ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

༄༅། །མའོ་ཀྲུའུ་ཞི་རྗེས་སུ་དྲན་པའི་གཏམ།

སྤེལ་དུས 2023-12-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
མ་བཅོས་དགའ་གུས་མེ་ཏོག་དམར་པོ་ལག་པ་གཉིས་ཀྱིས་རབ་བཏེགས་ནས། །
མའོ་ཀྲུའུ་ཞིའི་བྱམས་བརྩེའི་འཛུམ་ཞལ་ཡིད་ཀྱི་མེ་ལོང་གཙང་མའི་ངོས། །
བྲིས་པ་མིན་ཀྱང་རྟག་ཏུ་འཆར་བའི་རྗེས་དྲན་སུས་ཀྱང་འགོག་ནུས་མིན། །
མ་བསྐུལ་གྲེ་འགྱུར་མགྲིན་པའི་ལམ་ནས་བསྟོད་བསྔགས་དབྱངས་སུ་བརྗོད་ལ་གཟིགས། །
རྔམས་བརྗིད་སྐར་ལྔའི་དར་དམར་རྣམ་བཀྲ་མེས་རྒྱལ་ས་ཡི་ལྟེ་བ་ན། །
མཛེས་ཤིང་ལྷུན་ཆགས་ཧྲའོ་ཧྲན་རི་ཁུལ་ཡིད་འོང་སོ་ནམ་གྲོང་ཚོའི་ནང་། །
གླིང་ལྔ་མཚོ་བཞིའི་མུན་པ་ཀུན་སེལ་ས་སྟེང་ཉི་མ་དམར་པོ་ཁྱེད། །
འོད་སྣང་འབུམ་གྱི་གཟི་བརྗིད་ངོམ་བཞིན་འཁྲུངས་པའི་དགའ་སྟོན་དེང་འདིར་ཤར། །
ཆེས་ཕྲའི་ན་ཚོད་མྱུ་གུའི་དུས་ནས་རླབས་ཆེན་དགོངས་པའི་ཡལ་འདབ་རྒྱས། །
མི་ཡི་རིགས་ཀྱི་སྡུག་བསྔལ་ཚ་གདུང་སྐྱོབས་བྱེད་གྲིབ་བསིལ་སྣུམ་པོ་བྱེད།།
ཕུལ་བྱུང་མཛད་པ་བཟང་པོའི་དྲི་བསུང་འཛམ་གླིང་ཡོངས་ལ་འཕྲོ་བ་ཡི། །
སྔོན་མེད་ཙནྡན་ལྗོན་པའི་མཆོག་ཁྱེད་འཇིག་རྟེན་འདི་ཡི་རྒྱན་དུ་མཛེས། །
གུང་སྔོན་མཛེས་རྒྱན་ཉི་མ་དམར་པོས་འཆར་ནུབ་རེག་འཇོག་སྐྱོན་བྲལ་ཞིང་། །
ཐལ་རྡུལ་སྤྲིན་གྱི་རང་འོད་མི་འགོག་གླིང་ལྔའི་མུན་པ་ལྷན་ཅིག་སེལ། །
བརྗིད་ཆགས་མཛེས་སྐུ་ཀུན་གྱི་སེམས་ནང་རྟག་ཏུ་གསོན་པོར་གནས་གྱུར་ན། །
རླབས་ཆེན་གཙོ་འཛིན་ཟླ་མེད་མཆོག་ཉིད་མཚོན་པའི་དཔེ་རུ་འོས་ཤིང་རིགས། །
མདུན་སྐྱོད་ཁ་ཕྱོགས་མ་ནོར་ལེགས་སྟོན་ཁྱེད་ཀྱི་གསུང་རྩོམ་མཐོང་བའི་ཚེ།།
ཀུན་གསལ་ནོར་བུའི་སྒྲོན་མེ་བཟུང་ནས་རྩེ་གཅིག་མིག་གིས་གཡེང་མེད་ལྟས། །
ཁྱེད་གསུང་དགོངས་དོན་ལེགས་པར་ཤེས་ལ་སྐོམ་པ་ཆུ་འདོད་ལྟ་བུ་ཡི། །
འོད་གསལ་ནོར་བུའི་སྒྲོན་མེ་འབར་བ་ཉིན་མཚན་ཀུན་ཏུ་ལྟ་ལ་བྲེལ། །
མདུན་སྐྱོད་རྐང་པའི་འདེགས་འཇོག་ཟུང་གིས་ས་ཆེན་གནོན་པའི་གོམ་བགྲོས་ཀྱིས། །
ལེ་དབར་ཉི་ཁྲི་ལྔ་སྟོང་ལམ་ལྡན་ཞིང་ཆེན་བཅུ་གཅིག་ཀུན་བགྲོད་པའི། །
སྔོན་ཆད་མ་བྱུང་འགྱངས་རིང་དམག་བསྐྱོད་བརྗིད་ཉམས་རླབས་ཆེན་མཛེས་རིས་ཤིག།
དམར་མདངས་འཕྲོ་བའི་ཤོག་ངོས་གཙང་མར་ལྷད་མེད་གསེར་གྱི་ཚོན་ལས་བྲིས། །
ཕ་མཐའ་མི་མངོན་དགུང་སྔོན་ནམ་མཁའ་ས་སྟེང་ངོས་སུ་བབ་པ་བཞིན། །
གནམ་ས་ཁྱུད་མིད་བྱེད་དང་འདྲ་བའི་དྲག་ཏུ་འཕྱོ་བའི་རྦ་རླབས་ཀྱིས། །
འདབ་ཆགས་དག་ཀྱང་བགྲོད་པར་དཀའ་བའི་ཆུ་ཀླུང་རབ་མེད་རྣམ་མང་པོ། །
དུས་སུ་མིག་གི་འབྱེད་འཛུམ་ཡུན་ལ་འཕུར་བ་ཇི་བཞིན་ཡུད་ཀྱིས་བརྒལ། །
རྩེ་མོ་གངས་རི་མཐོ་བརྩེགས་རབ་མཛེས་སྤྲིན་དཀར་ཐུག་པའི་མགུལ་ཆིང་ཅན། །
རྐེད་པར་ནགས་ཀྱི་སྐ་རགས་ལེགས་འཆིང་ལྷུང་ལྷུང་འབབ་ཆུའི་གཡེར་ཁ་ཁྲོལ། །
རྩ་བར་སྣ་ཚོགས་མདོག་ལྡན་བྲག་རི་གཡང་གཟར་རྔམ་བརྗིད་སྨད་གོས་གྱོན། །
མཐོ་ཞིང་ཆེས་མཐོའི་རི་ཆེན་དག་ཀྱང་རྐང་པའི་གོམ་འགྲོས་འོག་ཏུ་མནན།།
རི་བྲག་ལྗོན་ཤིང་དམག་ཏུ་ཡོངས་འཁྲུལ་གོམ་གང་མདུན་དུ་བསྐྱོད་ལ་འཇིག། །
རླུང་གིས་འཁྱེར་བའི་ཤིང་ལོའི་སྒྲ་ཡང་དམར་དམག་འགྲོ་འོང་བྱེད་དང་མཚུངས། །
སྟོབས་ཤུགས་དབྱུག་པས་སྲན་ཕུང་གཏོར་འདྲ་ཕྱོགས་བཅུར་ཐོར་ཞིང་བྲོས་པ་ན། །
སེམས་མེད་ལྗོན་ཤིང་ཆུང་ངུ་རྣམས་ཀྱང་གད་མོས་འགྲམ་རུས་བྲལ་ལ་ཉེ། །
རྔ་དམར་གྱིས་རྒྱན་མདུང་རིང་རབ་རྣོ་འོད་འབར་རལ་གྲིའི་འཕྲུལ་འཁོར་གྱིས། །
གངས་རིའི་མདངས་འཛིན་རས་དཀར་ཐོད་བཅིངས་དཔའ་བོའི་བཟོ་ཞིང་དམར་དམག་གི །
དེང་དུས་ཅན་གྱི་དྲག་ཆས་ཀུན་ཚང་སྟོབས་ལྡན་དགྲ་བོའི་དཔུང་དམག་ཀུན། །
མིང་ཙམ་ཐོས་ཀྱང་སྙིང་རྩ་འདར་ནས་ལག་གི་མཚོན་ཆ་ས་ལ་ལྷུང་། །
རྒྱ་ཆེ་ཁྱོན་ཡངས་ས་གཞི་ཀུན་ལ་གསར་བརྗེའི་སོན་བཟང་ལེགས་བཏབ་པས། །
རླབས་ཆེན་རྒྱལ་ཁའི་འཛུམ་མདངས་ངོམས་པའི་མེ་ཏོག་འདབ་མ་ཡོངས་བཞད་ཅིང་། །
བདེ་སྐྱིད་འཚོ་བ་གསར་པའི་བཅུད་ལྡན་འབྲས་བཟང་(དེ་འཕྲོས་ཆད། )
 《མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ》ལས་བཏུས།