ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལྷུག་རྩོམ།

མཐར་ཕྱིན་སློབ་བུ་ཚོར་ཕུལ་བའི་བྲལ་ཁའི་སྙིང་གཏམ།

སྤེལ་དུས 2018-06-05 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། ཁུ་བྱུག་སྔོན་མོ།
             མི་ཞིག་གི་མི་ཚེ་ནི་ལམ་བུ་ཅུང་རིང་མོ་ཞིག་ཡིན་པའི་དབང་དུ་བཏང་ན། ད་ནི་ཁྱོད་ཚོ་ལམ་བུ་དེའི་དཀྱོགས་མཚམས་ཤིག་ཏུ་སླེབས་ཡོད་པ་རེད། རེ་ཆད་དང་ཞུམ་པ་མེད་པར་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་ཏེ་གོམ་པ་བརྟན་པོས་དོག་ཅིང་གཟར་བའི་དཀྱོགས་མཚམས་དེ་བརྒལ་བ་ཡིན་ན། ཁོད་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་དེའི་མུ་ཡང་བསྐྱར་ཁྱོད་ཚོའི་མིག་མདུན་དུ་མངོན་ཐུབ་བོ། །
             མི་ལོ་གསུམ་གྱི་སྔོན་ལ། ཁྱོད་ཚོ་ཡུལ་ཕྱོགས་སོ་སོ་ནས་འཛིན་གྲྭ་འདིར་འདུས་ཤིང་། སློབ་འབྲིང་གི་འཚོ་བའི་ཁྲོད་དགེ་རྒན་རྣམ་པའི་བྱམས་བརྩེའི་ཐུགས་ཁུར་དྲོན་མོའི་འོག ཤེས་རིག་གི་མངར་ཁ་མྱོང་བཞིན་ལང་ཚོའི་གཉོམ་ལག་དང་བློ་སྟོབས་མཉམ་དུ་རྒྱས་ཏེ་ད་ནི་འབྲལ་ལ་ཉེ་བའི་དུས་འདིར་འདས་ཟིན་པའི་འཚོ་བ་ནི་ཁ་སང་གི་ལོ་རྒྱུས་སུ་གྱུར་ཅིང་། མ་འོངས་པའི་མི་ཚེའི་དུས་རིམ་གསར་པ་སྟེ་སྔར་ལས་ཀྱང་ཚད་མཐོ་བའི་རིག་པའི་སྡིངས་ཀ་ཞིག་ལ་ཡིད་ཆེས་དང་རེ་བས་སྙེག་དུས། བདག་གིས་འབྲལ་ཁའི་ལེགས་སྐྱེས་ཀྱི་དོད་དུ་སྙིང་གཏམ་འགའ་ཡིག་ཐོག་ཏུ་དགོད་པར་བྱ།
             འདས་ཟིན་པའི་འཚོ་བར་ཕྱིར་དྲན་བྱས་ཚེ། རིག་པའི་གླིང་ག་འདི་རུ་ཁྱོད་ཚོས་བརྗེད་དཀའ་བའི་གཏམ་རྒྱུད་མང་པོ་ཞིག་བསྐྱུར་ཡོད་ལ། བསུབ་དཀའ་བའི་རྐང་རྗེས་གྲངས་མེད་ཅིག་ཀྱང་བཞག་ཡོད། དེ་དག་དྲན་ཐེངས་རེ་རེར་འབྲལ་མི་ཕོད་པའི་ཚོར་བ་ཞིག་གིས་སེམས་ལ་སྐྱོ་བ་དྲག་པོ་ཞིག་སློང་བར་བྱེད། ཡིན་ནའང་། འུ་ཅག་ཁ་འབྲལ་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་སྟེ། ཕྱོགས་གཞན་ཞིག་ནས་བཤད་ན་དེ་ནི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་འཕེལ་རིམ་ཞིག་ཡིན་པས། སེམས་སྐྱོ་བས་མནར་ཏེ་མིག་ཆུ་མ་ཕུད་དང་། འུ་ཅག་གི་ལུས་ནི་ཁ་བྲལ་ཀྱང་སེམས་པ་ནམ་ཡང་གཅིག་ཏུ་འདྲེས་ཡོད་ལ། སླར་འཛོམས་ཀྱི་སྐལ་བ་མེད་པ་ཡེ་ནས་མིན་པས། “སེམས་ལ་རྐང་བ་ཡོད་ན། འཇིག་རྟེན་ཁྱིམ་ལས་ཆུང”ཟེར་བར་ངེས་ཤེས་ལེགས་པོ་ཞིག་འདྲོངས་པར་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། འདས་ཟིན་པའི་ལོ་ཟླའི་ནང་དུ། ཁྱོད་ཚོའི་སློབ་སྦྱོང་དང་འབྲེལ་བའི་དོན་དག་ཙག་ཙིག་གི་དབང་གིས་བདག་གིས་ཁྱོད་ཚོར་མི་ལེགས་པའི་རྣམ་འགྱུར་བསྟན་མྱོང་ལ། རྣར་གཟན་པའི་སྡིགས་དམོད་ཀྱང་བཏང་མྱོང་། ད་དུང་ཁྱོད་ཚོའི་དགའ་སྤྲོའི་རྩེད་འཇོ་ལ་ཚོད་འཛིན་བྱས་མྱོང་ལ། སེམས་ལ་ཐེག་དཀའ་བའི་གནོན་ཤུགས་ཀྱང་མང་པོ་བཞག་མྱོང་། ཡིན་ནའང་། དེ་དག་ཚང་མ་འུ་ཅག་དགེ་སློབ་ཀུན་གྱི་དམིགས་ཡུལ་འགྲུབ་པའི་ཆེད་དུ་ཡིན། མདོར་དེད་ན་ཁྱོད་ཚོའི་ཆེད་དུ་ཡིན། ཁྱོད་ཚོའི་མ་འོངས་པའི་ཆེད་དུ་ཡིན། དེ་ནི་ངས་ཁྱོད་ཚོར་མ་བཤད་ཀྱང་ལོས་ཤེས། ད་ནི་སེམས་ན་སྡུག་ཅིག་ཡོད་ན་དྭངས་དགོས། ངོ་ན་རྡུལ་ཅིག་ཡོད་ན་དག་དགོས།
             ཁྱོད་ཚོ་ནི་པྲ་ཆལ་དང་ན་རག་ཡིན་ཡང་ཆོག་ལ་ཀུན་མཐུན་དང་གཤིས་བཟང་ཡིན་ཡང་རུང་། བདག་ཁྱོད་ཚོ་ཚང་མ་ལ་སྙིང་ནས་དགའ། སྙིང་ནས་དུངས། ཁྱོད་ཚོ་གནས་གང་དུ་ཕྱིན་ཀྱང་དུས་ཅི་ཙམ་འགོར་ཡང་ནམ་ཡང་བདག་གི་སེམས་ཁོང་གི་སློབ་མ་བཟང་པོ་ཡིན་ལ། ནམ་ཡང་བདག་གི་སྙིང་དབུས་ཀྱི་བོད་ཀྱི་གཅེས་ཕྲུག་ཡིན། ཁྱོད་ཚོ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་རེ་བ་ཡིན་ལ། མ་ཡུམ་སློབ་གྲྭ་དང་ཕ་ཡུལ་གྱི་གཟི་བརྗིད་ཀྱང་ཡིན། ཁྱོད་ཚོའི་ཕྲག་སྟེང་ན་དུས་རབས་དང་ལོ་རྒྱུས་ཀྱིས་སྤྲད་པའི་འགན་འཁྲི་ལྕི་མོ་ཞིག་ཡོད་པས་ཁྱོད་ཚོ་ནི་རང་ག་བའི་མི་རབས་ཤིག་གཏན་ནས་མིན། ཨ་རིའི་མི་ནག་མ་ཊེན་ལུངྷ་ཀིན་གྱིས“འཕུར་མི་ཐུབ་ན་རྒྱུགས། རྒྱུག་མི་ཐུབ་ན་གོམ་པ་རྒྱོབས། གོམ་པ་རྒྱག་མི་ཐུབ་ན་གོག་བགྲོད་བྱོས། གང་ལྟར་ཁྱོད་ངེས་པར་མདུན་དུ་བསྐྱོད་དགོས”ཞེས་གསུངས་པ་བཞིན་ཕམ་ཁ་དང་བར་ཆད་ཀྱི་མདུན་ནས་ཁྱོད་ཚོའི་དཔའ་གཏན་ནས་ཞུམ་མི་རུང་བར་ངེས་པར་མདུན་དུ་བསྐྱོད་དགོས་ལ། གཡོ་རྫུ་དང་ཚུལ་འཆོས། སྤྲེལ་ལད་སོགས་ཀྱི་ནད་ཡམས་ལའང་གཟབ་པར་འཚལ། རྗེས་ཕྱོགས་ཁྱོད་ཚོ་རང་ཚུགས་ལྡན་ལ་ལངས་ཕྱོགས་གསལ་བའི་མི་ཟུར་ཁ་ཅན་རེ་རེར་འགྱུར་བར་བྱེད་རྒྱུ་ཧ་ཅང་གལ་ཆེ་སྟེ། དེ་ཡང་སྤྱི་ཚོགས་དཔྱད་བརྗོད་པ་ཆེན་མོ་ནེ་ཁྲེ་ལགས་ཀྱིས“སྐྱེ་བོ་ཕལ་མོ་ཆེས་ནར་སོན་པ་ཞེས་པ་དེ་ནི། གོམས་སྲོལ་གྱིས་བརྡར་ནས་ཟུར་ཁ་ཟད་ཅིང་། མིག་སྔའི་ཁེ་ཕན་གཙོར་འཛིན་མཁན་དུ་གྱུར་པར་གོ། འོན་ཀྱང་དོན་ལ་དེ་ནི་ནར་སོན་པ་མ་ཡིན་པར་སྙིང་སྟོབས་ཉམས་ཤིང་རང་གཤིས་རྒུད་པ་རེད། ངེས་པ་དོན་གྱིས་ནར་སོན་པ་ནི། ཐུན་མིན་སྒེར་གཤིས་གྲུབ་ཅིང་རང་ངོ་རང་གིས་ཤེས་ཏེ་བསམ་བློའི་འབྲས་བུ་ཕུན་སུམ་ཚོགས་པོ་སྨིན་པ་ཉིད་ལ་བྱ”ཞེས་པ་ལྟར་ཏེ། ཁྱོད་ཚོ་ནི་ངེས་པ་དོན་གྱིས་ནར་སོན་རྒྱུ་ནི་བདག་གི་རེ་བ་གཙོ་བོ་དེའོ། །
             འུ་ཅག་འདི་ལྟར་འབྲལ་དགོས་བྱུང་། རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད། ཁྱོད་ཚོ་དཀའ་ཁག་གང་ལ་ཕྲད་ཀྱང་། “སློབ་སྦྱོང་སྐབས་ཀྱི་སྡུག་བསྔལ་ནི་ཡུད་ཙམ་གྱི་སྡུག་བསྔལ་ཡིན་ལ། སློབ་སྦྱོང་མ་བྱས་པའི་སྡུག་བསྔལ་ནི་ཚེ་གང་གི་སྡུག་བསྔལ་ཡིན”པའི་བློ་སྔོན་དུ་སོང་ནས་སློབ་གྲྭར་འགྲིམ་རྒྱུ་དང་སློབ་སྦྱོང་ལ་འབད་པ་བྱེད་རྒྱུར་གཡོལ་མི་རུང་། ས་གང་དུ་སོང་ཡང་། རང་ཉིད་བོད་ཅིག་ཡིན་པ་བརྗེད་མི་རུང་། མི་རིགས་ཤིག་ལ་མཚོན་ན་ཁྲག་དང་རུས་རྒྱུད་ཀྱི་རྟགས་མཚན་ཚུགས་ཐུབ་ཅིག་ཡོད་པ་ནི་སྐད་ཡིག་ཡིན། མི་རིགས་ནི་ཕྲེང་བ་ཞིག་ཡིན་པའི་དབང་དུ་བཏང་ན་སྐད་ཡིག་ནི་དེའི་ཕྲེང་ཐག་ལྟ་བུ་ཡིན། ཕྲེང་ཐག་ཆད་ཚེ་ཕྲེང་བ་སིལ་བུར་འཐོར་འགྲོ་བས། རང་གི་སྐད་ཡིག་ནི་མི་རིགས་རང་གི་བླ་སྲོག་ཡིན་པ་ཤེས་དགོས། ཨ་རིའི་བསམ་བློ་བ་མན་ངྷི་ལ་ལགས་ཀྱིས“ཕ་རོལ་པོས་གོ་བའི་སྐད་ཀྱི་ལམ་ནས་སྐད་ཆ་ཞིག་བཤད་ན། ཁྱོད་ཀྱིས་བསྒུལ་ཐུབ་པ་ནི་ཁོའི་ཀླད་ཆེན་ཡིན། གལ་སྲིད་ཕ་སྐད་ཀྱི་ལམ་ནས་སྐད་ཆ་ཞིག་བཤད་ན། ཁྱོད་ཀྱིས་བསྒུལ་ཐུབ་པ་ནི་ཁོའི་སེམས་ཡིན”ཞེས་གསུངས་པའི་རྨད་དུ་བྱུང་བའི་ལེགས་བཤད་དེ་སེམས་ལ་དམ་པོར་བཟུང་སྟེ། ཡབ་མེས་རྣམས་ཀྱི་བླ་མི་སྒུལ་བ་དང་བུ་རབས་ཚ་རྒྱུད་ཀྱི་འཚོ་བའི་ཆེད་དུ། ཁྱོད་ཚོས་རྒྱུན་དུ་ཕ་སྐད་གཙང་མ་བཤད་བཞིན་རང་གི་སྐད་ཡིག་གིས་རིག་གནས་སྣ་མང་གི་དཔལ་དང་གཡང་བཀུག་ནས་མི་རིགས་ཀྱི་མ་འོངས་པའི་མཚར་སྡུག་བྲི་རྒྱུ་དམིགས་ཡུལ་དུ་འཛིན་དགོས། ཁྱོད་ཚོས་རང་གི་སྐད་ཡིག་གིས་སྔོན་ཐོན་དང་འཕེལ་རྒྱས་ཀྱི་སྒོ་གླེགས་ཡངས་པོར་འབྱེད་བཞིན་མིག་གིས་འཛམ་གླིང་ལ་ལྟ་ཞོར་གོམ་པ་མདུན་དུ་སྤོ་དགོས། ཁྱོད་ཚོས་མི་ཚེའི་བགྲོད་ལམ་སྟེང་རང་ཉིད་ཀྱི་ཁ་ཕྱོགས་གཏན་འཁེལ་བྱེད་ཐུབ་ཚེ། འཛམ་གླིང་གིས་ཁྱོད་ཚོར་ལམ་འབྱེད་ངེས་ཡིན་ལ། དུས་རབས་གསར་པས་ཁྱོད་ཚོར་སྔོན་བསུ་བྱེད་ངེས་ཡིན། ད་དུང་ཁྱོད་ཚོས་འཛམ་གླིང་གི་ནམ་མཁར་གངས་དཀར་རྟགས་ཅན་གྱི་འཕུར་མདའ་གཏོང་དགོས་ལ། ཞི་བདེའི་རྒྱ་མཚོའི་ནང་དུ་ནོར་གནག་རྟགས་ཅན་གྱི་གྲུ་གཟིངས་ཀྱང་གཏོང་དགོས། དུས་དེར་སླེབས་རག་བར་དགེ་རྒན་ང་རང་ཤི་སོང་ནའང་རེ་ལྟོས་ཀྱི་མིག་ཟུང་ནམ་ཡང་བཙུམ་མི་སྲིད་པར་ཅར་རེར་ཁྱོད་ཚོ་ལ་བགྲད་ངེས།
             མཇུག་མཐར། བདག་གིས་ལྷག་བསམ་རབ་ཏུ་འཁོལ་བའི་ངང་ནས་ཁྱོད་ཚོའི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་འདེབས། ཁྱོད་ཚོ་ལ་ནད་མེད་ཚེ་རིང་ལོ་བརྒྱ་ཡོང་བའི་སྨོན་ལམ་འདེབས། ཁྱོད་ཚོ་ལ་འོད་སྟོང་ལྡན་པའི་མདུན་ལམ་དབང་བའི་སྨོན་ལམ་འདེབས། ཁྱོད་ཚོ་ལ་རིག་གནས་ཡོན་ཏན་གྱི་སྟོབས་དར་བའི་སྨོན་ལམ་འདེབས།