ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལྷུག་རྩོམ།

ཞེ་ས།

སྤེལ་དུས 2017-08-28 ཡོང་ཁུངས། 《ས་སྲོས་ཀྱི་འཆར་སྒོ》 རྩོམ་པ་པོ། བཀྲ་ཤིས་དཔལ་ལྡན།
      དབུས་གཙང་ཁུལ་དུ(གཙོ་བོ་ལྷ་སའི་སྐྱིད་ཆུ་དང་། ཡར་ཀླུང་གཙང་པོ།  མྱང་ཆུ་གཙང་པོ་རྒྱུག་ཁུལ་གྱི་གཡས་གཡོན་དུ་གནས་པའི་ཡུལ)གནས་པའི་མི་རྣམས་ལ་ཆེས་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་ལམ་ཆེས་ཡ་རབས་ཀྱི་སྐད་ཆ་ཤོད་སྟངས་ཤིག་ཡོད་པ་དེ་ནི་ཞེ་ས་ཡིན།   ཞེ་ས་ཞེས་པའི་ཐ་སྙད་དེ་མིང་ཚིག་གི་སྐབས་མོས་གུས་དང་ལྡན་པའི་སྐད་ཆ་དང་ཚིག་ཚོགས་ལ་གོ་བདང་བྱ་ཚིག་སྐབས་བཀུར་བའམ་གུས་འདུད་བྱེད་པའི་དོན་ལ་གོ

ཞེ་ས་ནི་དབུས་གཙང་གི་མོའི་སྐད་ཆའི་ནང་རྒྱུན་དུ་ཐོས་རྒྱུ་ཡོད་པ་ཞིག་ཡིན་ཞིང་གལ་ཏེ་ཁྱེད་རང་གིས་སྤྱིར་བཏང་གི་ཞེ་ས་ཡང་མི་ཤེས་ན་དེ་ནི་བསམ་ཚོད་བྱ་ཐབས་བྲལ་བ་ཞིག་ཡིན་ཞིང་།   རྣམ་ཀུན་འཚོ་བའི་ནང་དང་ལྷག་པར་དུ་བླ་མ་དཔོན་པོའི་དྲུང་དུ་བཅར་བ་དང་།   ཡང་ན་མི་གཞན་དང་ཕན་ཚུན་འགྲོ་འོང་དང་མགྲོན་འབོད་བྱེད་སྐབས།  དེ་འདྲའི་རྒྱུས་མངའ་མེད་པའི་མི་དང་གཏམ་གླེང་བྱེད་སྐབས་སྐད་ཆ་ཤོད་མི་མི་བདེ་བ་དང་ཐ་ན་ཧ་ཅང་ཁ་སྐྱེངས་པོ་བཟོ་སྲིད་གལ་ཏེ་རྒྱུས་མངའ་མེད་པའམ་ཡང་ན་འདྲིས་གཤིབ་དེ་ཙམ་མེད་པའི་མིའི་ཁྱིམ་དུ་ཁྱེད་རང་དོན་སྒྲུབ་པའམ་མགྲོན་པོར་སྐྱོད་སྐབས་ཁྱེད་རང་གི་སྐད་ཆའི་ཚིག་སྤྱོད་སྟངས་ནི་ཁྱེད་རང་གི་ཤེས་བྱ་ཡོན་ཏན་དང་།

ཁྱིམ་ཚང་གི་སྐྱེས་ཁུངས་དྲག་ཞན།  སྤྱོད་ལམ་དང་གཤིས་རྒྱུད་བཟང་ངན་བཅས་ལ་ཟུར་ནས་ལྷ་བའི་དཔྱད་གཞི་གལ་ཆེན་ཞིག་ཡིན་པ་དང་གཏམ་དཔེར་ཡང"ཡ་རབས་ཕྱག་དང་ཞེ་ས་མཁས།   །མ་རབས་སྙིང་དང་སྡུག་གྲོད་ཆེ་ཞེས་པ་ལྟར་སླར་ཡང་གཤིབ་པའི་གོ་སྐབས་མེད་ཚེ་ཁྱེད་རང་གི་མི་ཚེ་གཅིག་གི་ལེགས་ཉེས་བཟང་ངན་གྱི་གདེང་འཇོག་ཏུ་འགྱུར་བ་དང་།     ཡང་བསྐྱར་གཤིབ་པའི་གོ་སྐབས་ཡོད་ཀྱང་སྐབས་ཤིག་རིང་གི་གདེང་འཇོག་དང་བག་ཆགས་སུ་འགྱུར་ངེས་པས་འཕྲད་ཐེངས་དང་པོར་མི་གཞན་ལ་བག་ཆགས་བཟང་པོ་ཞིག་འཇོག་དགོས་སྙམ་ན་ཞེ་ས་བརྗོད་པ་ནི་ཧ་ཅང་གལ་ཆེ།"

ཞེ་ས་ནི་སྐད་ཆ་ཧ་ཅང་མཛེས་པོ་ཞིག་ཡིན་པ་དང་ཕན་ཚུན་སྨྲ་བ་ཤོད་སྐབས་ཞེ་ས་བྱས་ཚེ་དེ་ནི《བཤེས་སྤྲིངས》ལས"རྒྱལ་བས་སྙིང་ལ་འབབ་དང་བདེན་པ་དང་།     །ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ཀྱིས་ནི།   །སྦྲང་རྩི་མེ་ཏོག་མི་གཙང་ལྟ་བུའི་ཚིག    །རྣམ་གསུམ་བཀའ་བསྕལ་དེ་ལས་མཐའ་མ་སྤངས"ཞེས་པ་ལྟར་རང་གིས་བརྗོད་པར་འདོད་པའི་དོན་རྣམས་མི་གཞན་གྱི་རྣ་བར་བབ་པོའི་སྒོ་ནས་སྨྲ་ཐུབ་དང་གཏམ་སྙན་པོ་དང་མཛེས་པོ་མི་སེམས་ལ་ཟུག་ཐུབ་པ་ཞིག་ཡོང་ངེས།

ཞེ་ས་སྤྱོད་ཤེས་ན་རྒྱུན་ལྡན་འཚོ་བའི་ནང་གི་སྐད་ཆ་གང་འདྲ་ཞིག་ལའང་ཧ་ལམ་མི་ཁྱབ་པ་མེད་ཅིང་།   ད་ཆ《བོད་ཀྱི་ཞེ་སའི་ཚིག་མཛོད》ཀྱང་རྩོམ་སྒྲིག་བྱས་ཡོད་པས་བོད་རིགས་ལྟ་བུའི་ཞེ་ས་ཕུན་སུམ་ཚོགས་པ་ནི་འཛམ་གླིང་སྟེང་གི་མི་རིགས་གཞན་དག་གང་ལངང་ཡོད་པ་མ་གོ།    དཔེར་ན་མིའི་ལུས་ཁམས་ཀྱི་དབང་པོ་ཡུན་ལག་ཐད་ནས་བརྗོད་ནའང་ཚང་མར་ཞེ་ས་རེ་ཡོད་དེ།

ལུས་ལ་སྐུ་དང་།   མགོ་ལ་དབུ།    མིག་ལ་སྤྱན།   སྣ་ལ་ཤངས།    ཁ་ལ་ཞལ།   རྣ་ལ་སྙན་ཅོག    སྐེ་ལ་མགུལ།   ལག་པ་ལ་ཕྱག     རྐང་པ་ལ་ཞབས།   དེ་བཞིན་མགོ་དང་འབྲེལ་བ་ཡོད་པ་མགོ་ཁྲིད་ལ་དབུ་ཁྲིད་དང་།   སྐྲ་ལ་དབུ་སྐྲ།   ཞྭ་མོ་ལ་དབུ་ཞྭ།    མགོ་ན་བ་ལ་དབུ་བསྙུན།    མགོ་འཁོར་བ་ལ་དབུ་འཁོར།    དེ་བཞིན་མིག་ཆུ་ལ་སྤྱན་ཆབ།    ཁ་ཆུ་ལ་ཞལ་ཆུ་དང་མཆུ་ལ་ཞལ་མཆུ།    ལས་ཀ་ལ་ཕྱག་ལས་དང་།  ཡི་གེ་ལ་ཕྱག་རིས(བྲིས)སྨྱུ་གུ་ལ་ཕྱག་སྨྱུག    ལག་ཆ་ལ་ཕྱག་མཚན་སོགས་དང་།   ལྟོ་ཆས་ཟ་བ་ལ་ཞལ་ལག་མཆོད་པའམ་གསོལ་ཚིགས་བཞེས་དང་ཐ་ན་གཅིག་གཏོང་བར་ཡང་ཆབ་གསང་གནང་ཞེས་ཚང་མར་ཞེ་ས་རེ་ཡོད།    དེ་དག་ཀྱང་རང་དགར་བཏགས་པ་ཞིག་དང་བྱུང་རྒྱལ་དུ་སྨྲ་བ་ཞིག་མ་ཡིན་པར་ཚང་མར་ངེས་གཏན་གྱི་ཆོས་ཉིད་དང་རྒྱུ་མཚན་རེ་ཡོད།

ཞེ་ས་ནི་དང་ཐོག་གཞན་ལ་གུས་ཞབས་མཚོན་ཕྱིར་སྤྱོད་པས་རྣམ་ཀུན་ཞེ་ས་བྱ་ཡུལ་གཙོ་བོ་ནི་བླ་སྤྲུལ་དང་དགོན་སྡེའི་ནང་གི་དགེ་འདུན་པ།   རང་ཉིད་ཀྱི་གོང་རིམ་དང་དགེ་རྒན།   ཕ་མ།   རྒན་རབས།  བཟའ་ཚང་།  དེ་བཞིན་འདྲིས་གཤིབ་མ་མྱོང་བའི་མི་སོགས་ཡིན།    ཞེ་སའི་ཆེས་རྨང་གཞིར་གྱུར་པ་ནི་དང་ཐོག་མིའི་མིང་ནས་འབོད་སྐབས་མིང་གི་མཇུག་ཏུ་ལགས་ཞེས་ངེས་པར་དུ་འབོད་དགོས་ཏེ་དཔེར་ན་མིང་ལ་བཀྲ་ཤིས་ཟེར་བ་ལ་བཀྲ་ཤིས་ལགས་ཞེས་འབོད་དགོས་པ་དང་མིང་ལ་སྒྲོལ་མ་ཟེར་ན་སྒྲོལ་མ་ལགས་ཞེས་འབོད་དགོས་གལ་ཏེ་མིང་མི་ཤེས་པའི་རྒན་རྒོན་ཞིག་ཡིན་ཕྱིན་སྤོ་བོ་ལགས་སམ་རྨོ་བོ་ལགས་ཞེས་དང་།   དེ་ལས་ཅུང་གཞོན་ཙམ་ལ་པཱ་ལགས་དང་ཨ་མ་ལགས་ཞེས་འབོད་དགོས།   དར་མ་ཡིན་ཚེ་ཅོག་ལགས(ཨ་ཇོ་ལགས)དང་ཨ་ཅག་ལགས་ཞེས་འབོད་དགོས།    རང་ཉིད་ལས་ལོ་ཆུང་བར་བུ་ལགས་དང་བུ་མོ་ལགས་སམ་ཡང་ན་བུ་ད་བུ་མོ(ཨོ་ལོ)ཞེས་འབོད་དགོས་པར་མ་ཟད་དེང་སྐབས་སྤྱིར་བཏང་གི་རྒྱལ་ཁབ་ལས་བྱེད་པ་ཁྱོན་ཡོངས་ལ་རྒན་ལགས་ཞེས་འབོད་སྲོལ་ཡང་ཡོད།   དེ་བཞིན་ཁྱིམ་ཚང་ནང་དུའང་རྒན་རབས་རྣམས་ལ་གོང་གསལ་འབོད་པར་མ་ཟད་ད་དུང་ཕུ་བོ་ལ་ཇོ་ལགས་དང་།  ནུ་བོ་ལ་ཨོའོ་ལགས།   མནའ་མ་ལ་སྙིང་སྙིང་ལགས་སམ་པེ་ས་ལགས་སོགས་འབོད་པ་དང་ད་དུང་སྐུ་དྲག་དང་བླ་བྲང་སོགས་ཀྱི་ཁྱིམ་ཚང་ལ་གཟིམ་ཤག་ཅེས་འབོད་དགོས་ཤིང་།   ཁྱིམ་དེའི་སྦྱིན་བདག་རྒན་གཞོན་ལ་སྐུ་ངོ་དང་།  སྦྱིན་བདག་མ་རྒན་གཞོན་ལ་ལྕག་སྐུ་ཞབས་ཞེས་འབོད་དགོས་ཀྱི་ཡོད།

ད་ཆ་མི་མང་པོ་ཞིག་དང་ལྷག་པར་དུ་གྲོང་ཁྱེར་ནང་གི་ལོ་ན་གཞོན་པ་དང་།  རྒྱ་མ་བོད།   རྒྱ་ནག་ཏུ་སློབ་གྲྭར་ཡུན་རིང་འགྲིམས་པ་རྣམས་ཀྱིས་ཞེ་ས་ཡག་པོ་མི་ཤེས་པར་མ་ཟད།    ཐ་ན་བོད་སྐད་ཆ་ཚང་ཞིག་ཀྱང་ཤོད་མི་ཤེས་པས་བོད་སྐད་བརྒྱབ་སྟེ་ཁོ་ཚོ་དང་གཏམ་གླེང་བྱེད་སྐབས་ཧ་ཅང་ཁག་པོ་ཡོད།  དེ་བས་ཞེ་ས་བྱས་ཚེ་བོད་སྐད་སྦྱོང་བཞིན་པའི་ཕྱི་རྒྱལ་བར་གཏམ་གླེང་བྱེད་པ་བཞིན་ཁོ་ཚོས་ཞེ་ས་ཁག་ཅིག་ཐོས་མི་ཐུབ་པ་དང་ཞེ་ས་ཁག་གཅིག་ཕྱིན་ཅི་ལོག་ནས་བརྗོད་ཀྱི་ཡོད་དེ།  དཔེར་ན"ངས་ཁོང་ལ་དེ་ལྟར་ཞུས་པ་ཡིན"ཟེར་བ་ལ"ངས་ཁོང་ལ་དེ་ལྟར་གསུངས་པ་ཡིན"ཞེས་དང་།   སྟོན་མོ་སོགས་ཀྱི་སྐབས"ང་ཆང་ཞུ་ཡི་མེད"ཟེར་བ་ལ"ང་མཆོད་ཀྱི་མེད"ཅེས་བརྗོད།  ད་དུང་ངས་ཁོང་ཞལ་ཚོར་གྱི་ཡོད"ཟེར་བ་ལ"ངས་ཁོང་ངོ་མཁྱེན་གྱི་ཡོད"ཅེས་ཤོད་པ་སོགས་ནི་ཁོ་ཚོའི་རྒྱུན་འབྱམས་ཀྱི་ཤོད་སྟངས་ཤིག་ཡིན་པས་རྟག་ཏུ་ཐོས་རྒྱུ་ཡོད་ལ་ཀུན་གྱིས་ཡ་མཚན་དུའང་འདོད་ཀྱི་མེད།

གོང་དུ་བརྗོད་པ་ལྟར་སྤྱིར་ན་སྲོལ་རྒྱུན་ཤོད་སྲོལ་ཐོག་གི་སྐུ་དྲག་དང་རིགས་རུས་མཐོ་བ་དག་ཞེ་སར་མཁས་པ་དང་ལྷག་པར་དུ་སྲིད་གཞུང་རྙིང་པའི་ལས་བྱ་བྱེད་མྱོང་མཁན་དང་སྔོན་མའི་སྐུ་དྲག་རྒན་གྲས་དག་ནི་ཞེ་སར་ཤིན་ཏུ་མཁས།  ཁོང་ཚོའི་ཁྱིམ་ཚང་ནང་རྒྱུན་དུ་ཕན་ཚུན་ལ་པཱ་ལགས།   ཨ་མ་ལགས།    ཇོ་ལགས།  ཨོའི་ལགས་སོགས་ཀྱིས་འབོད་རེས་བྱེད་ཀྱི་ཡོད་པས་ཁོང་ཚོའི་འཁྲིས་སུ་སྐད་ཆ་ཤོད་སྐབས་ཞེ་ས་ལེགས་ཙམ་ཤེས་མཁན་གྱི་མི་ཡང་ཞེ་སའི་ཚིག་གིས་ཕོངས་པར་བྱེད་པ་དང་།   ཞེ་ས་མི་ཤེས་མཁན་ནི་སྐད་རིགས་གཞན་ཞིག་སྤྱད་དེ་གཏམ་གླེང་བྱེད་པ་བཞིན་ཧ་ལམ་གོ་བརྡ་མི་འཕྲོད་པ་ཙམ་དུ་གྱུར་ནས་ཅི་བྱ་གཏོལ་བྲལ་དུ་འགྱུར་གྱི་ཡོད།   ཞེ་སའི་སྤྱོད་གོ་གཙོ་བོ་ནི་མི་ལ་གུས་ཞབས་མཚོན་པར་བྱེད་ཆེད་ཡིན་ནའང་སྐབས་འགར་དེ་ཡང་རང་ཉིད་ཀྱི་སྐྱེ་ཁུངས་དང་ཡ་རབས་ཀྱི་སྤྱོད་ལམ་ངོམ་སོ་བྱེད་སྤྱད་དུ་གྱུར་འདུག་པས།   ཡུལ་དུས་གང་དུའང་ཞེ་ས་སྤྱོད་གང་ཐུབ་བྱེད་པ་དང་།  མི་ལ་ལའི་སར་ཞེ་ས་དེ་ཡང་ཟོལ་དང་ངོ་བསྟོད་བྱེད་སྤྱད་དུ་གྱུར་ནས་རང་གིས་རེ་བ་ཞུ་ཡུལ་ལམ་རང་རང་གི་མགོ་ཁྲིད་ཀྱི་དྲུང་དུ་ཚད་ལས་འདས་པའི་ཞེ་ས་བྱེད་པ་དང་ཐ་ན་ཁོ་ཚོའི་ཕྲུ་གུ་ཆུང་ཆུང་ལའང་ཞེ་ས་མི་བྱེད་རྒུ་བྱེད་བྱེད་ཀྱི་ཡོད་མོད།  ཉན་མཁན་ལ་མཛེས་སྣང་མི་སྟེར་བར་དེ་བས་བཅོས་མ་དང་ཟོལ་ཟོག་གི་སྣང་བ་ཞིག་སྟེར་ལ་ཞེ་ས་བྱས་པའང་དོན་མེད་དུ་འགྱུར་གྱི་ཡོད་པས་ཞེ་ས་བྱེད་སྐབས་ཀྱང་ཡུལ་དུས་ལ་བསྟུན་གལ་ཆེ།    ཞེ་ས་བྱེད་པ་དེ་མ་གཞི་ཡ་རབས་ཀྱི་མཚོན་ཡུལ་ཞིག་ཡིན་ནའང་སྐབས་འགར་འཚམ་པོ་མེད་པ་དཔེར་ན་དགའ་ཉེ་གྲོགས་པོ་འཛོམས་ས་དང་།   བློ་མཐུན་དང་སློབ་གྲོགས་འཛོམས་སར་ཚད་ལས་འདས་པའི་ཞེ་ས་བྱས་ཚེ་ཕན་ཚུན་ག་དུས་ཡིན་ནའང་འཆམ་མཐུན་དང་འདྲིས་བདེ་གཤིབ་བདེའི་སྣང་བ་ཡོང་ཐུབ་ཀྱི་མེད་པས།  དེ་དུས་ཆེས་སྤྱིར་བཏང་དང་རྒྱུན་ལྡན་གྱི་ཞེ་ས་སྤྱོད་པ་ལས་སྐད་ཆ་ཚང་མ་ཞེ་སའི་རས་ཡོལ་གྱི་རྒྱབ་ཏུ་འགེབས་རྒྱུ་མེད།   ཞེ་ས་དེ་ཡང་ཚང་མ་གུས་ཞབས་མཚོན་པར་བྱེད་ཆེད་བརྗོད་པ་ཁོན་མ་ཡིན་པར་སྐབས་འགར་མི་ཁ་ཤས་ཀྱིས་ཁ་རྩོད་རྒྱག་སྐབས་ཀྱང་ཕ་རོལ་པོས་ཚིག་ངན་ཇི་ཙམ་བརྗོད་ཀྱང་ཚིག་ངན་མི་སྨྲ་བར་སྔར་བཞིན་ཞེ་ས་ལ་བརྟེན་ནས་ལན་རྒྱག་གི་ཡོད་པས་ཕ་རོལ་པོའི་སྨྱོ་བ་ལྟ་བུའི་ཚིག་མཚོན་ལ་བློ་རྣལ་དུ་ཕལ་སྟེ་ལན་རྒྱག་ཐུབ་པར་མ་ཟད་རང་ཉིད་ཀྱི་སྙན་གྲགས་ལའང་གནོད་མི་འགྱུར།    ད་དུང་མི་ལ་ལས་ཞེ་སའི་སྤུ་གྲི་རྣོན་པ་ལ་བརྟེན་ནས་ཕ་རོལ་པོའི་ཟོལ་མེད་དང་ཆ་ཚང་པོ་མེད་པའི་བྱེད་སྟངས་ལ་འཕྱ་སྨོད་དང་ཟུར་ཟ་བྱེད་པ་དང་།   མི་དེ་རིགས་ཀྱི་མདུན་དུ་ཞེ་ས་མི་སྤྱོད་རྒུ་སྤྱོད་ཀྱིས་ཁ་མཁས་པོ་དང་འདྲ་ཧ་ཅང་ཆགས་པོ་བྱེད་ནའང་རྒྱབ་ནས་གནོད་པ་ཁོ་ན་སྐྱེལ་གྱི་ཡོད་པས།

ཁོ་བོ་ནི་རྒྱུན་དུ་མི་དེ་རིགས་ཀྱི་སྐད་ཆ་སྙན་པོ་ལ་ལྷག་པར་སྐྲག་པ་དང་ཁོ་ཚོའི་སྦྲང་རྩི་ལྟར་མངར་ལ་དར་ལྟར་འཇམ་པའི་སྐད་ཆའི་རྒྱབ་ཏུ་རྩུབ་ལ་གནག་པའི་ངན་སྨྲས་ཇི་ཙམ་སྦས་ཡོད་དམ་སྙམ། ཞེ་ས་ནི་ཡ་རབས་གུས་ཞབས་ཀྱི་མཚོད་རྟགས་ཤིག་ཡིན་པ་དང་དེའི་ཐོག་ནས་མི་ཞིག་དང་།  ཁྱིམ་ཚང་ཞིག    མི་རིགས་ཤིག་བཅས་ཀྱི་བྱང་ཚད་དང་བསམ་པའི་དཔལ་ཡོན་གྱི་ཚད་གཞི་ངེས་ཅན་ཞིག་མཚོན་པ་དང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་གུས་ཞུབས་དང་མཛེས་སྡུག་ལྡན་པའི་སེམས་ཀྱི་ཡུལ་ཁམས་མངོན་གྱི་ཡོད་པས།   ང་ཚོས་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཤིག་ཏུ་ངོས་བཟུང་སྟེ་ཉམས་པ་སོར་ཆུང་དང་མ་ཉམས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་དང་།  དུས་མཚུངས་ཡུལ་དུས་སོ་སོ་ལ་བསྟུན་ནས་འོས་ཤིང་འཚམ་པ་དང་གཡོ་ཟོལ་མེད་པར་ལྷག་བསམ་རྣམ་དག་གིས་སྤྱོད་རྒྱུ་དེ་ནི་རིན་ཐང་ཆེན་པོ་ཞིག་ཏུ་མཐོང་།  དེ་ལྟར་ནའང་ཁོ་བོ་ནི་སྐད་ཆ་སྙན་པོ་བརྗོད་ཤེས་མཁན་ཞིག་མིན་པས་ཞེ་ས་མ་བྱས་ཀྱང་བློ་དཀར་སེམས་དཀར།   དཀར་དང་།   ཁ་གསལ་གཏིང་གསལ།   གང་བསམ་ལྷུག་པོར་བརྗོད་མཁན་བྱུང་ཚེ་དེ་ནི་མཁས་པོ་དང་སྙན་པོ་ཇི་ཙམ་བཤད་པ་ལས་ཀྱང་ལྷག་པར་དེ་བས་དགའ་པོ་ཡོད།

                                                                   1998ལོའི་ཟླ1བར་བྲིས།