“ཡ—རོགས་གཅེས།”བང་ཆེན་པས་རྟ་ཐོག་ནས་ཟུར་འདུག་ཅིག་བྱེད་བཞིན་དུ་སྨྲས་པ། “འབའ་ཡི་བྲ་ཐང་རིང་མོ་ཟེར་བ་འདི་ས་རྩེ་གཞུང་སྐྱིད་པའི་སྨན་ལྗོངས་ལས་ཀྱང་མི་རྣམས་ཀྱི་ཡིད་དུ་འོང་ཞིང་དགའ་སྤྲོ་བསྐྱེད་པའི་ས་ཆ་་མཐོང་བ་ཀུན་སྨོན་ཞིག་ཡིན་རབས་ཀྱི་ལོ་རྒྱུས་མང་བོ་བཤད་རྒྱུ་ཡོད་མོད་ཀྱང༌།དེ་རིང་མི་མེད་འབྲོག་དགོན་ཕྱི་མའི་ཡུལ་ལ་སླེབས་པ་ལྟར་གྱུར་པ་འདི་ལ་ལྟོས་དང༌།”ཟེར།དེར་འུ་ལག་པས་རྟ་རྒན་ལ་སྲབ་མདས་བྲབས་ཏེ་བང་ཆེན་པའི་རྩར་བཅར་ནས་སྤང་ལྗོངས་ཆེན་པོ་དེར་བལྟས་པ་ན། འབྲོག་པ་རྣམས་ཀྱི་རུ་བཀལ་ཤུལ་ན།ཐང་གཤོངས་ཆེན་པོའི་ལྟོངས་དེ་རྟ་ནོར་ལུག་གསུམ་སོགས་སེམས་ཅན་གང་ཡང་མེད་པའི་ཡུལ་དབེན་པ།རླུང་དམར་གྱི་ཤུ་སྒྲ་ལས་གོ་རྒྱུ་དང་ཐོས་རྒྱུ་གཞན་ཅི་ཡང་མེད་པའི་མྱ་ངམ་ཐང་ཆེན་པོ་ཞིག་ཏུ་གྱུར་འདུག་པ་མཐོང་བས།ཁོའི་སེམས་ལ་སྐྱོ་བ་དང་དུངས་པ་ཞིག་སྐྱེས་ཏེ་འདི་ལྟར་ལན་བཏབ་པ།
“འོ་ལེ།སྤང་ལ་རྩྭ་སྔོན་ཡོད་ན་སྤང་གི་བཅུད་ཡིན་མོད།འོན་ཀྱང་ད་ལྟ་དེ་ནི་ཁ་བས་བཅོམ་སྟེ་མེད།ལྗོངས་སུ་མེ་ཏོག་བཞད་ན་མཛེས་མོད།འོན་ཀྱང་ད་ལྟ་དེ་རྣམས་སད་ཀྱིས་བསད་ནས་མེད། ཡང་ན་ས་ཆ་ཡོངས་ལ་རྟ་ནོར་ལུག་གསུམ་གྱིས་བརྒྱན་མོད། འོན་ཀྱང་ད་ལྟ་དུས་ཀྱི་དབང་གིས་འདི་གར་འདུག་ས་མེད། དེས་ན་བཅུད་མཛེས་རྒྱན་གསུམ་གང་ཡང་མེད་པའི་ས་སྟོང་ནི་མྱ་ངམ་ཐང་ཡིན་པ་ལས་མཐོང་བ་ཀུན་སྨོན་ཞིག་ག་ལ་ཡིན།”
“ཨ—ཁྱོད་ནི་ཤེད་ཅན་རོ་གླ་ལེན་པ་ཞིག་ཨེ་ཡིན་མེ་ཤེས་མོད་ཀྱང༌། ཁ་བདེ་གྱོད་གླ་ལེན་པ་ཞིག་ཡིན་ཤས་ཆེ།”ཞེས་ཀུ་རེ་བྱེད་བཞིན་དུ། “ཨ་ལེ་ཀུ་རེ་ཡིན། སྨྱོ་བཤད་ཀྱིས་ཅི་བྱེད། རྟ་ལ་སྐུལ་དང་མགྱོགས་པོར་འགྲོ”
དེ་ནས་ཐང་འགོར་སླེབས་པ་ན། བསོད་བཀྲ་སྡེ་བའི་མཚེར་ཤུལ་དུ་སྦྲ་ཆུང་གྲུ་དར་ནི་རི་རྩེའི་དར་ལྕོག་དང་མཚུངས་པ། ཡུན་རིང་བོར་ཆར་གྱིས་གདུངས་པའམ་ཉི་འོད་ཀྱིས་བསྐམས་པས་མདོག་ལ་སེར་ཞད་འདྲེས་པ་ཞིག་ནག་ཙོག་གེར་ལུས་འདུག་པ་མཐོང་སྟེ་བང་ཆེན་པས་སྨྲས་པ།
“ཡ—འུ་ལག་ཁ་བདེ། ངེད་གཉིས་དམིགས་ཡུལ་དུ་སླེབས་སོང༌། ཁྲ་ཤུལ་རྟ་རྡོར་ཚང་ཕ་གི་མ་རེད་དམ།”ཟེར་བཞིན་འུ་ལག་ལ།
“རོང་ཚ་བཀྲ་ཤིས་མཚོ་ཟེར་བ་དེར་ཡག་མོ་སྒོ་ཡོད་རབས་ཞེས་གྲགས་པ་ས་གཞིའི་ཁྱོན་ལ་མ་ཤོང་བར་ཡོད་པ་ཐོས་པ་ཙམ་ལས་དངོས་སུ་མཐོང་མ་མྱོང༌། ངོ་མ་དེ་འདྲ་ཞིག་རེད་དམ། དེའི་ཆེད་དུ་སྲོག་དམར་བོ་འབེན་ལ་འཇོག་དགོས་པ་ཞིག་རེད་དམ། ཁྱོད་ཀྱིས་རིག་ཨེ་མྱོང༌།”ཞེས་དྲིས་པས། དེར་འུ་ལག་གིས་ལན་བཏབ་པ།
“རོང་ཚ་བཀྲ་ཤིས་མཚོ་ཟེར་བ་དེ་མཆོད་པའི་ལྷ་མོ་ལྟར་མཛེས་མ་ལྟ་བས་ཆོག་མི་ཤེས་པ་ཞིག་རེད་ཅེས་བཤད་པ་ངས་ཀྱང་མི་ཤེས་ཏེ།ད་ཅི་བཤད་ཀྱང༌། མོའི་ཁྲ་ཆུང་མིག་གི་གཟི་མདངས་ལ་བལྟས་ན།ཐོ་རངས་སྐར་ཆེན་ཡིན་རུང་འོད་མི་གསལ། མོའི་དུང་སོ་སུམ་ཅུའི་དཀར་མདངས་ལ་བལྟས་ན། སྟོད་གངས་རི་ཡིན་རུང་དཀར་ཉམས་མེད། མོའི་ཤ་དཀར་པགས་པའི་དམར་མདངས་ལ་བལྟས་ན། དམར་ཆུང་བྱུ་རུ་ཡིན་རུང་སྐྱ་ཞད་འདྲེས། དེ་མིན……”
“ཧ་ཧ་ཧ། ཁ་བདེ་མི་ཟེར་ཀ་མེད། ཁ་བདེ་ནས་རིན་ཆེན་ཚིག་ལ་མགོ་རྒྱན། དེ་ལྟ་བུ་ཞིག་གང་ན་སྣང༌། སྐྱ་ལོའི་སེང་ལྕམ་འབྲུག་མོ་ནི་བུད་མེད་ཀུན་གྱི་གཙུག་གི་རྒྱན་ཡིན་མོད་ཀྱང༌། དེ་ལྟ་བའི་ཡག་མོ་སྒོ་ཡོད་རབས་གཅིག་ཀྱང་བཤད་རྒྱུ་མེད།”བང་ཆེན་པས་དེ་ལྟར་ཁ་བཀག་ནས་བཤད་པ་ན།
“ཡ་ཡ་ཡ། ཁྱོད་ཀྱིས་མ་རེད་བསམ་ན་ངེད་གཉིས་རྩོད་དགོས་དོན་མེད། ཁྱོད་ཀྱིས་མཐོང་བ་ཙམ་དུ་མིག་གི་དབང་བོ་དང་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག་སྟེ། ཁྱོད་དགུན་གྱི་ཁུ་བྱུག་བཞིན་ངག་མེད་དུ་འགྱུར་བའམ་ཁ་ནས་བཤད་ལམ་བཞིན་ཅི་འཆོར་ལ་གནས་ལུགས་མེད་ན་ཅི་ཤེས།”ཟེར།
དེའི་དུས་སུ་ཁོ་གཉིས་རྟ་རྡོར་ཚང་གི་ཉེ་འདབས་སུ་སླེབས་འདུག་པས། འུ་ལག་གིས་བཤད་པར་ལན་འདེབས་ལོང་མ་བྱུང་བར་བལྟས་པ་ན། འབྲི་རོག་བེའུ་ཁྲིད་པ་གཅིག ནོར་ནག་ཁ་ཤས། རྟ་རྒོད་མ་མ་བུ་འགའ་ཞིག་གིས་རུ་མཐའ་ན་དལ་བྲེལ་གྱི་ཉམས་འགྱུར་མེད་པར་བག་ཕེབས་པའི་ངང་ནས་རྩྭ་ཟ་བཞིན་པ་དང༌།སྦྲའི་སྒོ་འགྲམ་ན་གཡག་ནག་ཡུ་ཐོད་པ་ན་འཛི་ཅན་དང་མཛོ་ལྟག་ཁྲ་རྭ་གཡོན་པ་ཐུར་དུ་གུག་པ་གཅིག་སྒ་འབྲེང་དང་བཅས་ཏེ་ལྕང་ཕུང་ཞིག་ལ་བཏགས་ཡོད་པ་ལས་གཞན་ཅི་ཡང་མ་མཐོང༌།
བང་ཆེན་པ་དང་འུ་ལག་གཉིས་སླེབས་བྱུང་བ་དང་བོར་རྟ་རྡོར་ཚང་གི་ཁྱི་རྒན་རྒྱ་དམར་གྱིས་མཐོང་མོད།འོན་ཀྱང་ཁྱི་དེ་ཐང་གཤོངས་ཆེན་པོའི་ལྟོངས་སུ་མི་ཕྱུགས་གཅིག་ཀྱང་མེད་པར་སྟོང་ཧང་ངེར་གྱུར་པ་ལ་སྐྲག་ནས་ལུས་ཀྱི་རྩལ་དང་དྲག་ཤུལ་སོགས་ཡལ། མི་རྒྱུས་མེད་མཐོང་ཚེ་མི་བཟོད་པའི་ཁོང་ཁྲོ་ཡོད་པ་སོགས་ཀྱང་ཞི་ནས་རྔ་མ་སྒྱིད་ཁུག་ལ་དྲངས་ཏེ་སྦྲ་ནང་དུ་འཛུལ་བྱུང་བ་རོང་ཚ་བཀྲ་ཤིས་མཚོས་མཐོང་ནས། ཅི་ཡིན་སྙམ་སྟེ་སྒོར་བུད་ནས་བལྟས་པས། རྟ་སྔོ་ནག་ཆུ་རྡོ་འདྲ་བ་ཞིག་ལ་ཞོན་པའི་གཞོན་ནུ་ཤ་དར་ཁྲག་རྒྱས། དངུལ་དཀར་གྱི་རྣ་རྒྱན་ཅན།མདུན་སོ་གཡས་པ་གསེར་གྱིས་ཤན་པ། སྐེད་ལ་ཤང་ལང་བཏགས་པ། རྒྱབ་ལ་རྭ་རྩེ་དངུལ་དཀར་གྱིས་ཤན་པའི་མེ་མདའ་ཁུར་བ་ཞིག་སྒོ་འགྲམ་དུ་སླེབས་འདུག་པ་མཐོང་བ་དང་ཆབས་ཅིག བང་ཆེན་པས་སྐད་གསེང་མཐོན་པོས་འདི་སྐད་སྨྲས་པ།
“ཀྱེ—རོང་ཚ་བཀྲ་ཤིས་མཚོ།སང་ཉིན་ཉི་མའི་གུང་རོལ་ཚུན་ཆད་ལ་ཁྱོད་ཅིས་ཀྱང་གཉེར་ཚང་ལ་འབྱོར་དགོས།གལ་ཏེ་ཉི་ཆད་ལྟར་མ་སླེབས་ན་ཚེ་དང་སྲོག་གི་ཆད་པ་འབབ་ནའང་ཐང་གསུང་གི”ཞེས་བཤད་ཞོར་ལ་དེར་ཞིབ་ཏུ་བལྟས་པས། བང་ཆེན་པའི་སེམས་ལ། འདི་ནི་གཞི་མེད་པ་ལ་སྒྲོ་བཏགས་པ་ཞིག་ག་ལ་ཡིན། མིང་དང་དོན་མཚུངས་པ་ཟེར་བ་འདི་ལས་ཅི་ཡོད། ཨ་ཧ་ཧ། འདི་ནི་རྒྱུ་སྐར་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟར་ཁྱད་དུ་མཛེས་པ་ཞིག་མ་རེད་དམ། འདིའི་ཆེད་དུ་ངས་ཀྱང་རང་སྲོག་བློས་གཏོང་ཐུབ་སྙམ་ནས་ཅི་བྱས་རང་གིས་ཀྱང་མ་ཚོར་བར་རྟ་ལས་བབས་ཏེ་མོའི་འཁྲིས་སུ་བཅར་ནས་ངག་འཇམ་ཞིང་འཛུམ་ཉམས་དང་བཅས་ཏེ་ཡང་འདི་སྐད་སྨྲས་པ།
“ངས་བལྟས་ན་གཉེར་ཚང་གི་བཀའ་ལྟར་སོང་ནས་རྒྱུ་མཚན་ཐམས་ཅད་ཇི་བཞིན་དུ་གསལ་བོར་བཤད་ན། མཐར་དོན་དག་རང་གི་བསམ་ཚུལ་ལྟར་འགྲུབ་པར་ཕན་པས་འགྲོ་གྲབས་བྱས་ན་ལེགས་སྙམ།”ཟེར་ནས་དེ་གར་གདོང་ཐམས་ཅད་འཛུམ་གྱིས་གང༌། མིག་གིས་ཀེམ་ཀེམ་དུ་ལྟ་བཞིན་སྒྱིད་པ་ཞུམ་ཞུམ་གྱིས་ལངས་བསྡད་པ་ན། བཀྲ་ཤིས་མཚོའི་ཁ་ནས་ཡིན་མིན་དང་འགྲིག་མིན་གྱི་ལན་གང་ཡང་མ་ཐོན་པར་མ་ཟད། ཐ་ན་ཁྱིམ་ལ་ཕེབས་ཞེས་པའི་མཐོ་དམན་ཉེ་རིང་ཀུན་ལ་བཤད་དགོས་པའི་ཁ་ཡག་ཙམ་ཡང་མེད་པར་གསིག་སྐོར་ཞིག་བྱས་ཏེ་ནང་དུ་འཛུལ་ལོ།
དེ་ནས་འུ་ལག་གིས”ཡ—ཕོ་བྱིས། ཁྱོད་རོ་ལངས་བརྒྱབ་པ་བཞིན་དེ་གར་ སྒྱིད་པ་ཞུམ་ཞུམ་གྱིས་ལངས་བསྡད་ནས་ཅི་བྱེད། “ཅེས་པས།བང་ཆེན་པ་གཉིད་ལས་སད་པ་ལྟར་དེ་མ་ཐག་ཏུ་བཞིན་རས་སུ་ངུ་མ་དགོད་ཀྱི་རྣམ་འགྱུར་དང་བཅས་ཏེ་རྟ་ཐོག་ཏུ་བུད་ནས་རྦབ་འགྲིལ་བ་བཞིན་སོང༌།
རོང་ཚང་བཀྲ་ཤིས་མཚོ་ཟེར་བ་ནི་ངོ་མ་ས་འདིར་སྙན་གྲགས་ཡོད་པའི་བུད་མེད་མཛེས་མ་ལྟ་བས་ཆོག་མི་ཤེས་པ་ཞིག་ཡིན་ཏེ། ཕྱིའི་སྐྱེ་གཟུགས་ལྟ་ན་སྡུག་པའམ་ནང་གི་རྣམ་རིག་ཤེལ་དཀར་གྱི་མེ་ལོང་ལྟར་གསལ་བས་གཞན་རྣམས་ཀུན་ལས་ཁྱད་དུ་འཕགས་པ་ཙམ་དུ་མ་ཟད། མཉེས་གཤིན་པ། གཤིས་བཟང་བ། ཀུན་ ལ་བྱམས་པ་ཞིག་ཀྱང་ཡིན་པས། དངུལ་དཀར་གྱི་གའུ་ལ་བྱུར་དམར་གྱི་ཕྲ་བཏབ་པ་ལྟར་ཀུན་གྱི་མིག་ལམ་དུ་མཛེས།
མོའི་སེམས་ལ། ངས་ཁྲིམས་འགལ་ལུགས། གཏོར་གྱི་ལས་ཀ་སྤུ་རྩེ་ཙམ་ཡང་མ་བྱས་པས་ཁྲིམས་སྒོར་འགྲོ་དགོས་པའི་ཆ་ནི་ཅུང་ཟད་ཙམ་ཡང་མ་མཆིས་སྙམ་ནས་རང་གིས་རང་ལ་དཔའ་སྐྱེད་བཞིན་པའི་སྐབས་དེར་བྱིས་པའི་ངུ་སྐད་ཅིག་མདའ་མོ་ལྟར་མོའི་སྙིང་ཁར་ཟུག་བྱུང་བས།མོ་གཉིད་ལས་སད་པ་ལྟར་དེ་མ་ཐག་ཡར་ལངས་ནས་གསོད་སར་ཁྲིད་པ་ལྟར་ངུ་རྒྱངས་བྱེད་བཞིན་པའི་བྱིས་པ་པང་དུ་བླངས་ནས། “ལོ—ལོ—ཨ་མའི་གཅེས་ཕྲུག་མ་ངུ—ཡ”ཟེར་བཞིན་སྦྲའི་མར་རྒྱུད་ནས་ཕར་འགྲོ་ཚུར་འགྲོ་བྱས་པས། བྱིས་པའི་རྣ་ལམ་དུ་ཨ་མའི་བརྩེ་དུང་དང་ལྡན་པའི་སྐད་གྲགས་བྱུང་བ་དང་མཉམ་དུ་ངུ་སྐད་ཆད་དེ་ཧ་ཅང་ཉམ་ཐག་ པའི་བཞིན་རས་སུ་རིམ་གྱིས་བག་ཕེབས་པའི་ཉམས་ཤར། ཤིན་ཏུ་ཕྲ་བའི་ལག་པ་གཉིས་ཀ་བརྐྱངས་ནས་ཨ་མའི་མིག་དང་མཁུར་ཚོས་ཡོངས་སུ་ཁེབས་པའི་གནག་སྣུམ་སྲིན་སྐུད་ལྟ་བུའི་སྐྲ་ལོ་རྩེ་སྤྱད་བྱས་བྱུང་བར། བཀྲ་ཤིས་མཚོས་རང་གི་སེམས་གཏིང་གི་སྡུག་བསྔལ་མནན་ཏེ་ཁ་ནས་བྱིས་པར་གཉིད་འགུགས་པའི་གླུ་ཆུང་ཞིག་བླངས་བྱུང་བ་འདི་ལྟ་སྟེ།
“ལོ—ལོ—”
གཉིད་ལ་སྡོད་དང་རྟ་ཞིག་སྟེར།།
རྟ་ཞི་སྒ་ཞི་བསྟད་ནས་སྟེར།།
སྲབ་མདའ་དར་ཞིག་བཏགས་ནས་སྟེར།།
ས་ནས་མེ་ཏོག་བལ་ནས་སྟེར།།
གནམ་ནས་སྐར་མ་བླངས་ནས་སྟེར།།
སྐྱ་ཀ་ཁྲ་མོ་བཟུང་ནས་སྟེར།།
… …
དེའི་དུས་སུ་ནད་ཀྱིས་མནར་བཞིན་པའི་ཨ་ནེས་མལ་ནས་མགོ་བཀྱགས་ཏེ“ད་སོ་མ་སྐྱ་མི་ཞིག་འོངས་པ་དེས་ཅི་ཟེར།”ཞེས་དྲིས་པས། དེར་མནའ་མས་ལན་བཏབ་པ།
“དེ་གཉེར་ཚང་གི་བང་ཆེན་རེད། སང་ཉིན་ཉི་མའི་གུང་རོལ་ཚུན་ཆད་ལ་གཉེར་ཚང་དུ་མ་འབྱོར་ན་ཚེ་སྲོག་གི་ཆད་པ་འབབ་ནའང་ཐང་ཟེར།”
བཀྲ་ཤིས་མཚོའི་ཨ་ནེ་ནི་རྒ་དང་ན་བའི་ཆོམ་རྐུན་གྱིས་བློ་དང་ལང་ཚོ་མ་ལུས་པར་བཅོམ་ཟིན་པའི་རྒན་མོ་ཞིག་ཡིན་ལ། ལྷག་པར་དུ་ཉེ་ཆར་ནད་ཇེ་ཐུ་ལ་སོང་བའི་དབང་གིས། མོའི་གདོང་ནི་ཧ་ལམ་ས་ནག་གི་འདམ་ལས་བཟོས་པ་ཞིག་དང་འདྲ། བཞིན་རས་དང་ཡན་ལག་རྩྭ་ཡི་ཞགས་པས་བཅིངས་པ་དང་དེ་ཡང་གཉེར་མའི་དྲ་ཕད་དུ་བཅུག་པ་ཞིག་དང་འདྲ།
དེ་ནས་ཡང་ཁ་ཤ་འདར་ལྷབ་ལྷབ་བྱེད་བཞིན་སྨྲས་པ།
“རྟ་མགྲིན་རྡོ་རྗེ་བཟུང་བས་མི་ཆོག ཁྱོད་ཀྱང་ཤོག་ཟེར་བ་དེ་ཅི་ཡིན། རུའི་རྗེས་ལའང་མ་ཆོད་པར་མཚེར་དུ་ལུས་འདུག་པ་ཞིག་སང་ཉིན་ཇི་ལྟར་འབྱོར།”
དེར་བཀྲ་ཤིས་མཚོས་ཡིན་མིན་གྱི་ལན་ཅི་ཡང་མ་བཏང༌།
ཡང་ཅུང་ཙམ་བསྡད་ནས། མོའི་རིད་ཅིང་ཉམ་ཆུང་བ། ཡི་དྭགས་ཀྱི་གཟུགས་ལ་འགྲན་པ་ལྟ་བུའི་ལུས་མི་སྡུག་པ་དེ་འདར་ཞུམ་ཞུམ་བྱེད་བཞིན་སྨྲས་པ།
“ཁྱོད་ཀྱང་འགྲོ་དགོས་ན། ང་སྤྱང་ལྟོགས་ཀྱི་ཟས་སུ་འགྱུར་བའམ་ཡང་ན་མུ་གེར་འཆི་བ་ལས་གཞན་ཅི་ཡོད།?? ཁྱོད་ཀྱིས་དེ་ལྟར་བང་ཆེན་ལ་རྒྱུ་མཚན་ཞིག་མ་ཞུས་སམ།”ཟེར།
དེར་མནའ་མས་ལན་བཏབ་པ།
“དེ་ཚོའི་ཡ་ཁོག་ན་མི་སེམས་མེད། ཡོད་ཀྱང་འཕངས་པའི་མདའ།མངགས་པའི་མི་ཡིན་པས་དབང་ཆ་མེད།དེ་ཚོར་ཞུ་བ་བྱས་ནས་ཅི་ཕན།
ཨ་མ་ལགས། ཁྱོད་ཀྱི་སེམས་བདེ་མོ་གྱིས་དང་ང་མི་འགྲོ ཁོ་ཚོར་བཤད་རྒྱུ་འདྲི་རྒྱུ་ཅི་ ཡོད་ན་རྟ་མགྲིན་རྡོ་རྗེར་དྲིས་པས་ལོས་ཆོག ང་འགྲོ་དགོས་དོན་མེད།”ཟེར། \
དེར་རྒན་མོས་གཏིང་ནས་ཤུགས་རིང་ཞིག་འཐེན་བཞིན་མགོ་སྔས་ཐོག་ཏུ་བཞག་སྟེ་དབུགས་ཆད་པ་ལྟར་འཇམ་ཅག་གེར་ཅུང་ཟད་ཙམ་བསྡད་ནས་ཡང་སྨྲས་པ།
“ཅི་བྱས་ལམ་དུ་མི་འགྲོ་བ་དེས། ཁྱོད་ལའང་གྲིབ་མ་གནག་ནས་འགྲོ་ལམ་མེད་པའི་མཚམས་འདིར་གཏུགས།”ཞེས་ཐབས་ཟད་པས་རང་གི་དཔྲལ་བའི་མིག་དང་མཚུངས་པའི་སྙིང་གི་ནོར་བུ་ལའང་དགྲ་ཆོག་བྱས་བྱུང་བར། བཀྲ་ཤིས་མཚོའི་སེམས་ལ། ཨ་མ་ནི་ཐབས་ཟད་ནས་ཅི་བཤད་ལ་གནས་ལུགས་མེད་པ་ཡིན་མོད། འོན་ཀྱང་ད་ལྟ་རྟ་མགྲིན་རྡོ་རྗེ་དགྲ་ལག་ཏུ་ཤོར་ནས་སྲོག་ཀྱང་འཚམས་ཐུབ་མིན་ལ་ཐུག་ཡོད་པའི་སྐབས་འདིར། ཅི་བྱས་ལམ་དུ་མི་འགྲོ་བ་ཞེས་ཚིག་ངན་གྱིས་དམོད་མོ་བྱས་ན་ཧ་ཅང་མི་འོས་སོ་སྙམ་མོད་ཀྱང༌། དེ་མ་ཐག་ལན་ཅི་ཡང་མ་བཏབ།
ཉེ་སྔོན་གཉེར་ཚང་གིས་རྟ་མགྲིན་རྡོ་རྗེར་ལག་ལྕགས་བརྒྱབ་ནས་འཁྲིད་དུས་མོས་མིག་ཆུ་མ་ཤོར་མོད། འོན་ཀྱང་ད་ལྟ་ཨ་མས་གོང་ལྟར་ཚིག་ངན་གྱིས་དམོད་པས་མོའི་མཆི་མ་ནི་མུ་ཏིག་གི་ཕྲེང་བའི་རྒྱུན་ཐག་ཆད་པ་བཞན་རང་དབང་མེད་པར་ཁྲ་ཐར་ཐར་བབས་བྱུང༌།
བཀྲ་ཤིས་མཚོའི་སྐྱེ་ས་འཁྲུངས་ཡུལ་བཤད་ན་སྟག་ལུང་རོང་ཚ་ཞེས་བྱ་བའི་ ས་ཆ་དེ་གའི་ཡིན། འདི་ནས་ཕལ་ཆེར་ཉིན་ལམ་གཉིས་ཙམ་ཡོད།
ལོ་གསུམ་གྱི་སྔོན་ཏེ་བླ་མའི་ལུང་བསྟན་ལྟར་མེ་མོ་ཕག་གི་ལོའི་བཞི་བའི་ཚེས་བརྒྱད་ཉིན་གྱི་ཉི་མ་རྩེ་ཤར་ལ་རི་མོ་ཅན་གྱི་གོས་གོན། གོམ་པ་ཅན་གྱི་རྟར་ཞོན། རྒྱབ་ན་སྐྱེལ་མ། མདུན་ན་བསུ་མ་དང་བཅས་པ་ས་འདིར་རྟ་མགྲིན་རྡོ་རྗེའི་བག་མར་ཡོང་བ་ཡིན། དུས་དེ་ནས་བཟུང་སྟེ་རྟ་མགྲིན་རྡོ་རྗེ་ནི་མོ་རང་གི་ཡ་ཐོད་ཀྱི་མིག་དང་ཡ་ཁོག་གི་སྙིང་ ཡིན་ལ། མོའི་བདེ་སྐྱིད་དང་ཁ་རྗེ་དབང་ཐང་ཀུན་གྱི་འབྱུང་གནས་ཀྱང་ཁོ་ཡིན་པས། ཁོ་ལ་གཞན་གྱིས་ཚིག་ངནབརྗོད་པ་སོགས་ཐོས་ན་སེམས་གཏིང་ནས་མི་དགའ། ཁྱད་པར་དུ་ཉེ་སྔོན་ཁོས་མི་བསད་ནས་བཙོན་དུ་བཅུག་པ་ཡིན་པས་གཞན་རྣམས་ཕར་ཞོག རང་གི་ཨ་མས་དེ་ལྟར་བཤད་ནའང་སེམས་གཏིང་ནས་བཟོད་དཀའ། དེའི་ཕྱིར་སྨྲས་པ།
“ཨ་མ་ལགས། ཁྱོད་ཀྱིས་རྟ་མགྲིན་རྡོ་རྗེའི་ཆེད་དུ་སྐྱབས་འཇུག་ཚིག་ཀ་གསུམ་ཞུ་མི་ཐུབ་ནའང་དམོད་པ་འདོར་བ་ག་ལ་རུང༌།”
“ཨ—ཁྱོད་ཀྱི་དེའང་བདེན།”རྒན་མོའི་སྐད་འདར་བཞིན་སྨྲས་པ།”དམོད་ག་ལ་རུང༌། དཀོན་མཆོག་གསུམ་པོས་མཁྱེན། ཚེ་ལ་བར་ཆད་མེད་པར་ཤོག”
རྒན་མོས་དེ་ལྟར་གསོལ་བ་འདེབས་སྐབས། སོར་བཅུ་ཐལ་མོ་སྦྱར་ཏེ་སྤྱི་བོར་བཀོད། སེམས་གཏིང་ནས་དད་པ་དག་སྣང་བྱས་པའི་དབང་གིས་ཨེ་ཡིན། སྐད་འཕང་དམའ་ནས་སྦྲང་བུ་ཞིག་གྲག་བཞིན་པ་དང་མཚུངས། དེ་ནས་ཡུད་ཙམ་བསྡད་ནས་ཡང་སྨྲས་པ།
“བཙན་པོས་གཉོམ་ཆུང་ལ་ཐུབ་ཚོད་བྱེད་པའམ་ཕྱུག་པོས་མེད་པོར་བརྙས་བཅོས་བྱེད་པ་ནི་འཇིག་རྟེན་འདིའི་འགྲོ་ལུགས་རེད། ང་ཚོས་མཛུབ་མོས་གནམ་འདེགས་ག་ལ་ནུས། མེད་པོ་མེད་ས་ནས་འདུག་ཤེས་བྱས་པ་ཏེ་མགོ་སྒུར་ནས་ཉི་མ་འཁྱོལ་ཐབས་བྱེད་དགོས་པ་ལས་མགོ་འཕང་གནམ་ལ་བཟུང་ནས་མི་གསོད་ལག་དམར་སོགས་ཀྱི་བྱ་བ་བྱེད་ག་ལ་རུང༌། འཇིག་རྟེན་གཏམ་དཔེ་ལ། གཉོམ་ཆུང་འདུག་ཤེས་ན་བཙན་པོས་སྒུལ་མི་ཚུགས”ཟེར།
རྒན་མོ་ད་དུང་སྔར་བཞིན་པུས་མོ་བཙུགས་ནས་ཁ་སྦུབ་ཀྱིས་ཀུམ་སྟེ་བསྡད་ཡོད།སྐད་ཆ་བཤད་ཚར་བ་ན་ཐོད་པ་ལག་མཐིལ་དུ་བཞག་ནས་བསྡད་ཡོད་པའི་སྐབས་དེར་མོའི་སྐྲ་ལོ་ནི་གཡག་རྔ་ཟད་པོ་ཞིག་དེ་གར་བདག་མེད་དུ་གཡུགས་བཞག་པ་དང་འདྲ།
རྒན་མོའི་སེམས་ལ། ད་ང་ཚོ་ནི་ནག་མེད་ནག་ཅན་དུ་གྱུར། ཉེས་མེད་ཉེས་ཅན་དུ་གྱུར། དཀོན་མཆོག་གསུམ་པོ་མི་བསླུ་བ་ཡིན་རྒྱུ་རེད།
ང་ཚོ་འགྲོ་སའི་ལམ་ནི་མེད།འདི་ནི་སྐྱེ་བ་སྔོན་མས་ཚོགས་མ་བསགས་པས་རང་གི་ལས་དབང་དུ་གྱུར་པ་ཡིན་རྒྱུ་རེད་སྙམ།
དེར་མནའ་མའི་སེམས་ལ། གཉོམ་ཆུང་འདུག་ཤེས་ན་བཙན་པོས་སྒུལ་མི་ ཚུགས་ཟེར་ཡང་དེ་ལྟར་ག་ལ་ཡིན། གཉོམ་ཆེ་ན་བརྙས་བཅོས་བྱེད་པ་ཇེ་ཐུ་ཇེ་སྡུག་ལས་མེད། སྐྱིད་ཀྱི་མགོ་འཕང་དམའ་དགོས། སྡུག་གི་མགོ་འཕངས་མཐོ་དགོས་ཞེས་པའི་དཔེ་ལྟར་སེམས་ཁྲལ་གྱིས་མི་ཕན།
ད་ཨ་མ་ལ་སེམས་གསོ་རེ་བྱེད་རྒྱུ་གལ་ཆེ་སྙམ་ནས་སྨྲས་པ།
“ཨ་མ་ལགས། ང་ཚོ་གཉོམ་ཆུང་འདུག་མ་ཤེས་པ་མིན། ཁོ་ཚོ་བཙན་པོར་བཙན་ཚོད་མེད་པ་ཡིན། བདེན་ང་ཚོའི་ལག་ཏུ་ཡོད་པས། ནམ་ཞིག་ཉི་མའི་དུས་ཀྱི་མཐའ་ན། བདེན་ལུང་བ་གཉིས་ལ་ཕུ་ཐག་རིང་བའི་སྐབས་ཤིག་ལོས་ཡོད།”