བཀྲ་ཤིས་རྩེད་མོ་དེ་ལ་ཕལ་ཆེར་ཤིན་ཏུ་མཁས་པ་འདྲ། ཁོ་ཉི་ཐིག་གི་རྩེད་མོ་དེར་གཡེང་དུས་ཙོག་ཙེའི་ངོས་ཀྱི་སེམས་ཅན་དེ་ཚང་མ་གྲིབ་བརྙན་ཙམ་ཡིན་པ་རྨང་ནས་བརྗེད་ཡོད་ལས་ཆེ། ཁོས་ངག་ལས་སེམས་ཅན་དེ་དག་གི་སྐད་སྒྲ་སྒྲོག་ཅིང་། ངང་ཚུལ་དེ་ལ་ལོ་གསུམ་བཞི་ཅན་གྱི་བྱིས་པའི་བཟོ་ལྟ་ཞིག་འདུག
ད་ལྟ། ཉི་ཐིག་ཕར་ལ་བཟུར་འདུག བཀྲ་ཤིས་ཀྱིས་ཀྱང་རྩེད་མོ་དེ་རྩེ་མཚམས་བཞག ཁོ་འདུག་སྟེགས་སུ་ཀྲོང་ངེར་ཅི་ཞིག་ལ་ཧད་ནས་བསྡད། ཁང་མིག་ཏུ་ཆུ་ཚོད་འཁོར་ལོ་འཁོར་བའི་ཐག་སྒྲ་ལས་ཅི་ཡང་ཐོས་རྒྱུ་མི་འདུག ཕར་ལ་བཟུར་པའི་ཉི་ཐིག་གི་ལྷག་མ་ཞིག་ཐད་ཀར་བཀྲ་ཤིས་ཀྱི་གདོང་གི་ཕྱེད་ཀར་ཕོག་ནས་ཁོའི་གདོང་པ་དེ་གདགས་སྲིབ་ཀྱི་ངོས་གཉིས་སུ་དབྱེ། རྣམ་པ་དེ་ནི་བསམ་བློ་པ་ཆེན་པོ་ཞིག་མཐའ་ཀླས་པའི་བསམ་གཞིག་གི་ཀློང་དུ་ཞུགས་པའི་ཉམས་དང་མཚུངས།
བཀྲ་ཤིས་ཀྱི་མཐོང་སྣེ་དེད་ན། སྒེའུ་ཁུང་ལས་ནམ་མཁའ་ཕྱེད་ཙམ་མཐོང་ཐུབ། ད་དུང་ལྕགས་དྲ་ཞིག་ཀྱང་མཐོང་ཐུབ། མ་གཞིར་ཁོ་སྡོད་ས་ནི་ཐོག་ཁང་ཆེན་མོ་ཞིག་གི་ས་འོག་གི་ཁང་པ་ཙམ་རེད། གལ་ཏེ། ཁོའི་མགོ་ཐོག་གི་ཐོག་ཁང་ཆེན་མོ་དེའི་རྩེ་རུ་འགོས་ཚེ། མཐའ་མི་མངོན་པའི་གྲོང་ཁྱེར་ཆེན་པོ་ཞིག་མཐོང་ལམ་དུ་རྔམ་བརྗིད་ཀྱིས་ཆགས་ཡོད། དེ་ནས་མགོ་བོ་བཏེགས་ཏེ་བར་སྣང་ལ་བལྟས་ཚེ་བཀྲ་ཤིས་ལ་རྣམ་ཀུན་ཉི་ཐིག་གི་བགོ་སྐལ་འགྲེམ་པའི་ཉི་མ་དེའང་ཉམ་ཆུང་གིས་འོད་མག་མོག་ཅིག་བཀྱེས་ཏེ་འགྲོ་བཞིན་འདུག་གང་ལྟར་ཀྱང་། །བཀྲ་ཤིས་ཀྱི་སེམས་ནང་དུ་མགོ་ཐོག་གི་ཉི་མ་ལ་བཀའ་དྲིན་ཡང་ཡང་ཞུ་བཞིན་ཡོད། ཉིན་རེའི་ཞོགས་པའི་སྐབས་སུ། གནམ་གཤིས་དང་མཁའ་དབུགས་ཀྱི་གནང་བ་རེ་འཐོབ་པ་ཡིན་ཚེ། མགོ་ཐོག་གི་ཉི་མས་ཐོག་ཁང་དག་གི་འཚང་ཁའི་བར་གསེང་ཞིག་ནས་རྒྱུ་མཚན་ཅི་ཡང་མེད་པར་ཉི་ཐིག་ཕྲ་མོ་ཞིག་ས་འོག་གི་བཀྲ་ཤིས་ལ་བགོ་སྐལ་དུ་སྟེར་བཞིན་ཡོད། བཀྲ་ཤིས་ལ་མཚོན་ན། ཉི་ཐིག་དེ་ནི་ཉིན་གཅིག་གི་སེམས་ཁམས་ཀྱི་རྟགས་མཚན་ཞིག་ཏུ་གྲུབ་ཡོད། གལ་ཏེ་ཞོགས་པར་ཉི་ཐིག་དེ་མཐོང་རྒྱུ་མ་བྱུང་ཚེ། ཉོབ་མདངས་ནང་དོན་མེད་པའི་ཉིན་གཅིག་གི་དུས་ཚོད་དེ་བཀྲ་ཤིས་ཐོག་ཁང་དེའི་ས་འོག་གི་ཁང་པའི་ཕྱི་ལ་བུད་པའི་དུས་དེ་ནས་བཟུང་མགོ་བརྩམས་པ་རེད། དེ་དུས། ཏག་ཏག་ལ་གྲོང་ཁྱེར་དེའི་བར་སྣང་སྤྲིན་གྱིས་གཡོགས་ཡོད་པ་མིན་ན་མཁའ་དབུགས་ཁྲོད་རྫབ་རྗོབ་ཡོངས་སུ་འདྲེས་པའི་ཁུག་སྣ་འཐིབས་ཡོད་པ་ངེས་གཏན་རེད།
ཐོག་ཁང་གི་ཕྱི་རོལ་ཏུ། རྐང་འཁོར་དང་རླངས་འཁོར་ཆུང་ངུ་མང་པོ་གཡས་གཡོན་དུ་བསྒྲིགས་ཡོད་པའི་སྲང་ལམ་དོག་མོ་ཞིག་བརྒྱུད་ནས་སོང་ཚེ། བགྲོད་ལམ་སྔོ་ཚེ་ད་ཚོང་ར་ཞིག་ཏུ་འཐེན་ཡོད་ཅིང་། འ་འུར་དང་འདུ་འཛི་དེ་བརྒལ་ཚར་ཏེ་གཞི་ནས་ཁོད་ཡངས་པའི་གཞུང་ལམ་ཆེན་པོ་ཞིག་ཏུ་བསླེབས། བཀྲ་ཤིས་ཀྱིས་ཀོ་ཁུག་ནག་པོ་ཞིག་མཆན་ལ་བཙིར་ཏེ་སྤྱི་སྤྱོད་རླངས་འཁོར་ཨང་34པའི་འབབ་ཚིགས་མིང་བྱང་ཡོད་སར་ལངས་ནས་བསྡད་། དེ་ནི་གྲོང་ཁྱེར་དེའི་ལས་སྒྲུབ་པ་རྣམས་ཀྱིས་ཧ་ཅང་བྲེལ་བ་ཆེ་མདོག་གིས་རླངས་འཁོར་ལ་སྒུག་བཞིན་འདུག་བཀྲ་ཤིས་ཀྱང་ལས་སྒྲུབ་པ་ཞིག་ཡིན། ཁོར་ཡང་བྲེལ་བ་ཆེ། ཁོས་ཀྱང་སྤྱི་སྤྱོད་རླངས་འཁོར་ཨང་34པ་ལ་སྒུག་བཞིན་ཡོད།
དེ་ནི་བཀྲ་ཤིས་ལོ་ན་ཆུང་བའི་དུས་རེད། དེ་དུས་ཀྱི་ངང་ཚུལ་མང་པོ་ཞིག་ད་ལྟ་ཕྱིར་དྲན་དུས། བཀྲ་ཤིས་ལ་སྐྱེ་བ་སྔོན་མ་ཞིག་རང་ཉིད་དྲན་པའི་ཉམས་སྣང་བྱུང་། དེ་དུས་ཁོ་གོ་ལ་འདིའི་ཆེས་མཐོས་སྟེ་ཉི་མ་དང་བར་ཐག་ཆེས་ཉེ་སའི་མཐོ་སྒང་དེའི་ལྟེབས་ཁུགས་ཤིག་ཏུ་བདེ་ལེགས་དང་སྟབས་བདེའི་ངང་འཚར་ལོངས་འབྱུང་བཞིན་པའི་སྒང་རེད། དེ་དུས་ཁོར་རྩེད་ཆས་མང་པོ་མེད། འོན་ཀྱང་ཉི་འོད་རྫོགས་མེད་ཅིག་ཡོད། རིམ་གྱིས་བཀྲ་ཤིས་ཉི་འོད་ལ་རྩེད་མོ་རྩེ་བར་གོམས་ཤིང་། །དེ་ཡང་ཐོག་མར་ཉི་འོད་ཁྲོད་རང་གི་ལུས་པོའི་ཡན་ལག་དང་ཉིང་ལག་གི་གྲིབ་གཟུགས་སྣ་ཚོགས་ཕབ་ནས་གད་མོ་ཡང་ཡང་དགོད། དུས་ཚོད་རིང་དུ་ཕྱིན་པ་དང་བསྟུན་ནས་ཁོས་རང་གི་ཡན་ལག་དང་ཉིང་ལག་ལ་བརྟེན་ནས་སེམས་ཅན་སྣ་མང་གི་བཟོ་ལྟ་འདྲ་འདྲ་པོ་དག་གྲིབ་གཟུགས་སུ་འབེབ་ཐུབ། དེ་དུས། བཀྲ་ཤིས་ཀྱི་མི་ཚེའི་ཁྲོད་དུ། ཐོག་དང་པོར་ཁོའི་འཁྲབ་སྟོན་ལ་ལྟ་བའི་ལྟད་མོ་བ་བྱུང་ཞིང་། དེ་དག་ནི་ཁྱིམ་མཚེས་ཀྱི་བྱིས་པ་སྣབས་ལུགས་དེ་ཚོ་དང་། ངལ་རྩོལ་གྱི་བར་གསེང་དུ་དགོད་འཛུམ་བསླུག་བསླུག་འབྱིན་པའི་ནང་མི་དག་ཡིན། ཡིན་ནའང་།དེ་དུས་བཀྲ་ཤིས་ཀྱིས་འཁྲབ་སྟོན་པ་དང་ལྟད་མོ་བའི་ཐད་ལ་མི་ཚེ་དང་སྦྱར་ནས་བསམ་བློ་གཏན་ནས་གཏོང་མི་སྲིད། ཁོར་མཚོན་ན་ཉི་འོད་དང་གྲིབ་གཟུགས་ནི་རི་ཚོགས་ཁོང་གསེང་དུ་ནུབ་པའི་རི་གྲོང་དེ་རུ་བྱིས་དུས་ཀྱི་ཉི་མ་རིང་མོ་དེ་སྐྱེལ་བའི་རྩེད་ཆས་ཙམ་ཡིན།
དེར་བརྟེན།ཕྱིས་ཀྱི་ཉི་འོད་ལ་བཅངས་པའི་དམིགས་བསལ་གྱི་དུངས་པ་དང་གྲིབ་གཟུགས་ལས་བྱུང་བའི་སེམས་ཁམས་དེ་དག་ནི་ཕལ་ཆེར་ཁོའི་བྱིས་དུས་དང་འབྲེལ་བ་ཡོད་པ་མ་རེད།
ལོ་བཅུ་ལྷག་གི་རྗེས་ཀྱི་བར་སྐབས་ཤིག་ནས།བཀྲ་ཤིས་ཀྱིས་ནང་ལོགས་ཀྱི་གྲོང་ཁྱེར་ག་གེ་མོའི་བོད་ཀྱི་རིག་གནས་ཞིབ་འཇུག་གི་ལས་ཁུངས་ཆེན་པོ་ཞིག་ཏུ་ལས་ཀ་སྒྲུབ་བཞིན་ཡོད། ལས་ཁུངས་ཀྱི་ཕྱི་སྒོ་བརྒྱུད་དུས། བཀྲ་ཤིས་ཀྱིས་མི་རེ་གཉིས་ལ་ལག་བརྡ་རེ་སྟོན་ཞིང་། སྐད་བརྡ་རེ་སྤྲོད་བཞིན་འགྲོ། དེ་ནི་ཉིན་རེར་བསྐྱར་ཟློས་བྱེད་སྲིད་པའི་རྣམ་པ་ཙམ་ཡིན་ལ། མི་དེ་དག་ལ་ཉིན་རེའི་ཞོགས་པར་ཅིས་ཀྱང་འཕྲད་སྲིད་པ་དེ་ནི་འཁོར་རྒྱུག་གི་རང་བཞིན་དུ་གཏན་འཁེལ་བྱུང་ཟིན་པའི་ལྷུ་ལག་རེ་རེ་དང་མཚུངས། དེ་ནི་གོམས་སྲོལ་ཅིག་ཏུ་ཆགས་ཡོད་པས་ཕལ་ཆེར་ཁོ་ཚོ་ཕན་ཚུན་སུ་ཡིན་ཀྱང་དོ་སྣང་བྱེད་མི་སྲིད། འོན་ཀྱང་བཀྲ་ཤིས་ཀྱིས་རྣམ་ཀུན་དེ་དག་གི་གྲིབ་གཟུགས་ལ་དོ་སྣང་བྱེད་བཞིན་ཡོད། དོ་སྣང་བྱེད་ཡུན་རིང་པོ་དང་བསྟུན་ནས།
ཁོས་མགོ་ཡར་འགྱོག་མི་དགོས་པར་མི་དེ་དག་གི་གྲིབ་གཟུགས་ཀྱི་དབྱིབས་དང་རྣམ་པ་ལས་དེ་དག་སུ་དང་གང་ཡིན་པ་ཕལ་ཆེར་ཤེས་བཞིན་ཡོད་ཅིང་། མཚམས་རེར་མགོ་མི་འགྱོག་པར་〝ཨ་ཁུ་འབུམ་དགའ་བདེ་མོ་ཡིན་ནམ། 〞ཨ་ཅག་〞སོགས་ཀྱིས་འཚམས་འདྲི་བྱེད་པ་དང་། མི་དེ་དག་ཐོག་མར་ཁོའི་སྤྱོད་ལམ་དེར་མི་གོམས་ཀྱང་ཕྱིས་སུ་རིམ་གྱིས་གོམས་ནས་འདྲིས་པར་གྱུར། འོན་ཀྱང་ལས་ཁུངས་ཀྱི་མི་མང་པོ་ཞིག་གིས་ཁོར་ལྐོག་ཏུ〞བཀྲ་ཤིས་མགོ་སྒུར〞ཞེས་པའི་མཚང་མིང་ཞིག་ཀྱང་བཏགས་ཡོད།