ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྒྲུང་གཏམ།

མོག་མོག་གི་ནུབ་ཁའི་ཉི་མ།

སྤེལ་དུས 2011-03-21 ཡོང་ཁུངས། 《བསླུ་བྲིད》 རྩོམ་པ་པོ། པདྨ་ཚེ་བརྟན།

        བཞུད་ལ་ཉེ་བའི་ནུབ་ཁའི་ཉི་མར་ལྟ་བཞིན། མོའི་ཁྲ་ཆུང་གི་སེམས་པར་བརྗོད་དཀའ་བའི་ཚོར་བ་ཞིག་གིས་ཁེངས་ཤིང་། རིམ་གྱིས་ཚོར་བ་དེས་མོ་དམ་དུ་འཁྱུད་བྱུང་། ཉིན་རེའི་ཉི་མ་ནུབ་ཁར། རང་ཉིད་ཅིའི་ཕྱིར་འདི་འདྲ་ཞིག་ཏུ་གྱུར་པ་མོས་ཤེས་མི་འདུག ཁྱད་པར་དུ་ནུབ་ཁའི་ཉི་མ་རིམ་གྱིས་མག་མོག་ཏུ་གྱུར་དུས། ཚོར་བ་དེ་ལྷག་པར་ཇེ་དྲག་ཏུ་འགྲོ་ངེས་ཡིན།

        དེ་རིང་། མོ་ཡང་བསྐྱར་སྔོན་ཆད་དང་འདྲ་བར་དེའུ་འབུར་དེའི་སྟེང་ཙོག་ནས་ནུབ་ཁའི་ཉི་མར་བལྟས། ཁ་ཆར་བུ་ཡུག་འཚུབ་པ་ཕུད། མོ་ཕལ་ཆེར་ཉི་མ་རེ་རེར་དེའུ་འབུར་དེའི་སྟེང་ཙོག་ནས་ཤིན་ཏུ་རྒྱང་ཐག་རིང་བའམ།ཤིན་ཏུ་ཉེ་སར་ཡོད་པའི་ཚོར་བ་སྟེར་བའི་མཁའ་མཐའི་ཉི་མར་རྒྱང་ལྟ་བྱས་ནས་བསྡད་ཡོད།   

        མོ་འཇིག་རྟེན་འདིར་ཡོང་ནས་བགྲང་བྱ་བཅུ་བཞིའི་མི་ཚེ་ཡི་ལམ་བུ་བཞུད་ཚར་ཟིན། མོ་སོང་མྱོང་བའི་ལོ་ཟླ་དེ་དག་གི་ཁྲོད་དུ། མོའི་སེམས་ལ་བཞག་པའི་ཕྱིར་དྲན་མང་བོའི་ཁྲོད། ནམ་ཡང་བརྗེད་དཀའ་ཞིང་བསུབ་ཐབས་བྲལ་པ་ནི་ནུབ་ཁའི་ཉི་མ་དེ་ཡིན། ནམ་རྒྱུན་ནུབ་ཁའི་ཉི་མར་ཁ་གཏད་ནས་སྡོད་དུས། མོའི་གོར་གོར་གོར་གྱི་མིག་ཟུང་ལ་དབང་མེད་དུ་མཆི་མ་འཁོར་ཡོང་ཞིང་། སེམས་པ་རྦ་རླབས་འཁྲུགས་པ་ལྟར་གྱུར་འགྲོ། ནུབ་ཁའི་ཉི་མ་རིམ་གྱིས་མག་མོག་ཏུ་གྱུར་པའི་དུས་སུ། མོའི་ཀླད་པའི་ནང་ལའང་རིམ་གྱིས་མག་མོག་གི་གཟུགས་རིས་ཤིག་འཆར་འོང་། དེ་ནི་བུད་མེད་ཅིག་གི་གཟུགས་རིས་ཡིན། བུད་མེད་དེའི་གདོང་གི་རྣམ་པ་དང་། ལུས་ཀྱི་ཆ་བྱད། རྒྱབ་ཀྱི་གྱོན་ཆས་སོགས་ཡོད་ཚད་དེ་འདྲའི་མག་མོག་ཏུ་སྣང་ཞིང་། ཐེངས་རེར་མོས་ཅི་ཐུབ་ཀྱིས་ཕྱིར་དྲན་བྱས་ནས་མག་མོག་གི་གཟུགས་རིས་དེ་མིག་ལམ་དུ་གསལ་ལྷང་ངེར་གཏོང་འདོད་ཀྱང་། ཀླད་པའི་ནང་དུ་ཆ་ཡོད་དམ་ཆ་མེད་ཀྱི་བུད་མེད་མང་བོའི་གཟུགས་རིས་དུས་མཉམ་དུ་ཤར་བས་སྔར་ལས་མག་མོག་ཏུ་བཏང་། སྐབས་འགར། སྐད་ཅིག་ཙམ་གྱི་དུས་ཡུན་ལ། མོའི་ཀླད་པའི་ནང་གློ་བུར་དུ་འོད་ཟེར་ཞིག་འཕྲོས་པ་བཞིན་མག་མོག་གི་གཟུགས་རིས་དེ་དེ་མ་ཐག་གསལ་ལྷང་ངེར་གྱུར་ཅིང་། འགྱུར་བ་མེད་པར་མོའི་མིག་སྔར་མངོན་ནས་འཛུམ་ཞལ་སྟོན་པའི་དུས་ཀྱང་ཡོད། འཛུམ་ཞལ་དེ་མོར་མཚོན་ན།   སེམས་ཁོང་གི་ཤིན་ཏུ་ལྐོག་གྱུར་གྱི་གནས་ག་གེ་མོ་ཞིག་ཏུ་ཧ་ཅང་ཆ་རྒྱུས་ཡོད་པ་ཞིག་ཡིན། སྐབས་དེར།   མོའི་ངོ་ལའང་ནམ་རྒྱུན་མཐོང་དཀའ་ཞིང་ཡིད་སྤྲོ་བའི་འཛུམ་མདངས་ཤིག་ཤར་འོང་། འཛུམ་མདངས་དེ་ཡུན་རིང་བོ་ཞིག་ལ་འགྱུར་བ་མེད་པར་མོའི་ངོ་ན་གནས་འདུག

       སྐབས་དེར། ཉི་མ་ནུབ་ཟིན། རྒྱང་རིང་གི་གནས་སའི་བར་མཚམས་ཡོད་ཚད་མག་མོག་ཏུ་སྣང་ཞིང་། མཁའ་མཐའི་སྐར་མ་འགས་ལྐོག་ཏུ་གསལ་ལ་མི་གསལ་བའི་འོད་མདངས་སྤྲོ་བཞིན་ཡོད་ལ། ཟླ་བའི་འོད་སྣང་ཡང་རྒྱང་རིང་གི་གནམ་སའི་མཚམས་སུ་ཡར་འཕྲོས་པས། ཀླད་ཀྱི་ནམ་མཁའ་ཆུང་ཆུང་དེ་དཀར་གསལ་ལེར་བཏང་འདུག

          གར་འོང་མི་ཤེས་པའི་གྲང་རླུང་ཞིག་གཡུག་འོང་བས་མོས་ཁོག་འདར་ཞིག་བརྒྱབ་ལ། ད་གཟོད་གཞི་ནས་རང་ཉིད་འདི་རུ་ཧད་ཡོད་པ་ཚོར་བྱུང་།   མོ་དལ་བུར་ཡ་ལངས་ནས་གདོང་གི་འཛུམ་མདངས་ཕྱིར་བསྡུས་ཤིང་རྒྱང་རིང་དུ་འཐེན་པའི་རྐང་ལམ་ཕྲ་མོ་དེ་ལ་ཅེར་ནས་བསྡད། སྐབས་དེར། ཚོར་བ་གཞན་ཞིག་གིས་མོ་དམ་དུ་འཁྱུད་བྱུང་། ཀླད་པའི་ནང་གཏན་ཆགས་སུ་ཡོད་པའི་གཟུགས་རིས་དེ་སྔར་ལྟར་མག་མོག་ཏུ་གྱུར་ཅིང་། ཡང་བསྐྱར་ཕྱིར་དྲན་བྱས་ཏེ་སེམས་ལ་རྡོ་བརྐོས་རི་མོ་བཞིན་དམ་དུ་འཛིན་འདོད་དུས།ཇི་ལྟར་བཙལ་ཀྱང་ངལ་བ་འབྲས་མེད་དུ་གྱུར། མཇུག་མཐར། མོས་ཡིད་ཕངས་པའི་ངང་མགོ་བོ་འཕྲེད་དུ་གཡུག་གཡུག་བྱེད་ཞོར་ཤུགས་རིང་ཞིག་ཕྱུངས་པ་དང་། ངོ་ལ་ཅི་བྱ་གཏོལ་བྲལ་གྱི་རྣམ་འགྱུར་ཞིག་ཤར་ནས་བསྡད་ཡོད།

        མོས་མུ་མཐུད་དུ་ཡར་མར་ལ་བསམ་བློ་མང་བོ་བཏང་ནས་ཡུན་རིང་བོར་དེའུ་འབུར་དེའི་སྟེང་དུ་ལངས་ནས་བསྡད། དུས་ག་ཙམ་འདས་པ་མི་ཤེས་མོད། གྲང་རླུང་གི་སྦྱོར་བ་ཇེ་རྩུབ་ཏུ་གྱུར་པ་དེས་ད་གཟོད་རང་ཉིད་ལའང་འགྲོ་སའི་ཁྱིམ་ཞིག་ཡོད་པ་ཡིད་ལ་དྲན་པས། འཁྱར་འཁྱོར་གྱི་གོམ་པ་སྤོ་བཞིན་ལམ་ཕྲན་དེར་ཞུགས།

       རང་ཉིད་ལ་བསྒུག་ཡོད་པའི་ཁྱིམ་དེ་རང་ཉིད་ལ་མཚོན་ན་ཅི་ཞིག་ཡིན་པ་མོའི་སེམས་ན་ཁྲིགས་ཁྲིགས་ཡིན། ཐེངས་རེར་དེ་དག་ཡིད་ལ་དྲན་དུས།མོར་སྤྲོ་སྣང་དང་སྐྱོ་སྣང་གང་ཡང་མི་སྐྱེ་ཞིང་། རང་ཉིད་ལའང་དེ་འདྲའི་འཛུལ་ས་ཞིག་ཡོད་པ་ཡིད་ལ་ངེས་པ་ཙམ་ཡིན།མོ་ཆ་རྒྱུས་ཡོད་པའི་རྐང་ལམ་ཕྲ་མོ་དེ་བརྒྱུད་ནས་འགྲོ་བཞིན་ཡོད།

      སྐབས་དེར། སྔར་གྱི་བསམ་ཚུལ་དེ་དག་གར་སོང་ཆ་མེད་དུ་གྱུར་ནས་ཤུལ་ཙམ་ཡང་མི་འདུག   མོ་འགྲོ་ཞོར་དུ་སེམས་ལད་ལྟ། ལུག་ཁྱུ་ཡུལ་ལ་ཐོན་ཡོད་དམཞེས་ཡང་ཡང་སེམས་ཁུར་བྱས་ཤིང་། སྐབས་འགར། མོས་དེའི་ཕྱོགས་ལ་འདང་མི་རྒྱག་པར་སེམས་ཁ་བདེ་བར་བསྡད་བྱུང་། དེའི་རྒྱུ་མཚན་ནི་མོས་རང་གི་འཚོ་སྐྱོང་བྱེད་བཞིན་པའི་ལུག་ཁྱུས་རང་གི་ཁར་ཉན་པ་དང་།རང་དགར་ཡར་མར་ལ་མི་རྒྱུག་པ་གསལ་བོར་ཤེས་པའི་རྐྱེན་གྱིས་རེད། དེ་ལྟར་བསམ་བཞིན་མོའི་མིག་ལམ་དུ་ལུག་རྣམས་ལུག་རའི་ནང་དུ་ཉལ་ནས་སྐྱུག་ལྡད་བྱེད་བཞིན་པའི་རྣམ་པ་དེ་ཤར་བྱུང་།