༄༅། །ལྔ་བཅུ་ཕྲག་བརྒྱ་བགྲང་བྱའི་ལོ་རྒྱུས་ཀྱི་རི་མོར། །
བཅུ་དྲུག་ཆ་ལྡན་ཇི་བཞིན་ཡར་འཕེལ་དང་མར་འགྲིབ། །
ཟོ་ཆུན་ཁྱུད་མོའི་འགྲོས་ལྟར་འཁོར་བ་ཡི་ཀྲུང་གོར། །
བདེ་སྡུག་དུས་བཞིའི་འགྱུར་བ་མི་འཛད་པའི་མཐའ་མ། །
རྩེ་མོའི་གྲངས་ལྡན་ས་འཛིན་ལྷུན་པོ་ཡི་ཞབས་སུ། །
ཀྲུང་ཧྭ་མི་རིགས་སྨག་རུམ་རྒྱ་མཚོ་རུ་ལྷུང་ཞིང་། །
ཏིལ་ལྟར་བཙིར་ཞིང་བརླན་བྲལ་ཡམ་ཤིང་ལྟར་བསྲེགས་པའི།།
ཐར་མེད་མི་བཟད་དུ་ཁའི་ཚར་བ་ཡིས་རབ་མནར། །
དེའི་ཚེ་ཧྲའོ་ཧྲན་རྩེ་དགའི་རི་བོ་ཡི་སྤོ་ལས། །
བློ་གྲོས་ཟེར་ཁྲི་འབུམ་ལྡན་འོད་སྣང་གི་ཕུང་བོ། །
དཔའ་མཛངས་མུན་ནག་མཐར་བྱེད་མི་རིགས་ཀྱི་སྐྱོབ་སྐར། །
མའོ་ཙེ་ཏུང་ཞེས་སྔོན་མེད་ཉི་གཞོན་ཁྱེད་ཤར་བྱུང་། །
མར་ལེ་རིང་ལུགས་བདེན་དོན་རིན་ཆེན་གྱི་ཏོག་དེ། །
ཀྲུང་གོའི་དོན་དངོས་ཟ་འོག་ཆུ་གོས་དང་སྦྲེལ་ཞིང་། །
གསར་བརྗེ་རྒན་རབས་ཀྲུང་གོའི་སྲོག་ཤིང་དུ་བྱས་པའི།།
ཕྱོགས་ལས་རྣམ་པར་རྒྱལ་པའི་གུང་ཁྲན་ཏང་དབུ་བརྙེས། །
དེ་མཐོང་ཙམ་གྱིས་ཀྲུང་ཧྭ་རིགས་ཁག་གི་མི་དམངས། །
འཆི་གསོའི་བདུད་རྩི་རྙེད་ལྟར་ཏང་གི་རྗེས་འབྲངས་ཏེ། །
སྔོན་གཤེགས་དཔའ་བོས་རང་གི་ཟུངས་ཁྲག་དང་བརྗེས་ནས།།
འཛམ་གླིང་གཡོ་འགུལ་ཐེབས་པའི་རྒྱལ་ཁ་ཁྲི་བླངས་ཡོད། །
བཙན་རྒྱལ་རིང་ལུགས་གདུག་ཅན་ལྕེ་གཉིས་ཀྱི་དུག་སྦྲུལ། །
དམག་ཤེད་ཅན་དང་ས་བདག་གནོད་འབུ་ཡི་ཁྱུ་སོགས། །
དམངས་ལ་འཚེ་བའི་ཕྱི་ནང་དགྲ་བགེགས་ཀྱི་ཚོགས་རྣམས། །
ཚར་བཅད་རྗེས་འཛིན་མིང་གི་ལྷག་མ་རུ་བརླགས་སོང་། །
སྔོན་ཆད་ནད་ཀྱིས་ཟིན་པའི་གཉིས་འཐུང་དུ་བརྩི་བའི། །
རླབས་ཆེན་མེས་རྒྱལ་ས་སྒང་ཡ་གླིང་གི་ལྟེ་བར། །
སྟོབས་འབྱོར་སྙན་གྲགས་གླིང་ལྔ་མཚོ་བཞི་ཀུན་ཁྱབ་པའི། །
རིན་ཆེན་བརྩེགས་པ་བཞིན་དུ་བརྗིད་ཉམས་ཀྱིས་འགྱིང་ཡོད།།
སྤྱི་ཚོགས་རིང་ལུགས་དཔྱིད་ཀྱི་དཔལ་ཡོན་ལྟར་རབ་བཞད། །
རྒྱལ་ཁབ་སྟོབས་ལྡན་མི་དམངས་བདེ་སྐྱིད་ཀྱིས་ཕྱུག་ལ། །
དཔལ་ཡོན་གཉིས་ཀྱི་གྲགས་སྙན་འཇིག་རྟེན་ན་འབར་བའི། །
ཨེ་མ་གང་གིས་མངོན་སུམ་གཟིགས་ན་ཅི་མ་རུང་། །
མཆོག་ཉིད་བལྟམས་ནས་མི་ལོ་བརྒྱ་ཕྲག་གཅིག་འཁོར་བའི། །
དུས་འདིར་ཉིད་ཀྱི་བཀའ་དྲིན་སྙིང་དབུས་ནས་བསམ་བཞིན།།
རིགས་ཁག་མི་དམངས་ཀུན་གྱིས་གཙོ་འཛིན་ཁྱེད་དྲན་ནས། །
མིག་ནས་མཆི་ཞག་འཁོར་བཞིན་བཀའ་དྲིན་ཞིག་ཞུའོ། །
——《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རྩོམ་རིག་བརྩམས་ཆོས་ཕྱོགས་བསྒྲིགས》