གོམ་བརྒྱའི་བརྙན་ཕབ་ཁྲོམ་ལམ།
སྤེལ་དུས 2014-08-19
ཡོང་ཁུངས། 《ས་སྲོས་ཀྱི་འཆར་སྒོ》
རྩོམ་པ་པོ། བཀྲ་ཤིས་དཔལ་ལྡན།
ལོ་རབས་བརྒྱད་ཅུ་པའི་ལོ་དཀྱིལ་ཙམ་ནས་མགོ་ཚུགས་ཏེ་ལྷ་སར་བརྙན་ཕབ་སྟོན་པའི་ལས་རིགས་དར་ཁྱབ་ཆེན་པོ་བྱུང་བས་སྐབས་དེར་བརྙན་ཕབ་ལྟ་ཐེངས་རེར་སྒོར་ཟུར་དྲུག་སྤྲོད་དགོས་པ་དེ་གློག་བརྙན་པ་སེའི་རིན་གོང་གི་ལྡབ་གསུམ་ཙམ་ཡིན་ནའང་ལྟ་ཐེངས་རེ་རེ་བཞིན་སྟོང་བར་གཏན་ནས་ལུས་ཀྱི་མེད། བརྙན་ཕབ་སྟོན་ཁང་ཁྱབ་ཇེ་ཆེར་སོང་བ་དང་། འགྲན་སྡུར་ཤུགས་ཇེ་ཆེར་སོང་བ་དེས་བརྙན་ཕབ་སྟོན་ཁང་གི་པ་སེའི་རིན་གོང་སྟོན་ཐེངས་རེར་སྒོར་གཉིས་རེ་བར་འཕར་ནའང་གང་མགྱོགས་གོང་ཚད་ཆག་མགོ་ཚུགས་ཏེ་ཐམས་ཅད་གོང་ཚད་འཕར་བཞིན་པའི་ཞབས་ཞུའི་ལས་རིགས་ཀྱི་གོང་ཚད་འཕེལ་ཕྱོགས་དང་ལྡོག་ཕྱོགས་སུ་གྱུར་ནས་ཡུན་རིང་མ་སོང་བར་ལྟ་ཐེངས་རེར་སྒོར་རེ་བར་ཆག་པར་མཇཟད། ཐ་ན་བརྙན་ཕབ་སྟོན་ཁང་དུ་འཛུལ་ཐེངས་རེར་སྒོར་གཅིག་བར་ཆག་པས་སྐབས་དེར་གལ་ཏེ་ཁྱེད་རང་ལ་དུས་ཚོད་ཡོད་པ་དང་ཐ་མག་གི་དུ་སྨུག་ཁྲོད་དུ་མུ་མཐུད་ལྟད་མོར་ལྟ་འདོད་ཡོད་ན་སྒོར་གཅིག་སྤྲད་དེ་ཉིན་གང་ལ་བལྟས་ནའང་དངུལ་འཕར་མ་སྡུད་མཁན་མེད།
མི་ཚོའི་ལྟད་མོར་ལྟ་འདོད་ཀྱི་ཨ་གསར་ཡོལ་མེད་ནའང་བརྙན་འཕྲིན་འཕྲིན་ལམ་དང་ལེ་ཚན་ཕུན་སུམ་ཚོགས་པར་སོང་བ་དང་། ཁྱིམ་ཚང་ནང་བརྙན་ཕབ་སྟོན་སྤྱད་ཉོ་མཁན་མང་དུ་སོང་བ་དེས་ལྷ་སའི་བརྙན་ཕབ་སྟོན་པའི་ལས་རིགས་སམ་ཚོང་ལ་བརྡབ་ཤུགས་ཆེན་པོ་ཕོག་པས། ད་ཆ་ཆེད་མངགས་བརྙན་ཕབ་སྟོན་ཡུལ་ཉུང་ཤས་ལས་ལྷག་མེད་པར་དེའི་ཚབ་ཏུ་གོ་ཉིས་ཆོད་ཀྱི་རིན་མེད་བརྙན་ཕབ་སྟོན་ཁང་དེ་བས་མང་བ་ཞིག་དར། དེ་ཡང་ལྷ་ས་བ་རྣམས་ལ(ལྷ་སར་སྐྱེས་པ་ཁོ་ན་མིན)ཇ་མངར་མོ་འཐུང་བའི་གོམས་སྲོལ་ཞིག་ཡོད་པར་མ་ཟད། ཇ་མངར་མོར་ཧ་ཅང་དད་པོ་ཡོད་པས་ཇ་ཁང་ནི་ལྷ་སའི་བཟའ་བཏུང་ཞབས་ཞུའི་ལས་རིགས་གྱི་གྲུབ་ཆ་ཆེན་པོ་ཞིག་ཏུ་གྱུར་བ་དང་། ཇ་ཁང་གི་ཚོང་རྒྱུག་པོ་ཡོད་པས་ཉེ་བའི་དུས་ནས་བཟུང་ལྷ་སར་ཇ་ཁང་གསར་བ་མང་པོ་ཞིག་ཐོན། འོན་ཀྱང་ཇ་ཁང་རྙིང་བ་སྐད་གྲགས་ཅན་དེ་དག་གིས་རྒྱུན་དུ་ཇ་འཐུང་མཁན་མགྲོན་པོ་རྣམས"སྒེར་བདག"བྱས་པའི་དབང་གིས་གསར་དུ་ཐོན་པའི་ཇ་ཁང་ལ་རྐང་ལག་རྐྱོང་སའི་གོ་ཡུལ་མ་རྙེད་པར་ཅི་བྱ་གཏོལ་བྲལ་དུ་གྱུར་བའི་སྐབས་དེར་སུས་བཏོད་མིན་མ་ཤེས་པར་ཇ་ཁང་ནང་རིན་མེད་བརྙན་ཕབ་སྟོན་པའི་ཐབས་ཤེས་ཤིག་གསར་དུ་བཏོད་པ་དང་། ཡུན་རིང་མ་འགོར་བར་ལྷ་སའི་སྲང་ལམ་དང་ཁྲོམ་ལམ་གང་སར་ཁྱབ་པའི་ཇ་ཁང་ཆུང་ཆུང་ཚང་མིའི་ནང་རིན་མེད་བརྙན་ཕབ་བསྟན་ཏེ་ལྟད་མོར་དགའ་བའི་མགྲོན་པོ་མང་པོ་ཞིག་བཀུགས།
ར་མོ་ཆེའི་ལྷོ་ནས་བྱང་བར་དུ་ཁྲོམ་ལམ་ཞིག་ཡོད་པ་དེའི་མིང་ལ་ར་མོ་ཆེ་ལམ་ཟེར། ཁྲོམ་ལམ་དེའི་ལྷོ་སྣེ་སྐད་གྲགས་ཆེ་བའི་ཁྲོམ་གཟིགས་སྒང་ལ་ཐུག་ཡོད་པ་དང་། བྱང་སྣེ་གླིང་སྐོར་ལམ་ཆེན་ལ་ཐུག་ཡོད་པས་ར་མོ་ཆེ་ནས་ཁ་བཀྲག་གཞུང་ལམ་སྟེང་དུ་ཐོན་གྱི་ཡོད། ཁྲོམ་ལས་དུམ་བུ་དེར་ག་རེ་ཟེར་ནའང་གོམ་པ་བརྒྱ་དང་ཉི་ཤུའི་གཡས་གཡོན་ལས་མེད་པས་ཁྲོམ་ལམ་གྱི་སྟོད་ནས་བལྟས་ན་ཁྲོམ་སྨད་མཐོང་ཐུབ་པ་དང་ཁྲོམ་སྨད་ནས་བལྟས་ན་ཁྲོམ་སྟོད་ཀྱི་མི་ངོ་ཤེས་ཐུབ་ཀྱི་ཡོད་མོད། དེའི་གཡས་གཡོན་དུ་ཚོང་ཁང་དང་། ཟ་ཁང་ཆང་ཁང་། རོལ་རྩེད་ཁང་། གསེར་དངུལ་རྡུང་ས། མགྲོན་ཁང་སོགས་མང་པོ་ཡོད་ཁར་ད་དུང་ལྷ་སའི་བྱང་ཤར་འདབས་སུ་འགྲོ་མཁན་རྡལ་གཏོང་རླངས་འཁོར་གྱི་འབབ་ཚུལ་ཡོད་པ་དང་། སེ་ར་དགོན་པར་མཆོད་མཇལ་བ་སྐྱེལ་མཁན་ལག་སྐྱོར་འཕྲུལ་འཁོར་མང་པོ་ཞིག་ཀྱང་དེ་གར་སྒུག་ནས་སྡོད་ཀྱི་ཡོད་པས་འཁྲུག་ཆ་ཤིན་ཏུ་དོད། ལྷག་པར་དུ་མི་རྣམས་ཡ་མཚན་དགོས་པ་ཞིག་ནི་སྐ་རགས་ཀྱི་རིང་ཐུང་ཙམ་ལས་མེད་པའི་ལམ་དུམ་བུ་དེའི་ཐོག་ཟ་ཁང་ཁག་བཅུ་བཞི་ཡོད་པ་དང་དེ་དག་ཚང་མའི་ནང་བརྙན་ཕབ་སྟོན་གྱི་ཡོད་ཅིང་། ལྷ་སར་ཁྲོམ་ལམ་ཐུང་ཐུང་དེ་འདྲ་ཞིག་ནང་ཇ་ཁང་མང་པོ་དེ་ལྟར་མཉམ་དུ་འཛོམས་པ་མཐོང་རྒྱུ་མེད་པས་དེ་ལ"གོམ་བརྒྱའི་བརྙན་ཕབ་ཁྲོམ་ལམ"ཞེས་པའི་མཚན་གསོལ་བར་བྱའོ།
ལོ་ངོ་ཆིག་སྟོང་སུམ་བརྒྱའི་སྔ་རོལ་ཏུ་ཨ་ཅེ་རྒྱ་བཟའི་རྫོང་སྐལ་ཇོ་བོ་ཤཱཀྱ་མུ་ནེའི་སྣང་བརྙན་བླུགས་པའི་ཤིང་རྟ་འཁོར་ལོ་བྱེད་མའི་ནང་བྱིངས་ཏེ་འདོད་མ་ཐུབ་སྐབས་རྒྱ་བཟས་རྩིས་བསྐོར་རྗེས་དེ་གར་གཙུག་ལག་ཁང་བཞེངས་པའི་དགོས་ལག་ཡོད་པ་ཤེས་པའི་སྐོར་གྱི་ལྷ་སྒྲུང་གིས་ཡོངས་སུ་གང་བའི་ར་མོ་ཆེ་ནས་གླིང་སྐོར་ལམ་མདོ་བར་སོང་ན་ཁྱེད་ཀྱི་རྣ་ལམ་དུ་སུམ་ཝུའུ་ཁུང་གི་ངར་སྐད་དང་། ཕག་པའི་སྔུར་སྒྲ། ཐང་སིན་བླ་མའི་པ་ཎི། དྲག་འཛིང་གི་སྐད་སྒྲ་སོགས་ཐོས་ཐུབ་པ་དང་སྦྲགས་མིག་ལམ་དུ་རིགས་བཟང་ཟ་ཁང་དང་འཛོམས་སྐྱིད་ཟ་ཁང་། ཉིད་ཞ་ཟ་ཁང་། གཡང་འཕེལ་ཟ་ཁང་། ཨ་མདོ་བོད་རིགས་ཁང་། ཀུན་བཟང་ཟ་ཁང་། བཀྲ་ཤིས་ཟ་ཁང་། རྒྱལ་མཚན་ཇ་ཁང་། དགའ་སྣང་ཇ་ཁང་། སྤུན་ཟླའི་ཡན་ལག་ཟ་ཁང་། སྤྲོ་ལྡན་ཇ་ཁང་། གངས་ལྗོངས་ཟ་ཁང་བཅས་སྦྱིན་བསག་སོ་སོའི་རེ་འདོད་དང་མོས་པ་བཞིན་བཏགས་པའི་མིང་འདྲ་མིན་གྱི་སྒོ་བྱང་སྣང་ཚོགས་འཆར་ཐུབ་ཅིང་། དེ་དག་ལས་ཉིང་ཞ་ཟ་ཁང་ཞེས་པར་ཆུ་མངར་མོ་འཚོང་བ་ཕུད། དེ་བྱིངས་ཟུ་ཁང་ཟེར་ནའང་འདྲ། ཟ་ཁང་ཟེར་ནའང་འདྲ་གང་ལྟར་ཚང་མས་ཇ་མངར་མོ་དང་ཐུག་པ་བུལ་ཐུག (ད་ཆ་མི་མང་ཆེ་བས་བུལ་ཐུག་ཞེས་པ་དེ"བོད་ཐུག"དང"རྒྱ་ཐུག་ཅེས་མི་རིགས་མི་འདྲ་བའི་ལྟོ་ཆས་བཟོ་རྩལ་མི་འདྲ་བར་ངོས་འཛིན་བྱེད་པ་དང་མིང་ཡང"བོད་ཐུག"ཅེས་འབྲི་ཡི་ཡོད་མོད། དོན་དུ་རྒྱ་ཐུག་ཅེས་པ་ནི་ཐུག་པའི་ནང་སྒོ་ང་ཡོད་པར་ཟེར་བ་དང་། བུལ་ཐུག་ཅེས་པ་ནི་ཐུག་པར་བུལ་ཏོག་བརྒྱབ་སྟེ་ཚོས་་གཞི་སེར་པོ་བཟོས་པ་དེ་ལ་ཟེར)ཚོང་གི་ཡོད་ལ་ཐ་ན་བྲོ་བ་ཡང་འདྲ་པོ་ཡོད།