལ་བའི་དཔལ་མངོན་དུ་མཛད་དེ་བཞུགས་སོ། །རབ་བྱུང་བཅུ་དྲུག་པའི་བགྲང་བྱ་བཅུ་བ་འཛིན་བྱེད་ཅེས་པ་མེ་ཕོ་བྱི་བའི་ལོའི་དཔྱིད་ཀྱི་དུས་ཕུན་སུམ་ཚོགས་མངོན་དུ་གྱུར་བའི་སྐབས་ཉིད་ན་དགོངས་པ་འདི་ལྟར་འཁྲུངས་ཏེ། སྔོན་ལྷ་མ་ཁུ་དབོན་དང་འབྲོམ་རྒྱལ་བའི་འབྱུང་གནས་སོགས་ཀྱིས་ལྷ་གཅིག་དྰི་བམ་ཀ་ར་ཤྲྰི་ཛྙྰ་ན་སྤྱན་ཇི་ལྟར་དྲངས་པ་དེ་ལྟར་དུ་དུས་འདིར་ཡང་སྣང་བ་མཐའ་ཡས་དཔལ་མར་མེ་མཛད་ངུར་སྨྲིག་གི་རྣམ་པར་རོལ་པ༧པཎ་ཆེན་ཆོས་ཀྱི་རྒྱལ་པོ༧བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣལ་རྒྱལ་དཔལ་བཟང་པོ་འཁོར་ཁྲི་ཕྲག་མང་པོ་དང་བཅས་པ་ལུགས་གཉིས་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་གནས་འདིར་བྱོན་ན་ཅི་མ་རུང་སྙམ་པའི་བཞེད་པ་ཆེས་ཆེར་ཤར་རོ། །དེའི་ཚེ་ན་སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་མངའ་བ་པཎ་ཆེན་སྣང་བ་མཐའ་ཡས་དཔལ་ཨ་ཏི་ཤ་ཆེན་པོ་དེ་ཉིད་ནས་ཀྱང་ཚུལ་དེ་ཉིད་ཕྱག་མཐིལ་གྱི་རི་མོའི་རྣམ་པ་ཇི་ལྟ་བ་བཞིན་གསལ་བར་གཟིགས་ཏེ། རང་གི་སྲས་ཀྱི་ཐུ་བོའི་བཞེད་པ་དོན་ཡོད་པར་བྱ་བ་དང་ཡབ་སྲས་ཀྱིས་སྔོན་ཇི་ལྟར་སྨོན་པའི་འབྲས་བུ་ཡང་དག་པར་སྨིན་པའི་དུས་ལ་བབ་པ་མཁྱེན་ཏེ། ལུགས་གཉིས་ཀྱི་སྤྲོས་པའི་རྒྱན་ཐམས་ཅད་རྣམ་པར་བཀོད་དེ་ཕྱི་ནང་གསང་བའི་རྫུ་འཕྲུལ་གྱི་རོལ་པ་ཟད་མི་ཤེས་པའི་ཡོ་ལང་ཕུན་སུམ་ཚོགས་པ་དང་བཅས་ཏེ་བྱོན་པར། སྲས་ཀྱི་ཐུ་བོ་ཉིད་ནས་ཀྱང་མི་བསུས་རྟ་བསུས་མཆོད་བསུས་ཀྱི་རིམ་པ་ཟད་དུ་མེད་པའི་ཕྲེང་བ་ཚར་དུ་དངར་བ། ལྷ་དང་མིའི་ཡུལ་གྱི་སྤྲོས་པ་རྨད་དུ་བྱུང་དག་བ་ལྟ་ཅི་སྨོས། བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་བ་ལས་བྱུང་བའི་རོལ་བ་ཡང་ཟིལ་གྱིས་མནོན་པ། དེ་ལྟ་བུས་བསུས་ཏེ་ཤར་བླ་བྲང་ནོར་བུ་གྲུ་འཛིན་གྱི་གཟིམ་ཆུང་རྣམ་པར་རྒྱལ་བའི་ཕོ་བྲང་གི་ཡང་རྩེར་ཞབས་མཐིལ་བཀྲ་ཤིས་ཀྱི་རི་མོ་མངོན་པར་བཀོད་པ་ན། ཇི་སྐད་དུ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་ཞུ་བའི་མེ་ཏོག་གི་ཆུན་པོ་སྙིམ་པའི་མཐིལ་དུ་བཟུང་སྟེ་ཀུན་ཏུ་བཟང་པོའི་མཆོད་ཚོགས་ཟད་མི་ཤེས་པ་རྒྱ་མཚོའི་སྤྲིན་གྱི་བཀོད་པར་སྤྲོས་ཏེ་གུས་པ་བླ་ན་མེད་པས་བསྙེན་བཀུར། མཉེས་པའི་ཐབས་གསུམ་གྱི་སྒོ་ནས་དགྱེས་པ་བསྐྱེད་དེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བར་གསོལ་བ་ལན་གསུམ་དུ་ཕུར་ཚུགས་སུ་བཏབ་པ་ལྟར། སྟོན་པ་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་པོ་ཡང་ཆོས་ཀྱི་ཁྲི་འཕང་རབ་ཏུ་མཐོ་བ་ལ་འཇིགས་པ་མེད་པ་ཁྱུ་མཆོག་རླབས་པོ་ཆེའི་སྟབས་ཀྱིས་གཤེགས། ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། གསུང་གི་དབང་ཕྱུག་ལ་མངའ་བརྙེས་པའི་རྣམ་པར་བསྐྱོད་དེ། སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་གི་ཆོས་ཆར་དགུང་ནས་ཕབ། གང་ལ་གང་འཚམ་གྱི་མཛད་པ་དུས་ལས་མི་ཡོལ་བས་གདུལ་བར་བྱ་བ་སའི་རྡུལ་གྲངས་དང་མཉམ་པ་སྨིན་གྲོལ་ལ་བཀོད་པ་སོགས་སྐལ་བ་བཟང་པོ་རྫོགས་ལྡན་གྱི་དཔལ་ལས་ལྷག་པ་མངོན་དུ་གྱུར་བའི་ཚུལ་ནི། ངོ་མཚར་རྨད་དུ་བྱུང་བའི་གཏམ་འདིས་བརྗོད་པར་བྱ་བའི་གཞི་དམ་པ་ལགས་སོ། །འཛམ་བུའི་རྒྱལ་མཚན་སྲིད་པའི་རྩེ་མོ་ལས། །རྣམ་པར་གཡོ་བའི་རྩེ་དགའ་མ་ཉམས་པས། །སྲིད་ཞིའི་ཁེངས་པས་འཇིག་རྟེན་རབ་མཐོ་བ། །འཛམ་གླིང་ཞེས་བྱ་གྲགས་པའི་ཐིག་ལེ་ཅན། །དེ་ཡི་སྙིང་པོ་གངས་རིའི་མེ་ཏོག་གིས། །གྲུ་འཛིན་རི་བོའི་དཔལ་ཡང་ཕམ་བྱས་ནས། །ཕྱག་ན་པདྨ་རང་གི་རྒྱལ་སྲིད་དུ། །འཛིན་པའི་འཇིག་རྟེན་གཉིས་པ་གཞན་ཡོད་མིན། །བྱེད་པོས་སྤྲུལ་པའི་མཛེས་རྒྱན་རྨ་མེད་པ། །རབ་རྒྱས་དྲི་བཟང་ལྡན་པའི་གཡར་མོ་ཐང་། །ལང་ཚོར་བསྲེལ་བའི་ནོར་འཛིན་དགའ་མའི་བཞིན། །གཡུ་དཀར་ཕྱིས་པའི་མེ་ལོང་གཉིས་པར་ངོམ། །ལྷོ་རྒྱུད་དཔལ་ལྡན་ནོར་གྱི་བློ་གྲོས་གང་། །དག་པའི་འཇིག་རྟེན་མངོན་པར་དགའ་བའི་བཅུད། །ཁྱབ་འཇུག་སྤར་མོའི་འཕྲུལ་གྱིས་མངོན་ཕྱུང་བའི། །གྲགས་པ་སྲིད་ཞིར་སྙན་གོང་རྒྱན་དུ་མཆེད། །དེ་ན་དཔལ་གྱི་སྙིང་པོའི་ཐིག་ལེ་ལ། །རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས། །སྙན་པ་དོན་དང་བཅས་པའི་ཤལ་བ་རིང་། །ཕྱོགས་ཀྱི་བུ་མོའི་རྣ་བར་འཕྱང་འཕྲུལ་ཉིད། །ཟླ་བ་དཀར་བོའི་ཐིག་ལེ་མངལ་ཁུར་གྱིས། །སྦྲུམ་པའི་སྔོ་བསངས་ལྟོ་བར་འགྲན་བཟུང་ནས། །དབྱིག་ལྡན་ཕ་མཐའ་གཞལ་ལ་རྫུ་འཕྲུལ་གྱིས། །ཁེངས་པར་དྲང་སྲོང་དབང་བོའི་སྙིང་རྩ་འདར། །ས་འཛིན་སྤྲིན་སྔོན་རལ་བའི་ཐོར་ཅོག་ཅན། །སྤོ་མཐོར་སྙེམས་པས་ཉི་ཟླའི་བགྲོད་པ་ཡང་། །ཆེས་ཆེར་དམའ་ན་མཁའ་ལྡིང་ཕལ་བའི་ཁྱུ། །སྦྲང་བུར་རྟོག་པས་ཁོར་ཡུག་ཀུན་ནས་ལྷམ། །སྣ་ཚོགས་འཁྲི་ཤིང་གར་གྱི་རི་མོ་ཡིས། །མཛེས་པར་རབ་བྱིན་ནགས་མའི་ཚལ་མི་དཔོག། སྨིན་ལེགས་འབྲས་བུས་ནུ་མར་མངོན་འཁྲུལ་བས། །ཆགས་བྲལ་ཐུབ་པ་དཀའ་ཐུབ་ཚལ་ལས་སློང་། །མཐོན་མཐིང་ནེའུ་གསིང་གཡུ་ཡི་མེ་ལོང་ལས། །རྣམ་པར་འགོངས་པར་དཔྱིད་ཀྱིས་རབ་དྲེགས་པའི། །འཆི་མེད་མེ་ཏོག་གཞོན་ནུའི་ཚང་ཚིང་གང་། །རླུང་གིས་བསྐྱོད་པས་རྣམ་འགྱུར་སེམས་ལྡན་བཞིན། །ཕྲུག་གུར་བཅས་པའི་རི་སྐྱེས་ཕོན་པོའི་ཁྱུ། །ཕན་ཚུན་བང་རྩལ་སྐྱེན་པའི་ཚད་ཉུལ་བས། །ཉིན་བྱེད་སྐྱེངས་པས་གླིང་གཞན་ཐལ་བ་ན། །དབང་བོའི་ཕྱོགས་ནས་ལྷ་རྣམས་ཁོང་འཛུམ་ཤོར། །ཡན་ལག་བརྒྱད་དང་ལྡན་པའི་ཀླུང་ཆེན་དང་། །མཚོ་རྫིང་ལྟེང་ཀ་འབབ་ཆུ་བསིལ་མའི་ཚོགས། །གང་ལ་གང་འཚམ་ལྷ་ཆེན་སྤྱི་བོ་ལས། །བསོད་ནམས་དབང་བོ་སྐལ་ལྡན་ཤིང་རྟས་དྲངས། །སློབ་མ་བཟང་པོ་མཁན་པོའི་ཕྱོགས་ལ་བཞིན། །སྙེ་མ་རབ་མཐོ་དུད་པའི་འབྲུ་དྲུག་གིས། །ཡོངས་གང་ཞིང་ས་ལྷ་ཡི་དགའ་ཚལ་ལས། །ལྟ་ན་སྡུག་པའི་ཕ་མཐའ་གཞལ་དུ་མེད། །བཟའ་ཤིང་ལོ་འབྲས་འཕུར་བས་གཡུར་ཟ་བ། །རེ་རེའི་མགུལ་བར་རོ་བརྒྱ་ལྡན་པའི་འབྲས། །མི་ཟད་ཕྲེང་བས་གཏམས་པའི་ཀུན་ར་མང་། །བྱེད་པོས་པིར་གྱིས་བྲིས་པའི་རི་མོར་སྡེབ། །དེ་ལྟའི་བཀོད་པ་སྣོད་ཀྱི་འཇིག་རྟེན་ན། །གནའ་བོའི་དུས་སུ་རྒུད་པའི་མུན་བྲལ་ཞིང་། །བསོད་ནམས་བརྒྱ་བས་བཟུང་བའི་སྐྱེ་རྒུ་ནི། །ལྷ་དང་འབངས་སུ་ཆགས་པའི་སྔོན་མཐའ་བྲལ། །དེ་དེས་བྱས་པའི་གྲོང་དང་གྲོང་ཁྱེར་ནི། །བྱིན་ཆགས་རྒྱུ་སྐར་བུ་མོའི་ཚོམ་བུ་ཡིས། །རྣམ་སད་རྫིང་རིང་ཆུ་ཞེང་གབ་པའི་ཁྱོན། །ཉེ་བར་སྤུད་པས་ཆ་ཙམ་མཚོན་མ་ཡིན། །ཁོ་ར་ཁོར་ཡུག་སུལ་གྱི་དྲ་བ་ན། །ཆོས་སྤྱོད་དྲིལ་བུའི་གདངས་སྙན་མ་འགགས་པའི། །སྒྲུབ་པའི་དགའ་ཚལ་མུ་ཏིག་སྙེ་མའི་འབྲུ། །དུམ་བུར་ཆགས་པ་ས་ཡི་རྒྱུ་སྐར་ཉིད། །གང་གི་ལྟེ་བ་རྡོ་རྗེ་གདན། །གཉིས་པ་ནམ་མཁའི་འོག་མིན་ཞིང། །མངོན་སུམ་འཕོས་པ་རོང་བོ་ཞེས། །ཆོས་ཀྱི་སྡེ་ནི་འཛམ་གླིང་རྒྱན། །ཟླ་བ་གསར་བའི་འོད་ལྡན་པའི། །གྲྭ་ཁང་བྱེ་བ་དགུ་ཁྲིས་མཚོན། །སྟོན་མཚན་ནམ་མཁའི་མུ་ཏིག་ལ། །སྐྱེངས་པ་སྟེར་བའི་ལང་ཚོ་འབར། །རྩིག་པ་ནམ་མཁའི་ཟེ་བ་ལ། །རེག་པའི་འོད་ཟེར་རབ་རྒོད་པའི། །ཕུན་ཚོགས་བཅས་ཀྱི་གནྔྷོ་ལ། །བགྲང་ཡས་ས་ཡི་ཉི་མར་གླེང་། །ལྷག་པ་ནོར་བུའི་བ་གམ་ནི། །པདྨའི་འདབ་མར་ལྟར་བརྩེགས་པས། །རྣམ་པར་རྒྱལ་བའི་ཁང་བཟང་ཡང་། །གྲོག་མོར་སྒྲུབ་པའི་ཕོ་བྲང་ཡོད། །གསེར་གྱི་རྩིག་པ་རབ་མཐོ་ཞིང་། །རིན་ཆེན་ཀ་གདུང་ཕྱམ་དྲལ་དང་། །ཡ་ཐོག་རྒྱ་ཕིབས་འོད་སྣང་གིས། །མཚན་ཡང་ཉིན་བཞིན་གསལ་བས་མཛེས། །དྲ་བ་དྲ་ཕྱེད་རྔ་ཡབ་དཀར། །གསེར་དངུལ་དྲིལ་བུ་གཡེར་ཁའི་ཕྲེང་། །རྒྱན་གྱི་རྣམ་པ་མི་ཟད་པས། །ཀུན་ཏུ་དགའ་བའི་དུས་སྟོན་འབོད། །བརྩེགས་པའི་ཁང་མིག་རེ་རེ་ཡང་། །རྟེན་གསུམ་ནམ་མཁའི་ནོར་བུ་འབུམ། །ཅིག་ཅར་ཤར་འདྲའི་གཟི་བྱིན་ཅན། །དགོས་འདོད་སྩོལ་བའི་དཔག་བསམ་ཤིང་། །མི་འཇིགས་སེང་གེ་རྣམ་བསྒྱིངས་པས། །བཏེགས་པའི་རིན་ཆེན་འབར་བའི་ཁྲི། །ལྷར་བཅས་དྲེགས་པའི་འགྲོ་བ་ཡིས། །སྤྱི་གཙུག་ནོར་བུས་བཏུད་པ་ལྷམ། །མལ་སྟན་པར་ཏང་ཁྲ་བོ་ཡིས། །ཉེ་བར་གཡོགས་ལ་བརྒྱ་བྱིན་ཡང་། །སྲེད་པས་ལྟ་བས་མ་ངོམས་པར། །སྤྱན་སྟོང་གདངས་པའི་རོལ་བ་འཛིན། །ལྷ་མིའི་ཉེར་སྤྱད་གྱ་ནོམ་པ། །ཟག་པ་བྲལ་བའི་ལོངས་སྤྱོད་ཚོགས། །ཀུན་བཟང་འཕྲུལ་གྱི་བཀོད་པ་ཞེས། །གླེང་བརྗོད་འགྲོ་མང་མཆུ་ཡི་རྒྱན། །དེར་ནི་གྲུ་འཛིན་རི་བོའི་བདག། སྡོམ་བརྩོན་རྒྱལ་པོའི་ཚུལ་འཛིན་པ། །ཕུན་ཚོགས་ཡོན་ཏན་འོད་དཀར་གྱིས། །སྲིད་ཞིར་ཉིན་མཚན་མཛེས་པ་ཡོད། །མཚན་དཔེ་མེ་ཏོག་རབ་གསལ་བས། །འཁྱུད་པའི་ཟླ་བ་གཞོན་ནུའི་སྐུ། །ས་གསུམ་མིག་གི་བདུད་རྩི་ཡིས། །རྣམ་པར་རྒྱལ་བའི་དཔལ་ཡོན་ངོམ། །སྡོམ་གསུམ་དཀར་པོའི་ཟམ་ཏོག། དྲི་མས་བཏང་བའི་འོད་བརྒྱ་བ། །ལྷན་ཅིག་སྐྱེས་པའི་ཡོན་ཏན་གྱི། །ནོར་བུས་གང་བ་གཞན་ལས་མཐོ། །མང་ཐོས་ཡུར་བ་ལ་དྲངས་ནས། །ལྔ་རིག་པདྨའི་རྫིང་བུ་འབུམ། །ཁྱོད་ཀྱིས་རྩེན་པའི་ལོངས་སྤྱོད་དུ། །དུས་ཀྱི་རྩེ་དགས་ཡོངས་མ་བཏང་། །མདོ་སྔགས་ཆོས་ཀྱི་ནགས་མཐའ་ནས། །རྩོད་པའི་གཞུ་རྒྱུད་བདུངས་པ་ན། །རྒོལ་བའི་རི་དྭགས་ཡར་མ་ཡིས། །རང་གི་མགྲིན་པ་དཔྱང་ཐག་འཛིན། །ནམ་ཞིག་ས་ཡི་སྟོན་པ་ཁྱོད། །ནམ་མཁའི་ཆོས་ཁྲི་ལ་འཛེགས་ནས། །འཆད་པ་ལེགས་འདོམས་ལྷ་རྔའི་སྒྲས། །ཆེན་པོ་ཕལ་ཆེར་བེམ་པོར་བཏང་། །གྲགས་པའི་མེ་ཏོག་གིས་རྒྱས་པའི། །ལེགས་བྱས་འཁོར་ལོ་གསུམ་གྱི་མཚོ། །སྐྱེ་བོའི་བསོད་ནམས་ཀྱིས་དྲངས་ནས། །དཔལ་ལྡན་ས་སྟེང་ཁྱབ་པར་འགྲེམ། །རྒྱལ་བ་ཀུན་གྱི་མཛད་པའི་ཁུར། །ཁྱོད་ཀྱི་ཟུར་ཕུད་ངོས་དག་ལ། །བཅིངས་ཚེ་དེ་དེ་འདར་བ་ཡིས། །རྔུལ་ཆུའི་མཆོད་ཡོན་ལུས་ལ་བཤམས། །ཆེ་བའི་གསེར་གྱི་ཅོད་པན་ལ། །རྐང་སྟེགས་ཟླ་ཤེལ་འཕོས་པའི་མོད། །ལུགས་གཉིས་ཁྲིམས་ཀྱི་ཤིང་རྟ་ཆེ། །བདེ་བར་བསྒྱུར་བའི་བཀའ་ལུང་ནོད། །སྔོན་གནས་དྲན་པའི་མེ་ལོང་ལས། །རང་གི་ཡབ་གཅིག་མར་མེ་མཛད། །འཕགས་པའི་ཡུལ་ལས་དྲངས་པའི་ཚུལ། །གཟུགས་བརྙན་ཟོལ་གྱིས་ས་ལེར་གཟིགས། །དེ་ཚེ་འདིར་ཡང་བཅོམ་ལྡན་འདས། །རང་གི་རིགས་ཀྱི་བདག་པོ་གང་། །ལུགས་གཉིས་བཀོད་པའི་རྫུ་འཕྲུལ་བཅས། །གཤེགས་བཞེད་དཔག་བསམ་ཡང་དག་སྐྱེས། །སྟོན་པ་ཆོས་ཀྱི་ཉི་མས་ཀྱང་། །རང་གི་སྲས་ཀྱི་བཞེད་པའི་མཐིལ། །ཕྱག་གི་པདྨར་རི་མོ་བཞིན། །སྒྲིབ་མེད་གཟིགས་པའི་རྒྱལ་མཚན་བསྒྲེངས། །སྙན་པའི་གྲགས་པའི་དོ་ཤལ་རབ་མཐོ་བའི། །གངས་ལྗོངས་རྣམ་པར་དགེ་བའི་ཞིང་ཁམས་ན། །ཀུན་མཁྱེན་ས་ཡི་ཚེ་དང་འོད་མཐའ་ཡས། །དུས་མཐར་ཐུབ་བསྟན་ཆོས་ཀྱི་ཉི་མར་གྲགས། །གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་ཕུལ། །ཀུན་རིག་དབང་པོའི་ཚོགས་ལས་རབ་འགོངས་ན། །སྨྲ་བྱེད་རྡུལ་གྱི་ཆ་རེར་དབྱངས་ཅན་བརྒྱ། །ཉེ་བར་བཀོད་ནས་བརྗོད་ཀྱང་ག་ལ་ལང་། །ཁྱོད་ནི་ཆེན་པོར་གྱུར་ཀྱང་དགེ་བའི་བཤེས། །ཚུལ་བཞིན་བསྟེན་པའི་མཛེས་སྡུག་རི་མོ་ཡིས། །རྟག་ངུའི་རྣམ་ཐར་ལ་ཡང་དམན་སྟེར་ན། །བླ་སྤྲུལ་ཕལ་གྱི་ཀུན་སྤྱོད་ཆུ་རིས་བཞིན། །སྦྱང་བྱ་ཆོས་ཀྱི་ནམ་མཁའ་རབ་ཡངས་མར། །ཨེ་མ་མཁའ་ལྡིང་དབང་བོ་ཁྱོད་གཤེགས་ཚེ། །བྱིས་པ་སར་བའི་ལག་མཐིལ་ལས་ཆུང་ཞེས། །ཤེས་བྱའི་ཁྱོན་ལ་མཐའ་དག་འཕྱ་བས་བྲེལ། །འཆད་རྩོད་རྩོམ་པའི་འཁོར་ལོ་ཐོགས་མེད་པས། །ཐུབ་བསྟན་སྲིད་ཀུན་གཞན་ཁྱོད་ཀྱིས་དབང་བྱས་པས། །ཆེ་བའི་ཁུར་འཛིན་མ་ལུས་མཐོ་རིས་ཀྱི། །རིན་ཆེན་སྐས་ལས་སྲིད་པ་གཞན་དུ་བྲོས། །སྐྱེ་དགུའི་བསོད་ནམས་སྟོབས་ལྡན་ཤིང་རྟའི་ཚོགས། །ཕྲེང་བར་བསྒྲིགས་པའི་རིམ་པས་ཁྱོད་དྲངས་པས། །ཞབས་སྐྱེས་འཁོར་ལོའི་རྩེད་འཇོས་མ་རེག་པའི། །ས་དེ་འཛམ་གླིང་ཡུལ་ལ་སུ་ཡིས་དམིགས། །དྲེགས་ལྡན་ས་ཡི་ཚངས་པ་མཐའ་དག་གིས། །ལེགས་པར་གུས་ལ་ཉི་མས་རབ་བསྐྱེད་པའི། །མཆོད་པའི་པདྨ་རིན་ཐང་གཞལ་མེད་པ། །བསྟབས་པས་ཀུན་བཟང་གྲགས་པའི་བ་དན་བསྙལ། །ཙནྡན་ནོར་བུའི་གཞལ་ཡས་ཁང་། །རིན་ཆེན་འཁྲི་ཤིང་སྐྱེད་མོས་ཚལ། །སྣ་ཚོགས་མེ་ཏོག་ཀུན་དགའ་ར། །ཕན་ཚུན་འགྲན་པས་མཉེས་པ་བསྒྲུབས། །བདུད་རྩིས་སྦྲུས་པའི་རོ་བརྒྱ་བས། །ཆ་ཙམ་མི་མཚོན་གསེར་དངུལ་གྱི། །སྡེར་ལ་བཅེར་བའི་ཞལ་ཟས་ཀྱིས། །མི་འགྱུར་བདེ་བའི་ཏིང་འཛིན་རྒྱས། །ངོ་མཚར་གར་གྱི་ཆས་དག་གིས། །སྦྲས་པའི་འོད་ཀྱིས་རེ་སྐོང་བའི། །ཟློས་གར་འཁྲབ་པའི་གཟིགས་མོ་ཡང་། །རྒྱལ་བའི་རྫུ་འཕྲུལ་དཔལ་གྱིས་མཚོན། །ཁྱོད་ཀྱི་བཀའ་ཡི་རྗེས་འགྲོ་བ། །ཀུན་ཀྱང་དྲི་མེད་ཆོས་ལམ་ནས། །ལེགས་སྤྱོད་བདེ་བའི་ཁང་བ་ན། །ཕན་བདེ་དངོས་པོའི་བང་མཛོད་གསོག། ཆོས་སྲིད་མངའ་འཕང་རྫོགས་ལྡན་ལས། །མཐོ་བའི་སྤྲིངས་ཡིག་ཀློག་པ་ཅན། །མདོ་ཁམས་ལིམྦུའི་སྐྱེད་ཚལ་ཞེས། །བདེ་ལྡན་ས་ལ་འཕོས་པ་ཡོད། །རྫུ་འཕྲུལ་རྐང་བའི་ཤུགས་རྫོགས་པའི། །འཕྲུལ་གྱི་འཁྲུལ་འཁོར་བར་སྣང་ལས། །གཤོག་པ་ལྡན་པའི་མཁའ་ལྡིང་བཞིན། །འཕུར་བས་གནས་དེར་ཡུད་ཀྱིས་བྱོན། །གཡུལ་གྱིས་སྦྱོར་བའི་མ་ཕམ་ཡང་། །ནག་པོའི་ཕྱོགས་རྣམས་སྲོག་བཏང་བས། །ལུགས་གཉིས་གསེར་གྱི་འཁྲི་ཤིང་གི། དབུ་འཕང་རྩེ་མོ་དགུང་ལ་རེག། དེ་ནས་ཉི་མའི་བུ་ཡི་ཕྱོགས། །དཔག་ཚད་དྲུག་ཁྲིའི་འཇུག་ངོགས་ཀྱི། །རིག་པ་འབྱུང་བའི་གྲོང་ཁྱེར་དུ། །འབྱོན་པའི་ཕོ་ཉས་དང་པོར་སླེབས། །ནམ་མཁའི་ལམ་ལས་ཟླ་བ་ནི། །འོད་ལྡན་རྒྱུ་སྐར་གྱིས་བསྐོར་བ། །དལ་བར་རྒྱུ་བའི་རེ་ཁྰ་བཞིན། །དེ་ལྟའི་ཕུན་ཚོགས་ས་ལ་སྣང་། །སྙིང་རྗེ་འགྲོ་བ་ཡོངས་ཁྱབ་པའི། །ཐུབ་པ་མཆོག་དེར་ཉིན་རེར་བཞིན། །ལམ་གྱི་འགྲོ་བ་སྤྲིན་ལྟར་དུ། །གཏིབས་པ་སྨིན་གྲོལ་ས་ལ་བཀོད། །སྲས་ཀྱི་ཐུ་བོས་རབ་མངགས་པའི། །བསོད་ནམས་ལྡན་པའི་སྐུ་མཆེད་ཀྱིས། །མགོན་བྱས་རབ་བྱུང་ཁྲི་ཕྲག་བཅུ། །བསྒྲིགས་པའི་དང་པོར་མདུན་ནས་བསུས། །ལྷ་བཙུན་རུ་འདྲེན་ཆེན་པོ་ལ། །ཡན་ལག་བཞི་ཡི་དཔུང་བཀོད་པ། །ཨཀྵོ་ཧི་ཎྰིའི་གྲངས་ཚང་བས། །གཤིན་རྗེའི་འཇིགས་པའང་ཚར་དུ་དངར། །སྤྲིན་གྱི་དུམ་བུ་ས་ཡི་གཞི། །དལ་གྱིས་རྒྱུ་འདྲའི་ཅང་ཤེས་ལ། །དབང་བོའི་གཞུ་ལྟར་རབ་བཀྲ་བའི། །ནོར་བུའི་སྒ་སྲབ་ཆས་རྫོགས་པར། །ཉི་མ་བརྒྱ་ཕྲག་ཅིག་ཅར་དུ། །ཤར་འདྲ་ལྗོངས་འདིའི་སྐྱབས་མགོན་མཆོག། འཛུམ་པའི་འོད་ཀྱིས་ལྷམ་མེར་བ། །ལྷ་དབང་བཞིན་དུ་བསུ་བར་བྱོན། །དམར་སེར་གོས་ཀྱིས་ཉི་མའི་མདངས། །འཕྲོག་པའི་འཁོར་ཚོགས་ཁྲི་ཕྲག་བརྒྱ། །མགྱོགས་འགྲོ་བཟང་པོའི་མཇིང་བ་ན། །མནྡྰ་ར་ཡི་ཕྲེང་བ་བཞིན། །རིག་འཛིན་དབང་བོ་ལྕང་ལོ་ཅན། །གོས་དཀར་གཡོ་བའི་སྔགས་འཆང་དང་། །གཤེན་རབས་རྒྱལ་མཚན་འཛིན་པའི་ཚོགས། །བཤུལ་གྱི་འགྲམ་ལ་ཕྲེང་བས་མཚོན། །རུ་མཚོན་མགུལ་བའི་བ་དན་གྱིས། །མཁའ་ལ་འཇའ་ཚོན་གར་བཟུང་བའི། །སྟག་ཤར་སྲིན་པོ་ཁྲོས་པའི་དཔུང་། །ས་ཡི་རྡུལ་གྱིས་གཞལ་མི་ལང་། །སྒྱུ་རྩལ་བྱང་བ་གཞོན་ནུའི་རིགས། །མཚོན་ཆ་འཕེན་པའི་རྩེད་འཇོ་དང་། །མགྱོགས་པའི་ཅང་ཤེས་བང་རྩལ་རྣམས། །འགྲན་པས་འཇིག་རྟེན་མིག་འཕྲུལ་བྱེད། །ཟླ་བཞིན་དགེ་བའི་མཚན་ལྡན་པ། །ཨུཏྤལ་རྒྱས་པའི་ཟུར་མིག་ཅན། །གཟུགས་བཟང་མོ་རྣམས་གླུ་གཞས་ཀྱི། །རྒྱུད་མངས་སྦྲེང་བའི་གར་གྱིས་བྲེལ། །བཞིན་ལ་མཆི་མའི་མུཀྟི་ཀ། བྲང་ལ་ཐལ་མོའི་ཨུཏྤལ། །ཡན་ལག་དུད་པའི་སྙེ་མ་ཡིས། །མཛེས་པ་རི་མོར་བྲིས་པའི་སྤུན། །ཙནྡན་ལྷ་ཤུག་ཨ་ག་རུ། །བསྲེགས་པའི་བདུག་མཆོག་དྲི་བཟངས་ཀྱིས། །མ་ལ་ཡ་ཡི་ངད་འཐུལ་བ། །བྱེ་བ་བརྒྱ་ཡང་ཟིལ་གྱིས་མནོན། །མཁའ་ཡང་དམར་སེར་ཉིད་བྱེད་པའི། །བླ་གོས་སར་བའི་རྒྱལ་མཚན་ཅན། །ཕྲེང་བར་བསྟར་བས་འཛིན་མའི་ཁོང་། །གུར་གུམ་འོད་ཀྱིས་སྒེག་པ་འཛིན། །གདུགས་དང་རྒྱལ་མཚན་བ་དན་གྱི། །ལྷ་རྫས་གོས་ཀྱི་བྱེ་བྲག་མང་། །ཚངས་པས་བྲེས་པ་མིན་ནམ་ཅི། །ས་ཡི་འཇའ་ཚོན་འདི་ཅི་ཞིག། དུང་དང་དུང་ཆེན་གླིང་བུ་དང་། །སིལ་དང་རྫ་རྔ་རྔ་ཟླུམ་སོགས། །སྙན་དགུའི་རོལ་མོ་རྒོད་པ་ཡིས། །དྲི་ཟའི་འཇིག་རྟེན་ཡང་དག་དྲན། །ཁང་བརྩེགས་བ་གམ་སོ་སོ་ན། །སྣ་མང་བཀོད་པའི་མཆོད་རྫས་འདིས། །ལྟ་ན་སྡུག་པའི་གྲོང་ཁྱེར་དུ། །སླེབས་སྙམ་དཔྱང་ཐག་དྲ་བར་འཕྱང་། །དེ་ཚེ་སྤྲིན་གྱི་ཁང་བར་ཡང་། །མཆོད་ཚོགས་དཀྲིགས་པའི་སྙིམ་པ་ཅན། །ལྷ་དང་ལྷ་མོ་བགྲང་ཡས་པས། །མཁའ་དབྱིངས་དོག་པའི་བུ་གར་བསྒྲུབས། །དག་པའི་སྣང་བར་རྫུ་འཕྲུལ་འབྱམས་ཀླས་པས། །གཟིམ་ཆུང་རྣམ་པར་རྒྱལ་བའི་ཕོ་བྲང་དུ། །ཉི་མ་བརྒྱ་ལྟར་གསལ་བའི་ཐུབ་པ་གང་། །འཁོར་བཅས་གཤེགས་པའི་སྐལ་བཟང་འདི་རྨད་བྱུང་། །མཐའ་ཡས་རྫུ་འཕྲུལ་རོལ་བའི་ལམ་བཟང་ལས། །ཐུབ་དབང་འཁོར་བཅས་བུ་རམ་ཤིང་འཕེལ་དུ། །བྱོན་པ་དེ་ཡང་འདི་ལས་གཞན་མིན་ཞེས། །ཕྱོགས་ཀྱི་འཁོར་ལོ་དོན་ལྡན་སྒྲ་ཡིས་བཀང་། །སུམ་རྩེན་དག་པའི་ཞལ་ཟས་དམ་པ་ཡང་། །དམན་ན་འདི་ཡི་མཆོད་པའི་ཉེ་དྲུང་དུ་། །ཕལ་བའི་བཟའ་བཏུང་བྲིམ་ལ་འཛིན་བྱེད་ཀྱི། །འཁྲི་ཤིང་རྐྱོང་བའི་ངལ་བ་སུ་ཡིས་བསྟེན། །ནམ་མཁའ་མཛོད་ཀྱི་གཏེར་ཁ་རང་བྱུང་དུ། །གྲོལ་བ་མིན་ནམ་འདི་ན་ཉིན་རེ་ཞིང་། །མཆོད་པ་མི་ཟད་ཀུན་ཏུ་བཟང་བོའི་ལོངས། །སྲས་ཀྱི་ཐུ་བོས་རྒྱ་མཚོའི་སྤྲིན་ལྟར་གཏིབས། །རིན་ཆེན་བརྡལ་བའི་དཀོར་མཛོད་རེ་རེ་ལས། །གཏན་པ་མེད་པའི་མཆོད་སྤྲིན་འདུ་བྱས་པས། །གྲགས་པས་ཆེ་བ་མགོན་མེད་ཟས་སྦྱིན་ཡང་། །རི་དབང་དྲུང་ན་རྡུལ་གྱི་རྣམ་ཐར་འཛིན། །རབ་ཏུ་དད་པའི་དགའ་སྟོན་ལས་སྐྱེས་པའི། །མཆོད་ཚོགས་བསྟེན་པ་དེ་དག་ས་གཞི་ལ། །དབྱར་དུས་ན་བུན་དཀྲིགས་པ་བཞིན་ལྷགས་པ། །དེ་དག་གསེར་ཞལ་ཟླ་བའི་དཔལ་ལ་རེ། །ཤར་གྱི་རི་བོའི་རྩེ་ལས་རི་བོང་ཅན། །རབ་དཀར་འོད་ཀྱིས་སྒེག་སྟེ་རྒྱུ་བ་བཞིན། །དྲི་མེད་བླ་མ་བརྩེ་བའི་འཛུམ་དཀར་ཅན། །དེ་ཡིས་རེ་བ་རེ་བའི་ལྷག་ལས་བསྐངས། །འབྱོར་ལྡན་སྙིམ་པའི་ནེའུ་གསིང་ལས་ཐོན་པའི། །དངུལ་དཀར་མེ་ཏོག་ཕོན་པོའི་མནྡྰ་ར། །སྤུངས་པས་རྣམ་ཐོས་སྲས་ཀྱི་བང་བ་ཡང་། །དབུལ་བོའི་ཁྱིམ་བཞིན་སྟོངས་པས་ཡི་ག་འཆུ། །རྟ་དང་གླང་བོ་ཁྱུ་མཆོག་ལུ་གུ་རྒྱུད། །དོ་ཤལ་བཞིན་དུ་བསྟར་བས་ནོར་འཛིན་མོ། །རྒྱ་མཚོར་ཤོར་དོགས་སྟོབས་ལྡན་སྲེད་མེད་བུ། །རུས་སྦལ་ཟོལ་གྱིས་འདེགས་ལ་མཐུ་ཡིས་ངལ། །དད་པའི་དངོས་པོའི་ཆུ་གཏེར་གདེངས་ཀ་ལ། །ལྷ་རྫས་གོས་དང་རིན་ཆེན་ཝུ་བའི་ཚོགས། །དཀྲིགས་པའི་དཀྱིལ་འཁོར་དྲུང་འཁོར་ཕོ་ཉ་བས། །ཉིན་མཚན་དྲངས་པས་ལྷག་མ་རྫོགས་མ་གྱུར། །ནོར་བུའི་ཁྲི་ཆེན་གསེར་གྱི་བ་གམ་ཅན། །རིན་ཆེན་ཙམ་པ་ཀ་ཡི་དོ་ཤལ་དང་། །ལྷ་རྫས་དུ་ཀྰུ་ལ་ཡི་རབ་བཀབ་པའི། །ཆོས་ཀྱི་མཐོ་བ་བྱ་རྒོད་ཕུང་བོ་བཞིན། །དཔལ་ལྡན་ཀུན་གཟིགས་ཆོས་ཀྱི་ཉི་མ་ཆེ། །ཁོར་ཡུག་འོད་ཀྱིས་འགེངས་པའི་ཆོ་འཕྲུལ་གྱིས། །དེར་བཞུགས་ཆོས་ཀྱི་སྒོ་མོ་མཐའ་ཡས་པའི། །སྒྲིབ་མེད་ཏིང་འཛིན་རོལ་བར་འཇུག་ཅིང་ལྡང་། །ཕྱག་སོར་ཆོས་ཀྱི་འཁོར་ལོའི་རྔ་ཡབ་ཀྱིས། །འགྲོ་བའི་ཤེས་རབ་ནོར་བུའི་མེ་ལོང་ལ། །ཀུན་ཆགས་ནང་གི་མུན་པའི་རྡུལ་སེལ་བ། །མཚོན་པའི་ཡི་གེ་ཕྱོགས་ཀྱི་བུ་མོས་ཀློག། དྲུག་ལྡན་ཡན་ལག་ཚང་བའི་གསུང་སྙན་གྱིས། །ཆོས་ཀྱི་མན་ངག་ཉི་འོད་བརྒྱ་ལྡན་པ། །སྤྲོས་པའི་མོད་ལ་ཐར་བའི་ཆོས་ཀྱི་སྐས། །རྙེད་པའི་འགྲོ་བ་བྱ་རྒོད་འཕུར་བ་བཞིན། །ལི་ཁྲིའི་རྒྱ་མཚོ་འཁྱིལ་བའི་གདེངས་ཀ་ནས། །སོ་ཐར་མདོ་ཡི་རྫ་རྔ་འཁྲོལ་བ་ཡི། །ཐུབ་དབང་ངང་བའི་རྒྱལ་པོ་འདི་བྱོན་པས། །ཐུབ་བསྟན་སྟོན་གྱི་དུས་སྟོན་ཡལ་མ་གྱུར། །ཐོས་བསམ་རྣམ་པར་རྒྱལ་བ་མཁའ་ཡི་གླང་། །ལུང་རིགས་དབྱར་གྱི་རྔ་གསང་རྒོད་ལས་མཛེས། །སྣང་མཐའ་རྒྱས་པའི་འཛུམ་ཟེར་དུ་ཀྰུ་ལས། །ནོར་འཛིན་དགའ་མ་སྒེག་པའི་གོས་དཀར་འཛིན། །ཁྱད་པར་ལྗོངས་འདིའི་གྲུ་འཛིན་བདག་པོ་ཡིས། །དཔུང་ཚོགས་ཡན་ལག་བཞི་ཡི་ལུང་རིགས་ཀྱིས། །དགག་སྒྲུབ་མཚོན་ཆ་བྱེ་བ་འབུམ་དགུའི་ཆར། །འབེབས་པའི་གཡུལ་ངོ་ཐེག་པའི་རྒོལ་བ་སུ། །དེ་ཕྱིར་དཔལ་ལྡན་ཕྱོགས་ཀྱི་གླང་བོ་ཡང་། །སྨྲ་བཅད་བསམ་གཏན་རྫུ་ལ་མངོན་བརྟེན་ན། །ཕལ་གྱི་ཁ་ལ་ལན་གྱི་རི་མོ་ཡང་། །མཁའ་ལ་པུར་གྱིས་བྲིས་པའི་རྗེས་སུ་སོང་། །ཆེ་བའི་མཚན་གྱི་རིག་བྱེད་བཀླགས་པ་ཡིས། །ནམ་མཁའ་འགེངས་པའི་དྲེགས་ལྡན་འགའ་མཆིས་མོད། །ཚུལ་འདིས་གནོང་ནས་ཁོལ་བའི་རྔུལ་ཆུ་ཡིས། །རྒྱུན་བཟང་ཆུ་བོ་གསོ་བའི་གྲགས་པ་འབར། །འཇིག་རྟེན་དབང་ཕྱུག་དབང་གི་ཆུ་བོ་ཡི། །དྲི་མེད་བསང་གཏོར་བདུད་རྩི་བཀྱེས་པ་ན། །ཟབ་གསལ་ཏིང་འཛིན་བརྟན་པའི་འཇུག་ངོགས་ལས། །སྐུ་གསུམ་ཁྲི་ལ་རྐང་བས་བསྒྱུར་བ་མང་། །རིང་ནས་འདི་ན་ནོར་བུ་པདྨ་ཅན། །སྙིང་གི་གྲུ་འཛིན་གཞལ་མེད་ཁང་བཟང་དུ། །བསྟེན་ཏེ་ཡིག་དྲུག་རྡོ་རྗེའི་བཟླས་པ་ཡིས། །འཁོར་བ་དོང་ནས་སྤྲུགས་པ་ཟད་དུ་མེད། །བློ་བཟང་བསྟན་ལ་བློ་བཟང་དབང་བོ་བཞིན། །ཆོས་ཀྱི་རྒྱལ་མཚན་ཆོས་བཞིན་སྒྲེང་བ་དེའི། །སྐལ་ལྡན་ཁྲོད་ན་སྐལ་ལྡན་རྒྱ་མཚོ་ཞེས། །རི་དབང་དྲུང་ན་རི་དབང་གཉིས་པ་བཞིན། །དེ་ནས་དུས་ཀྱི་ཚ་བས་མ་ཉམས་པའི། །དབེན་པའི་ལམ་སྲོལ་བདུད་རྩིའི་བུམ་བཟང་ནི། །བཤད་སྒྲུབ་ལག་པའི་པདྨ་ལ་བཀོད་པའི། །མཁས་དང་གྲུབ་པའི་དྲང་སྲོང་ཟམ་མ་ཆད། །བདེ་གསལ་མི་རྟོག་ཏིང་འཛིན་གཞུ་མཆོག་ལས། །ལྷན་ཅིག་སྐྱེས་པའི་ཕྱག་རྒྱ་ཆེན་པོའི་མདས། །དངོས་འཛིན་ལངྐའི་བདག་པོའི་མགྲིན་གཅོད་པའི། །དགའ་བྱེད་རྒྱལ་པོའི་མཆེད་པོ་དེང་ཡང་སྣང་། །དེ་ཕྱིར་སྙན་བརྒྱུད་ལྡེ་མིག་གིས། །མདོ་རྒྱུད་སྒོ་ཡི་ལྕགས་བཀྲོལ་ནས། །ཕྱག་རྒྱ་ཆེན་པོའི་མ་ཎི་ཀ། རང་གི་བུ་ལ་བདག་པོས་བྱིན། །དུས་ཀྱི་སྲིན་པོ་ཁྲོས་པ་ཡིས། །ཆོས་ཀྱི་ལུས་ནི་རིལ་མིད་ཀྱང་། །རིག་པ་འབྱུང་འདིར་མཁའ་སྤྱོད་བཞིན། །ཆོས་ཀྱི་རྩེ་དགའ་ཉམས་མི་འགྱུར། །རང་གི་སྲས་ཀྱི་བཞེད་པའི་སྣོད། །དེ་ལྟར་བཀབ་པའི་གྲགས་པ་ནི། །སྲིད་ཞིའི་འཇིག་རྟེན་མཐའ་དག་པར། །གསེར་གྱི་དཔག་བསམ་ཟོལ་གྱིས་འཁྲུངས། །མི་བསྲུན་ཡིད་ཀྱི་དྲུངས་ཕྱུངས་ནས། །སྡིག་པ་ཅན་གྱི་སེམས་བོར་བའི། །བསོད་ནམས་དགེ་བའི་ཡུལ་གྲུ་འདི། །བསྔགས་དང་སྨོན་པའི་ཞིང་དུ་གྱུར། །འདི་ལ་མཆོད་ཕྱིར་བར་སྣང་དུ། །ནོར་བུའི་ཁང་བཟང་བ་གམ་ལས། །མནྡྰ་ར་ཡི་མེ་ཏོག་ཆར། །ལེགས་བྲིས་ལག་པའི་སྤྲིན་གྱིས་གཏོར། །དེ་ལྟའི་སྐལ་བཟང་གསེར་གྱི་མཆོད་སྡོང་ཆེ། །ཡབ་སྲས་ཐུགས་བསྐྱེད་དབང་ཆེན་མཚན་མ་ལས། །ཉེ་བར་འཁྲུངས་འདི་མཐོང་ཐོས་དྲན་རེག་གི། འགྲོ་བ་འདི་ཀུན་བསོད་ནམས་ལམ་ལས་སོན། །དེ་ནས་ཨེ་མ་ནུབ་ཕྱོགས་དགེ་བའི་ཞིང་། །དབུས་གཙང་ཆོས་ཀྱི་ཆུ་གཏེར་ཆེན་པོ་ནས། །སྤྱན་འདྲེན་རླབས་ཕྲེང་དུས་ལས་གཡོ་མེད་པས། །མཚམས་སྦྱོར་ཕོ་ཉའི་འགྲོ་འོང་ཟམ་མ་ཆད། །ནམ་ཞིག་བདེ་གཤེགས་སྣང་བ་མཐའ་ཡས་འདིས། །ཐུགས་རྗེ་པདྨ་དགའ་བའི་ཁ་ལོ་ནི། །ཕྱོགས་དེར་ཕྱོགས་པའི་འོད་ཟེར་ཕྲ་མོ་ཡང་། །གངས་ཅན་དབུགས་འབྱིན་ཉི་མ་ཆེན་པོར་གླེང་། །དོན་གྲུབ་དོན་མཐུན་བྱེ་བ་ཁྲག་ཁྲིག་གིས། །ཡོངས་སུ་བསྐོར་བའི་དེད་དཔོན་ཆེན་པོ་བཞིན། །ཆེ་བའི་ཡོ་ལང་རོལ་བ་དང་བཅས་ནས། །མངོན་སུམ་བྱོན་འདིས་བདག་ཅག་སྐལ་བ་བཟང་། །རིང་ནས་བསོད་ནམས་ས་ཡིས་ཡོངས་བཟུང་བའི། །ཕུན་ཚོགས་སྡེ་བཞིའི་ཆུ་བོ་ཀུན་གྱི་གནས། །རྣམ་པར་དགེ་བ་དབུས་གཙང་མ་དྲོས་མཚོ། །མཐོ་རིས་འཇིག་རྟེན་ཀུན་གྱི་སྙིང་པོ་ཡོད། །གངས་ཅན་ས་ལ་བདེ་ལྡན་ཞིང་། །མེས་པོས་བཀོད་ལ་དཔལ་མོ་ཡིས། །བཀྲ་ཤིས་ལྷུན་པོར་ཞེས་གསོལ་བ། །མཚན་ཡང་སྲིད་ཞིའི་རྒྱན་དུ་འབར། །གསེར་གྱི་རྒྱལ་མཚན་མཐོན་པོ་ཡིས། །མཁའ་ཡི་ཉི་མ་དམན་བྱས་པས། །ས་དང་ནམ་མཁའི་ཁྱད་པར་ལ། །རྒྱལ་བ་ཡིས་ཀྱང་འཁྲུལ་བ་འཛིན། །གཞུང་ས་ཆེན་པོའི་ལས་འཛིན་གྱི། །ཆོས་ཀྱི་བློན་ནི་རྒྱ་མཚོ་སྟེ། །ལུགས་གཉིས་རིན་ཆེན་བྱེ་མའི་རྡུལ། །ཁོར་ཡུག་བར་དུ་འགྲེམ་ལ་ལྟོས། །དེ་དེས་སྤྲོས་པའི་བསུ་བ་ནི། །ཆུ་གཏེར་ལས་ནི་ཆར་སྤྲིན་བཞིན། །ས་ལ་ཡ་མཚན་རི་མོའི་ཕྲེང་། །རྣམ་པར་འབྲི་བཞིན་འདུ་འགོད་འགྱེད། །མཚན་དཔེ་བདུད་རྩིའི་རྩ་ལག་ལས། །འགོག་པ་མེད་པར་འཛུམ་པའི་འོད། །སྤྲོ་བཞིན་རྫུ་འཕྲུལ་རོལ་བ་ལས། །ཁྱོད་བྱོན་ལྷ་ལས་བབས་པའི་མཚོན། །ཞབས་སེན་ཟླ་ཚེས་གསར་བའི་རིས། །རང་ཁྲི་ཀུན་དའི་ཚལ་ཡངས་པོར། །བཀོད་ཚེ་རྣམ་པར་རྒྱལ་བའི་མལ། །ལྷ་དབང་གིས་ནི་མཛེས་པར་རྟོག། བྲལ་བས་གདུང་བས་མྱ་ངན་གྱིས། །གདོང་གི་པདྨོ་ཟུམ་པ་རྣམས། །ཁྱོད་ཞལ་ཉི་མ་མཐོང་བའི་མོད། །དཔྱིད་ཀྱི་ཆུ་སྐྱེས་བཞད་པ་བཞིན། །ཁོར་ཡུག་བར་དུ་བཀའ་ལུང་གི། །གསེར་གྱི་སྤྲིངས་ཡིག་བཀླགས་པ་ན། །ལུགས་གཉིས་རྩེ་དགའི་འཁྲི་ཤིང་གིས། །ས་འདི་རྫོགས་ལྡན་བཞིན་དུ་མཛེས། །ཨ་ཧོ་ཞབས་ཟུང་མཐིལ་གྱི་འཁོར་ལོ་ནི། །སྲིད་པའི་མཐར་ཡང་གངས་ལྗོངས་གཙུག་ཏོར་དུ། །མི་འགྱུར་འོད་ཟེར་རོལ་བའི་དྲེགས་ལྡན་གྱིས། །ཉེ་བར་བཏུད་པའི་ཁྲི་འཕང་མཛེས་པར་ཞུ། །སྙིང་ལག་པའི་འཁྲི་ཤིང་ལས་སྐྱེས་པའི། །ལེགས་བཤད་ཟླ་བའི་རྗེས་འགྲོ་རྔ་ཡབ་ཀྱིས། །ཕན་བདེ་བསིལ་བ་སློང་ལ་རེག་པའི་མིག། ཟུམ་པ་མེད་འདི་གཟིགས་ཤིག་ཐུགས་རྗེ་གཏེར། །པད་རག་ཚེ་ཡི་བུམ་པ་འཛིན་པས་ཚེ་དང་ཡེ་ཤེས་སྤེལ་བའི་མགོན། །ཆུ་ཤེལ་ནོར་བུ་པདྨ་ཡིས་ནི་སྙིང་རྗེས་རྒྱུད་ནི་ངེས་གང་བའི། །ལྷ་དག་འདི་ན་ཡབ་དང་སྲས་སུ་སྒྱུ་འཕྲུལ་དྲ་བའི་རོལ་གར་གྱིས། །རྩེན་པའི་ལེགས་མཛད་རྒྱ་མཚོ་ཆེ་ལས་ཆུ་ཐིགས་གཅིག་ནི་བརྗོད་པ་ལ། །རླབས་ཆེན་བསོད་ནམས་ཟླ་བའི་དཔལ་འཕྲོག་རྣ་རྒྱན་རིན་ཆེན་འོད་ཟེར་གྱིས། །མཐའ་བྲལ་སྔོ་བསངས་ལྷ་མོའི་འགྲམ་པར་ཐིག་ལེ་གསར་བའི་རི་མོ་རྒོད། །སྙིང་སྡུག་ཡིད་ཀྱི་གཞོན་ནུ་གང་ཞིག་དེ་ལྟའི་དཔལ་ལ་རབ་ཆགས་ནས། །སྙན་ཚིག་ངག་གི་གླིང་བུ་སྒྱུར་ལ་མངོན་དགའི་ལྕེ་འདི་ཅི་ཡང་ངལ། །ལེགས་དོན་ཕུན་ཚོགས་སྙིང་ལ་རབ་ཏུ་བཀོད་བྱས་ནས། །ལེགས་བྱས་དྲི་མེད་ཡིད་ཀྱི་མེ་ལོང་དག་བྱེད་འདི། །ལེགས་བཤད་རྩེ་དགས་ནམ་ཡང་མཛའ་བ་མི་ལྷོད་ཕྱིར། །ལེགས་པར་སྤེལ་ཏེ་རིག་པ་འབྱུང་བའི་རྒྱན་དུ་བྲེས། །ཉི་མའི་བུ་ཡི་དཔུང་བ་བཙན་པོའི་འཁྲུལ་འཁོར་གྱིས། །སྲོག་གི་དབང་བོ་འཕྲོགས་ནས་ལྔ་བ་མ་གྱུར་པར། །གྲགས་པའི་གཞི་གྱུར་ཡོན་ཏན་དྲི་བཟང་རབ་གསལ་བའི། །ངག་གི་མེ་ཏོག་རྣམ་པར་རྒྱས་འདིས་སྐལ་བཟང་སྙམ། །ཞིང་གི་མཆོག་ལ་བསྔགས་པའི་བསོད་ནམས་མཐུ་ཆེན་འདིས། །སྐྱེ་ཞིང་སྐྱེ་བར་དམ་པའི་ཞབས་རྡུལ་ལ་མཆོད་ཅིང་། །རྒྱལ་བའི་སྲས་ཀྱི་དཀྱིལ་འཁོར་དབུས་སུ་ཁྲི་འཕང་དུ། །འཆད་རྩོད་རྩོམ་པའི་ཅོད་པན་ཐོགས་པས་མཛེས་གྱུར་ཅིག། རིག་པ་འབྱུང་བའི་གྲོང་ཁྱེར་ལ་ནི་རྒྱན་སྤེལ་བའི། །རྟོགས་བརྗོད་གསེར་གྱི་མེ་ཏོག་དྲི་མེད་ཡིད་འོང་བ། །ཡོངས་སུ་སྤྲོས་པའི་ཀུན་བཟང་མཆོད་པས་བདག་མཆོད་ན། །བདག་གི་སྟོན་པ་ཡབ་སྲས་མཆོག་ཟུང་མཉེས་གྱུར་ཅིག། དེ་ལྟར་དྲི་མེད་དགེ་བའི་རྐང་སྟེགས་ཉེར་བཙུགས་ལས། །མངོན་པར་མཐོ་དང་ཐར་བའི་ཁང་བཟང་ལ་འཛེགས་ནས། །ནམ་མཁའ་སྲིད་དུ་རྟོགས་པ་བརྗོད་པའི་རྩེ་དགའ་ཡིས། །འགྲོ་ལ་དབུགས་དབྱུང་དགའ་བའི་དགའ་སྟོན་འགྱེད་གྱུར་ཅིག། ཅེས་པ་འདི་ནི་སྲིད་ཞིའི་གཙུག་རྒྱན་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་གི་དྲུང་ན་ཆོས་ཀྱི་དགོངས་བློན་ཆེན་པོར་གྱུར་པ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། མཚན་ཞབས་མཁན་ཆེན་འབྲོང་རྩེ་བློ་བཟང་བསྟན་འཛིན་གྱི་ཞལ་སྔ་ནས་ལེགས་བཤད་ཀྱི་ཞལ་འཕྲོས་ཡུན་རིང་རྗེས་བརྩེ་གནང་བ་དང་། ལྔ་རིག་སྨྲ་བའི་དབང་བོ་མཚན་ཞབས་པ་ཡེ་ཤེས་ཚུལ་ཁྲིམས་ནས་ངོ་མཚར་བའི་སྙན་འཕྲིན་སྤྱི་བོར་སྩལ་པ་ལས། ཁྱད་པར་བརྗོད་བྱ་སྡེ་བཞི་ལས་བརྩམས་ཤིང་། །རྗོད་བྱེད་སྙན་ངག་ལམ་ལས་དྲངས་པ་ཡི། །ཞལ་གདམས་ཨུཏྤལ་གསར་བའི་ཆུན་པོ་ཞིག། བློ་དམན་རྣ་བ་མཛེས་པའི་རྒྱན་དུ་སྩོལ། །ཅེས་གནང་བ་དང་། མཆོད་དཔོན་ཆེན་མོ་དང་རྗེ་དྲུང་ཐུབ་བསྟན་སོགས་ནས་ཀྱང་མཁས་པ་དང་མཁས་པའི་བྱ་བ་ལ་དགྱེས་ཉམས་དཔེ་མེད་ཀྱིས་ཞལ་ཏ་ཕེབས་པས། དེ་དག་ལ་ལེགས་བཤད་ཀྱི་སྐྱེས་འབུལ་བར་དམིགས་ཤིང་། བདག་ཅག་གི༧གོང་ས་མཆོག་གི་ཞབས་གྲས་དུ་མའི་བཞེད་ཟུར་ཀྱང་ཁོང་དུ་ཆུད་པར་བརྟེན། མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་སྦྱང་བར་བྱ་བ་ཕལ་མོ་ཆེ་ལ་བློ་མིག་ཅུང་ཟད་ཡངས་པ། དུས་འདིར་རིག་བྱེད་སྨྲ་བ་མཐའ་དག་གི་མདུན་སར་འཇིགས་པ་མེད་པའི་མགྲིན་པ་གཟེངས་སུ་མཐོ་བ།རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་སྐྱབས་མགོན་བདུན་པ་ཆེན་པོའི་ཡོངས་འཛིན་གྱི་མཚན་སྙན་འཁུར་བ། ཡུལ་མདོ་སྨད་ཀྱི་པཎྟི་ཏ་བློ་བཟང་དཔལ་བ་ཀུན་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བས་ཐུན་མཚམས་རེ་གཉིས་ལ་མགྱོགས་པར་བྲིས་པ་འདིས་ཀྱང་དུས་མཐར་ལེགས་བཤད་ཀྱི་རྩེ་དགའ་ཉམས་པ་མེད་ཅིང་དམ་པ་རྣམས་བདག་ལ་དགྱེས་པའི་དཔལ་ངོམ་པར་གྱུར་ཅིག། །