ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལྷུག་རྩོམ།

གདོང་འབག

སྤེལ་དུས 2018-01-25 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། ཁུ་བྱུག་སྔོན་མོ།
             པགས་པ་ནི་རྟ་གཡག་སོགས་ཀྱི་ཕྱིའི་ཤུན་སྐོགས་ལ་ཟེར་བ་སུས་ཀྱང་ཤེས་ཏེ། དེ་ནི་རྒྱུན་སྤྱོད་ཀྱི་མིང་བརྡ་ཞིག་ཏུ་གྱུར་ཡོད་པས་སོ། །ཡིན་ནའང་། མི་ལའང་པགས་པ་ཡོད་པ་དང་། དེ་ནི་སྲོག་ཆགས་གཞན་མང་པོ་ཞིག་གི་པགས་པ་ལས་ཀྱང་མཐུག་པོ་ཞིག་ཡིན་པ་མི་ལ་ལ་ཞིག་ཡིད་ཆེས་དཀའ་ལ། སྔོན་ཆད་མིའི་པགས་པའམ་གཡང་གཞི་ཆ་ཚང་གི་སྟེང་དུ་དཔལ་ལྡན་ལྷ་མོ་སོགས་བཞེངས་པའི་ཐང་གའང་མང་པོ་ཡོད་ཅེས་སྨྲས་ཚེ། ཤིན་ཏུ་ནས་ཡ་མཚན་སྲིད་ལ་དོགས་སྣང་ཡང་སྐྱེ་ངེས།
             དོན་དུ་དེ་ནི་བདེན་པ་ཤ་སྟག་སྟེ། མངོན་སུམ་དུ་སྣང་ཞིང་གྲུབ་པས། ཡ་མཚན་དང་དོགས་སྣང་ཅི་ཡང་སྐྱེ་མི་དགོས། ཁོ་བོ་ནི་དེ་ལ་ཡ་མཚན་དང་དོགས་སྣང་ཅི་ཡང་མི་སྐྱེ་ཡང་། ཤིན་ཏུ་ནས་ཡ་མཚན་ཞིང་ཧང་སང་དགོས་པ་ཞིག་ཡོད་པ་ནི། མི་དེ་དག་གིས་པགས་པའི་འབག་གཞན་ཞིག་གདོང་ལ་གོན་འདུག་པ་དེ་རེད། དེ་ནི་ཟློས་གར་པ་དང་འཆམ་པས་གདོང་ལ་གོན་པའི་འབག་དང་། བྱིས་པ་དག་རྩེད་མོ་རྩེ་བྱེད་ཀྱི་འགྱིག་གི་འབག་དང་ཡེ་ནས་མི་འདྲ་ཞིང་། ཁྲ་ཁྲ་རིག་རིག་གི་ཚོང་ར་ན་ཉོ་རྒྱུ་ཡོད་པ་ཞིག་ཀྱང་གཏན་ནས་མིན་ལ། གཡུ་བྱུར་གྱི་རྒྱན་ཆ་བཞིན་བརྗིད་པོ་ཞིག་ཀྱང་ག་ལ་ཡིན་ཏེ་མ་ཡིན་ནོ། །
             གསལ་པོར་བཤད་ན། དེ་ནི་ཉིན་མཚན་མེད་པར་གདོང་ལ་གོན་ཏེ་བསྡད་ཡོད་པའི་འབག་ཅིག་སྟེ། ཁོར་ཡུག་མི་འདྲ་བ་སྣ་ཚོགས་དང་བསྟུན་ནས་སྐད་ཅིག་སྐད་ཅིག་ལ་འགྱུར་ནས་འགྲོ་བ་ཞིག་ཡིན་པས་ངོས་འཛིན་བྱེད་དཀའ་བར་སྣང་། གྲུ་བཞི་དང་ཟུར་གསུམ། ནར་མོ། འཇོང་པོ་སོགས་དབྱིབས་སྣ་ཚོགས་དང་། དཀར་པོ་དང་སེར་པོ། ནག་པོ། དམར་པོ་སོགས་མདོག་ཀྱང་སྣ་ཚོགས་སུ་མཆིས་ཤིང་། ལ་ལའི་དབྱིབས་དང་མདོག་ལ་མིང་ཡང་གདགས་པར་དཀའ། དེ་བས། དགྲ་དང་གྲོགས། གཉེན་ཉེ་དང་ནང་མི་སོགས་གང་ཡིན་མིན་ནི་ཕྱི་ཚུལ་གྱི་རྣམ་འགྱུར་ལ་བལྟས་ནས་རྟོགས་མི་ཐུབ་ལ། གཞན། ལྷ་དང་འདྲེ། བཙན། གཉན། བདུད། བགེགས་དང་འགོང་པོ་སོགས་ཀྱང་ལོགས་སུ་མེད་དེ། གལ་དང་གནད་ལ་ཐུག་དུས་དེ་དག་ཚང་མ་གདོང་འབག་གི་དབྱིབས་དང་མདོག་ལས་མངོན་ཡོང་།
             གདོང་འབག་དེའི་ཕན་ཆད་དུ། ད་དུང་དེའི་ཉེ་འཁོར་དུའང་གདོང་འབག་ཧ་ཅང་མང་། དངུལ་སྒོར་གྱི་གདོང་འབག་དང་ཤའི་གདོང་འབག ཆང་གི་གདོང་འབག བུད་མེད་ཀྱི་གདོང་འབག་སོགས་རིགས་མི་འདྲ་བ་མང་པོ་ཡོད། འགྲོ་འཆག་ཉལ་འདུག་གང་གི་སྐབས་སུའང་མི་དེ་དག་ནི་གདོང་འབག་དང་འབྲལ་མི་ཐུབ་ལ། ཐ་ན་རང་རང་སོ་སོ་ཡང་མ་གཞི་ནས་གདོང་འབག་ཅིག་སྟེ། རང་རང་སོ་སོ་ནི་མི་གཞན་ཞིག་གི་གདོང་འབག་ཡིན་ལ། མི་གཞན་དེ་ནི་གཞན་ཞིག་གི་གདོང་འབག་དང་། དེ་ཡང་གཞན་ཞིག་གི་གདོང་འབག་ཡིན་ཏེ། དེ་ལྟར་གཅིག་གིས་གཅིག་གདོང་ལ་གོན་ནས་ཟང་ཟིང་གི་ཟློས་གར་ཞིག་འཁྲབ་ཀྱིན། མི་ཚེ་ཞེ་འཁོན་དང་མནར་སྡུག ཁེར་རྐྱང་། ཞེད་སྣང་། འདོད་སྲེད་སོགས་ཀྱི་ཁྲོད་ན་སྐྱེལ་བཞིན་གདའ། ངས་ནི་རང་གི་གདོང་ལ་ཤ་གཅུར་རེ་རྒྱུན་དུ་རྒྱག་དགོས། དེ་ནི་རང་གིས་གདོང་འབག་དེ་འདྲ་ཞིག་གོན་འདོད་མེད་པས་ཡིན། ཡིན་ནའང་། ངས་གདོང་འབག་དེ་འདྲ་ཞིག་མ་གོན་ནའང་མི་དེ་དག་གི་སྣང་ངོར་གོན་འདུག་པའི་རྣམ་རྟོག་ཡོད་པས། ངའི་གདོང་ལའང་རང་བཞིན་གྱིས་གདོང་འབག་ཅིག་བསྐོན་ཡོད། ཁོ་ཚོར་དངོས་གནས་ཁག་མེད་དེ། མ་གཞིར་ཁོ་ཚོ་ནི་ཁོར་ཡུག་གི་བསྐྱེད་འབྲས་ཡིན་པས། ཁོ་ཚོའི་མིག་ལ་སྤྱི་ཚོགས་ཀྱི་མཁའ་དབུགས་ཁྲོད་དེ་འདྲའི་ཞད་སྐྱོན་ཞིག་བྱུང་ཡོད། གདོད་མའི་དམངས་གཞས་ཤིག་ཏུ། “སོ་དང་པགས་པའི་འཛུམ་དེ། ། སུ་དང་གང་གིས་སྟོན་ཤེས། ། སྙིང་དང་རུས་པའི་འཛུམ་དེ། ། བརྩེ་བའི་མི་ཡིས་གནང་ཡོང་། །” ཞེས་པ་ཞིག་འདུག དངོས་གནས། སྐབས་དེ་དུས་མིའི་ནང་སེམས་ནི་ཅི་འདྲའི་ལྷད་མེད་ཅིང་གཤིས་སྤྱོད་ནི་ཅི་འདྲའི་མཛེས་པ་ཞིག་ཡིན་པ་ལ་ཨང་། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ཟེར་བ་ཅིས་མ་བདེན། དེང་གི་སྐབས་འདིར། ལྷད་མེད་དྭངས་གཙང་གི་སྙིང་དང་རུས་པའི་འཛུམ་མདངས་ལྟ་ཅི། ཀུན་སྤྱོད་ཀྱི་མ་མཐའི་ཚད་གཞིའི་རིགས་ཏེ་ཚུལ་འཆོས་མ་ཡིན་པའི་སོ་དང་པགས་པའི་འཛུམ་མདངས་ཤིག་ཀྱང་མཐོང་རྒྱུ་དཀོན། བརྒྱ་ལ་ཡོད་དུ་ཆུག་ཀྱང་། ཡུལ་ཅན་གྱི་མིའི་སྣང་ངོར་ཡང་དེ་འདྲ་ཞིག་ཏུ་གཏན་ནས་སྣང་མི་སྲིད། དེ་བས། མི་སུ་དང་གང་ཞིག་ཡིན་ཡང་གོམ་གང་སྤོས་པ་དང་ཚིག་གཅིག་སྨྲས་པ་ཕན་ཆད་དུ་ཡུལ་དང་ཡུལ་ཅན་ཚང་མ་དོགས་སྣང་གི་ངང་དུ་གནས་ཡོད།
             ངས་རང་གི་རེག་ཟིག་ཅིག་ཏུ། “ང་ནི་བླུན་པོ་ཞིག་སྟེ། དེ་ནི་བླུན་པོ་གཞན་དང་མི་འདྲ་བར་གནམ་གཤིས་དང་བསྟུན་ཏེ་གོན་པ་གོན་མི་ཤེས་ཤིང་། ཁོར་ཡུག་དང་བསྟུན་ཏེ་སྐད་ཆ་བཤད་མི་ཤེས་པའི་བླུན་པོ་ཞིག་ཡིན། དེ་ལྟ་ནའང་། གཡོ་དང་རྫུན། ཚུལ་འཆོས་དང་སྤྲེལ་ལད་སོགས་ཀྱི་ནད་ཡམས་ཀྱིས་ཁེངས་པའི་དུས་འདིར། རང་ཉིད་ནི་ཉིན་སྲིབ་གཉིས་སུ་མི་འགྲོ་བར། རང་སྣང་མཐོ་བའི་མཁས་པ་ཁོག་འཁྱོག་ཅིག་ལས་ཚོར་བས་མྱོས་པའི་བླུན་པོ་དྲང་པོ་ཞིག་བྱ་རྒྱུ་ནི་ངའི་མི་ཚེ་འདིའི་དམ་བཅའ་གཙོ་བོ་ཡིན”ཅེས་བྲིས་མྱོང་ཞིང་། ཡང་བུ་མོ་ཞིག་ལ་བསྐུར་བའི་སྐད་འཕྲིན་དུ། “གཡོ་དང་རྫུན། ཚུལ་འཆོས་དང་སྤྲེལ་ལད་སོགས་ཀྱིས་བསླད་པའི་ནད་ཡམས་ཁྲོད། ཁྱོད་ནི་རྒྱུ་ནོར་གྱི་བསླུ་བས་བྲིད་ཅིང་། སྒེར་སེམས་ཀྱི་ཧམ་པས་བརྫད་ལ། བག་མེད་ཀྱི་དུག་ཆུས་མྱོས་དུས། ངས་ནི་ཁ་རོག་གེར་ལྷིང་འཇགས་ཀྱི་གདོད་མའི་དུས་དང་དེའི་སྐབས་ཀྱི་གཡོ་སྒྱུ་ཡི་དྲི་མས་མ་གོས་ཤིང་། དངུལ་སྒོར་གྱི་གཟེབ་ཏུ་མ་ལྷུང་བའི་ཨ་ཅེ་འབྲོག་མོ་ཞིག་མི་དྲན་ཐུ་མེད་རེད”སོགས་བྲིས་མྱོང་མོད། འཚོ་བའི་ཁོར་ཡུག་གི་དབང་གིས་དམ་བཅའ་ནི་བྱེ་མའི་འཆིང་བུ་བཞིན་སིལ་བུར་འཇིག་ཅིང་། མྱོང་སྣང་ནི་ཚ་འཁྲུལ་ལྟ་བུར་གྱུར་པས། ཡང་དེ་དུས་ཀྱི་རང་གི་རེག་ཟིག་ཅིག་ཏུ“རྐྱེན་དེའི་དབང་གིས། ནམ་རྒྱུན་ངའི་མཚན་མོའི་རྨི་ལམ་འཁྲུག་ཅིང་། ཉིན་མོའི་དྲན་པ་འཆོལ། རྨི་ལམ་མམ་མངོན་སུམ་གང་ཡིན་མི་ཤེས་མོད། གདུག་རྩུབ་ཆེ་བའི་ལག་དམར་ཞིག་གིས་ཐེངས་གང་མང་ལ་ང་རང་ལྐོག་གསོད་བྱེད་རྩིས་བྱས། དེ་ནི་གཞན་མ་ཡིན་ཏེ། རང་ཉིད་ཀྱི་གྲིབ་མ་ནག་པོའོ”ཞེས་བྲིས་མྱོང་། སྤྱི་ཚོགས་ནི་མིས་གྲུབ་ཅིང་མིས་སྤྱི་ཚོགས་ལ་ཁ་ལོ་བསྒྱུར་དགོས་མོད། རང་ཉིད་ནི་སྤྱི་ཚོགས་ཀྱི་བྲན་དུ་གྱུར་པ་དངོས་གནས་བཟོད་དཀའོ། །
             དོན་ངོ་མར། གདོང་འབག་དེ་ནི་ད་ལྟའི་རང་རེའི་སྤྱི་ཚོགས་ཀྱི་འཚོ་བའི་གདོང་འབག་སྟེ། མི་ཚང་མས་རྒྱུ་ནོར་སྐྱབས་མགོན་དུ་བཀུར་ཏེ། རྒྱས་སྤྲོས་དང་ཧམ་སེམས། ཚུལ་འཆོས། ཕྱོགས་ལྷུང་། གཡོ་སྒྱུ་སོགས་ནི་རེ་རེ་བཞིན་བདེ་སྐྱིད་དང་ཕུགས་བསམ། བཟང་སྤྱོད། དྲང་བདེན། བློ་གྲོས་བཅས་སུ་ལྟ་བ་སོགས་ཀྱི་ནག་ཉེས་ཏེ། དེ་ནི་ལོ་རྒྱུས་ཀྱི་ནད་རོ་དང་དུས་རབས་ཀྱི་སྙིགས་རོ་ཡིན་ཡང་། ད་དུང་མི་དེ་དག་དེའི་སྨུག་ཀློང་གི་ཁྲོད་ན་མགོ་འཁོར་ནས་འདུག་པ་ནི་ཨ་རེ་གླེན། དེས་ན། ང་ཚོས་གདོང་འབག་དེ་ནམ་འཚོའི་བར་དུ་གོན་ནས་འདུག་དགོས་སམ། དེ་མ་གོན་ན་མི་ཆོག་གམ། དེའི་ཕྱོགས་ལ་བསམ་གཞིག་བཏང་མྱོང་ངམ། ཡིན་ནའང་། དེ་ཞྭ་མོ་བཞིན་ཐད་ཀར་དུ་ཕུད་ཆོག་པ་ཞིག་གཏན་ནས་མིན། དེ་འཕུད་དགོས་ན་གཙོ་བོར་ཐོག་མར་རང་སེམས་ཀྱི་གདོང་འབག་འཕུད་དགོས། དེ་ནས་རིམ་བཞིན་རང་ཉིད་དང་ཁྱིམ་ཚང་། ཡུལ་སྡེ། མི་རིགས་བཅས་ཀྱི་གདོང་འབག་འཕུད་དགོས། མི་རེ་རེ་ནས་དེ་ལྟར་ཕུད་ཚེ། སྤྱི་ཚོགས་ཀྱི་གདོང་འབག་ཡང་རང་བཞིན་གྱིས་ཕུད་སོང་བ་ཡིན་ཏེ། དོན་དུ་གདོང་འབག་དེ་ནི་རང་རེའི་མི་དག་གིས་རང་ཉིད་འཚོ་སྡོད་བྱེད་སའི་སྤྱི་ཚོགས་ལ་ཕར་བསྐོན་པ་ཞིག་ཡིན་པ་ལས་སྤྱི་ཚོགས་ཀྱིས་ཚུར་མི་དག་ལ་བསྐོན་པ་ཞིག་ནི་གཏན་ནས་མ་ཡིན་མོད། ང་ཚོ་ནི་དེ་འདྲའི་དུས་སུ་བསླེབ་པར་ད་དུང་ཁ་ཐག་རིང་བས། ང་ཚོས་ད་དུང་མུ་མཐུད་དུ་གདོང་འབག་གོན་ནས་འདུག་དགོས་ཨང་།
             ཀློག་པ་པོ་ལགས། ཁྱོད་ཀྱིས་རྩོམ་འདི་བཀླགས་ཏེ་མཇུག་འདིར་སླེབས་དུས། རང་གི་གདོང་ནའང་འབག་ཅིག་ཡོད་པ་ཤེས་ངེས། ད་ལྟའི་བར་དུ་ཁྱོད་ཀྱིས་དེར་མཉམ་ཅི་ཡང་བཞག་མེད་ཀྱང་སྲིད་ལ། ཁྱོད་ཡར་ལངས་ནས་མེ་ལོང་གི་མདུན་དུ་སོང་སྟེ་རང་ཉིད་ཀྱི་གདོང་ལ་བལྟ་ཡང་ངེས་མོད། རང་ཉིད་གཅིག་པུ་ཡིན་དུས་རང་གི་གདོང་འབག་དེར་མཐོང་རྒྱུ་རེག་རྒྱུ་ཅི་ཡང་མེད། དེ་ནི་ཕྱི་རུ་གོམ་གང་སྤོས་པ་དང་གཞན་ལ་ཚིག་གཅིག་སྨྲས་པ་ནས་ལྷང་ལ་འབུད་ཀྱིན་ཡོད་པ་ཞིག་ཡིན། ད་ནས་བཟུང་ཁྱོད་ཀྱིས་གདོང་འབག་དེར་གཅེས་སྤྲས་ལེགས་པོ་བྱོས། དེ་ནི་ཁྱོད་ཀྱི་ཚེ་སྲོག་དང་འཚོ་བ། དབང་དང་གོ་ས། མཚན་དང་སྙན་གྲགས། དཔལ་དང་འབྱོར་བ་སོགས་དང་དམ་དུ་འབྲེལ་ཡོད། དེ་གཏན་ནས་འབོར་དུ་འཇུག་མི་རུང་། གལ་ཏེ་བོར་ཚེ་གྱོང་དང་ཕམ་ཁ་ཚང་མ་ནམ་ཡང་ཁྱོད་རང་ཉིད་ཀྱིས་འཁུར་དགོས་ལ། ཁྱོད་ནི་མི་ཆེས་ཁྲེལ་མེད་པ་དང་ཐ་ཤལ་བ། ཞབས་འདྲེན་པ། བླ་སྒུལ་བ་ཞིག་ཏུ་འགྱུར་བར་མ་ཟད། ཅི་ཡང་མི་འཇོན་ལ་གང་ཡང་མི་ཤེས་པའི་སྤྱི་ཚོགས་ཀྱི་གད་སྙིགས་སུ་འགྱུར་ངེས་ཡིན།
             དཔེའི་སྒོ་ནས་བཤད་ན། དམངས་ཀྱིས་སྨྱོ་ཆུ་འཐུང་ཚེ་རྒྱལ་བློན་བཙུན་མོ་དག་གིས་ཀྱང་སྨྱོ་ཆུ་མ་བཏུང་ཚེ་སྨྱོས་འདུག་པ་ནི་ཁོ་རང་ཚོ་ཡིན་པ་བཞིན་ནོ། །