ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད།

སྤེལ་དུས 2009-06-10 ཡོང་ཁུངས། 《ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད》 རྩོམ་པ་པོ། རྡོ་རྗེ་རིན་ཆེན། འབྲུག་མོས་ཞུ་དག་བྱས།

བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོདཀྱི་རྩོམ་པ་པོ་ནི། སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་ཡིན། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་སྤྱི་ལོ་1747ལོར་ཀོང་སྟོད་ཉང་པོ་རྒྱ་ནང་དུ་གནུབས་ཀྱི་རིགས་སུ་འཁྲུངས། ར་བྱུང་བཅུ་གསུམ་པའི་ཆུ་རྟ་སྤྱི་ལོ་1762ལོར་གཤེགས། ཁོང་དགུང་ལོ་ཆུང་བའི་དུས་ནས་དོ་བོ་མགོའི་བླ་ཟུར་ཆུ་མཁར་སྤྲུལ་སྐུའི་དྲུང་དུ་དབུ་སྐྲའི་གཙུག་ཕུད་ཕུལ། མཚན་ལ་ངག་དབང་ཡེ་ཤེས་ཞེས་གསོལ། དགུང་ལོ་ལྔ་པར་མཁས་པ་རྡོ་རྗེ་རྒྱལ་མཚན་ལས་ཡི་གེའི་སྦྱོར་ཀློག་བསླབས། དགུང་ལོ་བརྒྱད་པར་ཡབ་བཀོན་མཆོག་སྙན་གྲགས་སྐུ་གཤེགས་པར་དགོངས་རྗོགས་ལེགས་པར་བསྒྲུབས། དགུང་ལོ་བཅུ་གཉིས་པར་བསང་ངོ་དགོན་གྱི་བླ་མ་མཛད། དགུང་ལོ་བཅུ་གསུམ་པར་སྟག་ཕུ་ངག་དབང་ཆོས་གྲགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཞུས། དགུང་ལོ་བཅོ་ལྔ་པར་ཉང་པོ་བྲག་དཀར་ལྷ་ཆུའི་དགོན་པར་ཟབ་མོའི་ཏིང་ངེ་འཛིན་ལ་སྒྲུབ་པ་རྩེ་གཅིག་མཛད། དགུང་ལོ་བཅུ་དྲུག་པར་རྒྱུད་སྨད་མཁན་པོ་ངག་དབང་མཆོག་ལྡན་ལས་རབ་བྱུང་བསྒྲུབས་ཤིང་མཚན་ལ་ངག་དབང་བློ་གྲོས་རྒྱ་མཚོ་ཞེས་གསོལ། ལོ་དེར་ནགས་ཤོད་སྟག་ཕུ་བན་དཀར་དགོན་དུ་གདན་དྲངས་ཏེ་ཆོས་རྗེ་ཡོན་ཏན་དར་རྒྱས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་བཅུ་དགུ་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད།   དགེ་བཤེས་འཇམ་དབྱངས་ཕུན་ཚོགས་སོགས་བསྟེན་ཏེ་གཞུང་བཀའ་པོད་ལྔ་གསན་བཞེས་མཛད། དགུང་ལོ་ཉེར་བདུན་པར་ལྷ་ལྡན་སྨོན་ལ་ཆེན་མོའི་གྲྭ་སྐོར་མཛད།   དགུང་ལོ་སུམ་ཅུ་པར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་ནགས་ཤོད་དུ་ཆིབས་བསྒྱུར་མཛད་ནས་རབ་བརྟན་སོགས་ལ་གཞི་གསུམ་གྱི་ཕྱག་ལེན་དང་། མདོ་སྔགས་ཀྱི་ཆོས་འཁོར་བསྐོར་ཞིང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། དགུང་ལོ་ཞེ་དགུ་པར་དགོངས་པ་ཆོས་དབྱིངས་སུ་ཐིམས། ཁོང་གི་གསུང་རྩོམ་ནི་སྟག་གདོང་རི་བོ་དཔལ་འབར་གྱི་བཅའ་ཡིག་དང་། འཇམ་དབྱངས་ཀྱི་བསྟོད་པ་གདུང་ཤུགས་ང་རོསོགས་ཆོས་ཚན་དྲུག་ཅུར་ལོངས་པའི་པོ་ཏི་གཉིས་བཞུགས་སོ། 

བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོདཀྱི་བརྗོད་བྱ་རགས་པ་ནི། དེ་ཡང་སྟོན་པ་མྱ་ངན་ལས་འདས་ཏེ་རིང་པོ་མ་ལོན་པའི་སྐབས་ཤིག་ཏུ། རྒྱ་གར་གྱི་ཡུལ་ཝ་ར་ཎ་སི་བྱ་བ་ན་རྒྱལ་པོ་ལྷ་སྣང་སྟོབས་ལྡན་དང་། དེ་ལ་རྗེ་བཙུན་སྒྲོལ་མའི་སྤྲུལ་བ་མ་ཏི་མ་ཧཱ་ནི་བྱ་བའི་བཙུན་མོ་མཛངས་མའི་ཡོ་ཏན་རྫོགས་པ་ཞིག་ཡོད་དེ།   རྒྱལ་པོ་ཡབ་ཡུམ་དེ་གཉིས་ཀྱིས་རྒྱལ་སྲིད་ཆོས་བཞིན་སྐྱོང་ཞིང་ཡར་དཀོན་མཆོག་ལ་མཆོད་པའི་མཐུས་སྤྲུལ་བའི་བུ་ཆོས་ཀྱི་དགའ་བ་བྱ་བ་ཞིག་འཁྲུངས་པས་ཡབ་ཡུམ་སྲས་བཅས་དགའ་བདེའི་དཔལ་ལོངས་སྤྱད་དེ་ཅུང་རིང་མོ་ཞིག་འདས་པ་ན།   རྒྱལ་པོ་དེ་ལ་བློན་ཆེན་སྟོང་དཔོན་ཡམ་ཤེ་ཞེས་བྱ་བ་དབང་ཐང་ཆེ་བ་རྒྱལ་པོ་གཉིས་པ་ལྟ་བུ་ཞིག་ཡོད་དེ།   དེ་ནི་རྒྱ་སྲས་ཆོས་ཀྱི་དགའ་བའི་རྩེད་གྲོགས་ཡེ་ཤེས་འཛིན་ཞེས་བྱ་བའི་གཞོན་ནུ་ལོ་བརྒྱད་ལོན་པ་ཞིག་ཡོད་པ་དེ་ལ་སྙིང་ནས་མ་དགའ་ཞིང་། ངེས་པར་རང་གི་བུ་ལ་གཱ་ཨཱ་ན་བ་སྲས་ཀྱི་རྩེད་གྲོགས་ནས་མཐའ་མར་བློན་གྲལ་དུ་ཚུད་པར་བྱ་ཕྱིར་གཡོ་སྒྱུ་དང་ཕྲ་མ་སོགས་ཀྱི་ཐབས་བརྒྱུད་མཐར་ཡེ་ཤེས་འཛིན་དང་དྷརྨ་སོགས་རྒྱལ་པོ་ཡབ་སྲས་ལ་སྙིང་ཉེ་བའི་བློན་པོ་གསུམ་རྒྱང་འབུད་བཏང་། ཆོས་བློན་དེ་གསུམ་དཀའ་བ་དུ་མ་སྤྱད་དེ་ཡུམ་མ་ཏི་མ་ཧཱ་ནིའི་ཕ་ཡུལ་ཛ་ལནྡྷ་རའི་རྒྱལ་ཁབ་ཏུ་འབྱོར་ཞིང་། དེར་བླ་མ་དྲི་མེད་དཔལ་ལྡན་གྱིས་རྗེས་སུ་བཟུང་། དེ་ལྟར་བློན་པོ་ཡམ་ཤེའི་འདོད་དོན་གྲུབ་སྟེ་མཐར་རྒྱལ་སྲས་དང་ལ་གཱ་ཨཱ་ན་གཉིས་ཤིན་ཏུ་མཛའ་བར་བྱས་ཏེ་ལུ་དང་གྲིབ་མ་བཞིན་འགྲོགས་ཤིང་རྣལ་འབྱོར་བ་ཞིག་ལས་འཕོ་བ་གྲོང་འཇུག་གི་གདམས་པའང་གསན་ཏེ་ལང་ཚོ་དང་རིག་པ་གང་ནས་ཁྱད་མེད་དུ་སྐུ་ནར་སོན་ནས་རེ་ཞིག་འདས་པ་ན། ལ་གཱ་ཨཱ་ན་ནི་བཙུན་མོ་སཱ་ར་ཏི་ནིའི་ཁའི་དབང་དུ་གྱུར་ཏེ་ཉིན་ཞིག་གཡོ་སྒྱུའི་ཐབས་ལ་བརྟེན་ནས་རྒྱལ་སྲས་དང་ཁོ་གཉིས་ཁུ་བྱུག་གི་རོ་རྨ་མེད་པ་ཟུང་ལ་གྲོང་འཇུག་གིས་གཙང་པོའི་ཕ་རོལ་གྱི་སྐྱེད་ཚལ་ལ་ལྟ་མོར་གཡེང་དུ་ཕྱིན་པའི་ཚེ།   ལ་གཱ་ཨཱ་ན་ནི་ལྐོག་ནས་རིངས་སྟབས་ཀྱིས་ཕྱིར་འཕུར་འོངས་ཏེ་རྒྱལ་སྲས་ཀྱི་སྐུ་ལ་གྲོང་འཇུག་བྱས། རང་གི་བེམ་པོ་ཆུ་བསྐྱུར་ཏེ་ཡུལ་ལ་ལོག དེ་ནས་རྒྱལ་སྲས་ཁུ་བྱུ་གི་རྣམ་པ་ཅན་དུ་ཡོད་པ་དེས་ལ་གཱ་ཨཱ་ན་ནི་བཙལ་བས་མ་རྙེད། སྔོན་གན་སུ་ལོག་པར་རང་གི་བེམ་པོའང་མ་རྙེད་པར་ལུས་པས་མཐར་བླ་མ་དྲི་མེད་དཔལ་ལྡན་ལས་གདམས་པ་ཐོབ་ཅིང་གདུལ་བྱ་བྱ་དང་རི་དྭགས་ལ་ཡོད་པས་བྱ་མགྲིན་སྔོན་ཟླ་བ་བྱ་བའི་སྐལ་བ་མངོན་དུ་གྱུར་ཏེ་ཚེ་མཐའ་འཁྱོལ་བར་མཛད་ནས་མཇུག་བསྡུས་ཡོད་དོ།

 རྩོམ་པ་པོས་རྒྱལ་པོ་ལྷ་སྣང་སྟོབས་ལྡན་དང་སྲས་ཆོས་ཀྱི་དགའ་བ་མི་རབས་སྔ་གཞུག་གཉིས་ཀྱི་བདེ་སྡུག་གི་འགྱུར་བ་དེ་བརྗོད་བྱར་བཟུང་ནས་ལས་འབྲས་ཀྱི་གནད་གང་མང་ཞིག་བསྟན་པ་དང་ཆབས་ཅིག རྩོམ་པ་པོས་ཡབ་རྒྱལ་པོ་དང་སྟོང་དཔོན་ཡཤེའི་འབྲེལ་བ།   བློན་བཟང་ཡེ་ཤེས་འཛིན་སོགས་རྒྱང་འབུད་དུ་བཏང་བ།   ལ་གཱ་ཨཱ་ན་རྒྱལ་སྲས་ཀྱི་བེམ་པོར་གྲོང་འཇུག་གིས་ཕོ་བྲང་ནས་རྒྱལ་སྲིད་བསྐྱངས་ཚུལ་སོགས་ཀྱི་གཏམ་སྤེལ་ཏེ་དུས་སྐབས་ཤིག་གི་མུན་ནག་སྤྱི་ཚོགས་ལ་ཟུར་ཟ་བྱས་ཡོད་པ་མ་ཟད། མཐོ་རིམ་དབང་སྒྱུར་པ་སྐོར་ཞིག་གིས་ཁྱོད་ཤི་ང་གསོན་གྱིས་སྲིད་དབང་འཕྲོག་རྩོད་བྱེད་ཅིང་ཉམས་རྒུད་དུ་འགྲོ་བཞིན་པའི་ཕོ་བྲང་ཞིག་གི་ཕྱི་ནང་གི་གནས་ཚུལ་དང་བཅས་པ་ཞིབ་འབྲི་བྱས་ཡོད། རྟོགས་བརྗོད་འདི་ལ་བསྡོམས་པས་ལེའུ་བདུན་ཡོད་ཅིང་། སྤྱིའི་ལུས་ཀྱི་རྣམ་པ་ནི་བཅད་ལྷུག་སྤེལ་མ་ཡིན།   ཚིག་སྦྱོར་ལེགས་ཤིང་གོ་སླ་བ་སོགས་རྩོམ་རྩལ་ལ་ཐུན་མོམིན་པའི་ཁྱད་ཆོས་ཡོད་པ་མ་ཟད།   སྐྱོ་གར་གྱི་རྣམ་པ་ཅན་གྱི་སྒྲུང་འབྲིང་དུ་གཏོགས་པས་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་སྟེང་གོ་ས་འོས་འཚམ་ཐོབ་ཡོད་པ་དང་། དམངས་ཁྲོད་དུའང་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཀྱང་དར་ཁྱབ་ཆེན་པོ་ཡོད་པ་ཞིག་ཡིན།