ཁོའི་རྩོམ་ཡིག་ཅིག་ལ་རྒྱལ་ཡོངས་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ་པ་ནས་བཟུང་ཁོ་རང་སྔར་ལས་ལྷག་པར་རྩོམ་རིག་ལ་དགའ་ཞིང་རྩོམ་རིག་དང་འབྲལ་ཐབས་མེད་པ་ཞིག་ཏུ་གྱུར་སོང་བར་མ་ཟད། རྗེས་ཀྱི་འཚོ་བའང་དཔེ་དེབ་རྩོམ་སྒྲིག་ཁང་ཞིག་ནས་བསྐྱལ་ཐུབ་ན་ཅི་མ་རུང་སྙམ་པའི་རེ་བ་དང་འཆར་གཞི་བཟོས་མྱོང་།
སློབ་མཐར་ཕྱིན་པའི་ཟླ་ངོ་འདི་དག་གི་ཁོམ་ལོང་དང་བསྟུན་ནས་ཕ་ཡུལ་ལུང་པ་རུ་ལོ་དེབ་ཅིག་ཆེད་གཉེར་བྱ་རྒྱུ་ནི་ཁོས་ཆེས་བསྒྲུབ་འདོད་ཀྱི་ལས་ཀ་གལ་ཆེ་ཤོས་དེ་ཡིན། དེ་རིང་གཡུ་གཞུང་གྲོང་བརྡལ་གྱི་ཇ་ཁང་ཞིག་ནས་ཆུང་དུས་ཀྱི་རྩེད་རྡོ་སྒྲིག་རོགས་སྐོར་ཞིག་དང་ལྷན་དུ་ཁོས་རང་གི་སློབ་ཆེན་འཚོ་བ་དང་མི་ཚེའི་འཆར་གཞི། དགའ་ཕྱོགས་སོགས་མང་པོ་ཞིག་བཤད། ཞོར་ཏུ《ཉི་མ》ཞེས་པའི་ལོ་དེབ་ཞིག་ཕ་ཡུལ་ལུང་པ་ནས་ལམ་ལ་ཆས་ཏེ་ཧི་མ་ལའི་དབུ་རྩེར་བསྐྱོད་པའི་ཆོད་སེམས་ཡང་བཤད། སྐབས་དེར། ཁོ་ལ་ཁ་པར་ཞིག་འབྱོར་བྱུང་། ཁོ་ཚོ་དང་ཅུང་ཙམ་གྱེས་ནས།
“འོ་ཨ་ཕ། དེ་རིང་སོང་ནས་མིང་ཐོ་བཀོད་ཟིན། གཟའ་འཁོར་རྗེས་མའི་ནང་བརྡ་རྒྱག་ཡོང་ཟེར་གི”ཅེས་ཤ་བེ་ཤུབ་བེ་ཞིག་བཤད།
དེ་རིང་སྤྱིར་ཡིན་ན་ཕ་རྒན་གྱི་བཀའ་ལྟར་རྫོང་སྲིད་གཞུང་ལ་སྐབས་སྒྲུབ་ལས་མིར་མིང་ཐོ་བཀོད་དུ་ཡོང་བ་ཡིན་མོད། ལམ་ནས་རང་གི་ཆུང་གྲོགས་ཚོར་འཕྲད་པ་དང་ཁོ་རང་ཉིད་ཀྱང་སྲིད་གཞུང་གི་ལས་ཀ་གཡར་མ་དེར་སྤྲོ་བ་མེད་པས་ཐད་ཀར་སྣང་མེད་དུ་བཞག
ཁོས་རྫོང་གི་ཡིག་དཔར་ཁང་ཞིག་ནས་རྩོམ་བསྡུའི་བརྡ་སྦྱོར་ཞིག་བྲིས་ཏེ་ཁྲོམ་སྲང་ཀུན་ལ་སྦྱར་ཞིང་། སྦྲགས་སྲིད་བརྒྱུད་དེ་ཐག་རིང་གི་གྲོགས་པོ་རེ་ཟུང་ལ་བསྐུར། ཉིན་ཉི་ཤུའི་རིང་ཁོ་ལ་སྦྲགས་སྲིད་ཁང་གིས་བསྟུད་མུར་ཁ་པར་འོང་ནས“ཉིད་ལ་འཕྲིན་ཡིག་ཅིག་འབྱོར་འདུག མྱུར་མོར་ལེན་དུ་ཤོག་”ཅེས་བརྡ་བརྒྱབས། ཁོ་རང་ཡང་ཉི་མ་གསུམ་རེ་ནས་རྫོང་ཐོག་ལ་ཐེངས་རེར་འགྲོ་དགོས་ཤིང་། འགྲོ་ཐེངས་རེ་རེར་རྩོམ་ཡིག་བཅུ་ལྷག་འཁྱེར་འོང་རྒྱུ་ཡོད་ལ། སྐབས་དེར་ཁོའི་སེམས་ལ་གསོན་ཤུགས་དང་རེ་བ་ཞིག་ཀྱང་སྐྱེས་བྱུང་། སྔོན་མར་རྩོམ་བརྡ་བཀྲམ་སྐབས་ཀྱི་སེམས་ཚེགས་ནི་རྩོམ་པ་པོ་དག་གིས་རྩོམ་སྐུར་མིན་ཡིན་མོད། ད་ནི་དགའ་ལྷང་ལྷང་དང་སྤྲོ་ཀྲོག་ཀྲོག་གིས་རྩོམ་ཡིག་དག་རེ་རེ་བཞིན་བདམས་ཏེ་རྩོམ་སྒྲིག་གི་འགོ་བརྩམས།
ཁོ་རང་དབྱར་དགུན་གནང་གི་སྐབས་སུ་དགོན་པར་དཔེ་ཁྲིད་ལ་འགྲོ་དུས་རྒྱུན་དུ་གནས་ཚང་གཡར་ས་གཅིག་ཡོད་པ་ནི་ཨ་ཁུ་ཆོས་འབྱུང་ཚང་ཡིན། ཨ་ཁུ་ཆོས་འབྱུང་ནི་སློབ་མ་དག་ལ་ཧ་ཅང་དགའ་ཞིང་། རྩོམ་འབྲི་མཁན་དང་གླུ་ལེན་མཁན་ལ་ལྷག་ཏུ་དགའ། ཁོས་རང་ཁྱིམ་ལྟ་བུའི་གྲྭ་ཤག་དེ་རུ་རྩོམ་སྒྲིག་གི་ལས་ཀ་བསྒྲུབས་ཤིང་ཞོར་ཏུ་ཨ་ཁུ་ཁོང་ཡང་རྩོམ་སྒྲིག་གི་དཔུང་སྡེ་རུ་གདན་དྲངས་ཤིང་ཁོང་ཚང་ནས་ཉི་མ་འགར་ཞུ་དག་དང་རྩོམ་སྒྲིག་གི་ལས་ཀ་བསྒྲུབས།
རྩོམ་སྒྲིག་གི་འགོ་བརྩམས་ནས་དེ་རིང་བར་ཉི་མ་བཅུ་བཞི་འགོར་སོང་། ད་ནི་པར་སྐྲུན་གྱི་ལས་ལ་ཤུགས་རྒྱག་རན་ཡིན། ཨ་ཁུ་ཆོས་འབྱུང་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་སྟབས་དམངས་སྒོར་སུམ་བརྒྱ་ལས་ཞལ་འདེབས་སུ་ཕུལ་རྒྱུ་མ་བྱུང་ཡང་། དེ་ནི《ཉི་མ》ཞེས་པའི་ལོ་དེབ་འདི་འཇིག་རྟེན་མི་ཡུལ་དུ་འཁྲུངས་ལ་ཉེ་བའི་སྐབས་ཀྱི་ཆེས་ཐོག་མའི་སྨོན་ཚིག་དང་། ཆེས་ཐོག་མའི་ལེགས་སྐྱེས་ཀྱང་ཡིན། དེ་བས་ཨ་ཁུ་ཆོས་འབྱུང་《ཉི་མ》ཞེས་པའི་ལོ་དེབ་ཀྱི་ཕ་རྒན་ལྟ་བུར་གྱུར།
དཔེ་དེབ་པར་སྐྲུན་གྱི་ཐད་ལ་དམངས་སྒོར་སུམ་བརྒྱ་ཙམ་གྱིས་ཅི་བྱ། དེ་རིང་ནས་ཁོས་དེའི་ཕྱོགས་ལ་སེམས་ཁུར་བྱེད་དགོས། ཡིན་ཡང་རང་སྡེ་ལ་གནའ་སྔ་མོ་ནས་ད་ལྟའི་བར་བོད་ཀྱི་རིག་གནས་ཆེ་ཆུང་གང་གི་ཐད་ལ་བྱས་རྗེས་བཞག་དང་འཇོག་བཞིན་པའི་བླ་སྤྲུལ་མི་ཉུང་བ་ཞིག་ཡོད། ཁོ་ཚོས་ལས་ཀ་འདི་ལ་རྒྱབ་སྐྱོར་དང་ཁོ་རང་ཉིད་ཀྱང་སྡེ་བའི་སློབ་ཆེན་པ་ཞིག་ཡིན་པས་གདེང་འཇོག་ཐོབ་པར་ཡིད་ཆེས་ཆེན་པོ་ཡོད།
“དང་པོ་སྡེ་བའི་སྡེ་དཔོན་དང་རྒད་པོ་ཕྱུག་ཆེན་འགའ་རེ་ཡོད་པ་ཚོར་བཤད་དགོས་ནི་རེད།”
ཨ་ཁུ་ཆོས་འབྱུང་གིས་དེ་ལྟར་ལབ་མོད། ཁོའི་སེམས་སུ་སྤྱིར་བཏང་གི་འབྲོག་པ་དག་གིས་འདིའི་ཕྱོགས་ནས་མང་པོ་ཤེས་ནི་མ་རེད། ལྷག་ཏུ་ལོ་དེབ་ཅིག་ལ་རྒྱབ་སྐྱོར་བྱོས་ཟེར་ན་དཀའ་རྒྱུ་རེད་བསམས་མོད། ཁ་ནས་འཛུམ་དམུལ་ཏེ།
“ཡ་ཡ། ཨ་ཁུ། གལ་ཏེ་བཀོད་པ་མེད་སོང་ན། ཁྱོས་ཀྱང་གྲོགས་དན་རེ་བྱས་ཏེ་བཤད་དགོས་ས་ཡོད་ན་ཐང་།”
ཞེས་བཤད་དེ་འཕྲུལ་རྟར་ཞོན་ནས་ཁྱིམ་ལ་ལོག་སོང་། ཉེ་སྔོན་ཁོས་མིང་ཐོ་བཀོད་པའི་གནས་ཚུལ་ཕ་རྒན་གྱིས་སྔ་མོ་ནས་ཤེས་འདུག་པས་ཁོའི་སྟེང་ལ་ཁོང་ཁྲོ་ལངས་འདུག ཡིན་ཡང་ཕ་རྒན་གྱིས་དོན་དག་དེ་ཤེས་ནས་ཉིན་འགའ་འགོར་ཡོད་པས་འགྲོ་ཞོར་སྡང་མིག་གིས་ལྟ་བ་ལས་སྐད་ཆ་བཤད་རྒྱུ་མི་འདུག དེ་བས་ཐེངས་འདིའི་ཁོ་རང་གི་རླབས་ཆེ་བའི་ལས་གཞི་ཕ་རྒན་ལ་ཡར་ཞུ་བྱ་ཐབས་མ་བྱུང་ཡང་། དགུན་རླུང་གིས་ཁོའི་ངོ་གདོང་ཇི་ལྟར་གཙབ་ཀྱང་སེམས་ལ་དབྱར་གྱི་ཉི་འོད་བསུས་ཏེ་གཡུ་སྒང་མཚམས་ཐོག་ཏུ་ཨ་ལགས་བསྟན་པ་ཚང་ལ་ཞལ་འདེབས་སློང་དུ་ཆས་སོང་། གཡུ་སྒང་མཚམས་ཐོག་དང་ཁོ་རང་གི་ཕ་ཡུལ་བར་གྱི་འགྲོ་ལམ་ཧ་ཅང་མི་བདེ། ལྷག་ཏུ་ཁོ་རང་མཚམས་ཐོག་ལ་འགྲོ་བའི་ཉིན་དེར་ཁ་བ་འབབ་བཞིན་འདུག དཀའ་སྡུག་ཆེ་ལ་ཉེན་ཁ་དེ་བས་ཀྱང་ཆེ། ཉིན་གུང་ཙམ་མཚམས་ཐོག་ལ་འབྱོར་ཞིང་། ཨ་ལགས་བསྟན་པ་ལགས་ཀྱིས་གུང་ཇ་བཞེས་ཀྱིན་འདུག
ཁོས་ཁ་བཏགས་དཀར་པོ་འདོམ་གཞལ་མ་གཅིག་དང་ཇ་བག་གཅིག་མཇལ་རྟེན་དུ་བཟུང་ཡོད་པ་གུས་པས་ངང་ཨ་ལགས་བསྟན་པ་ཚང་ལ་ཕུལ་ནས་གནས་ཚུལ་ཞིབ་ཕྲ་ཡར་ཞུ་བྱས། ཨ་ལགས་བསྟན་པ་ཚང་ནི་ཆུང་དུས་ནས་རི་ཁྲོད་འགྲིམ་ཞིང་མཚམས་ལ་བསྡད་དེ་མི་ཚེའི་སུམ་ཆའི་གཉིས་ལྷག་ཁ་ཏོན་དགེ་སྦྱོར་དང་སྒོམ་སྒྲུབ་ཐོས་གསུམ་གྱི་ཆེད་དུ་ཕུལ་བས་སྡེ་བ་ཡར་མར་དང་ནང་སྒོས་ཉེ་འཁོར་གྱི་སྡེ་མི་ཡོངས་ཀྱིས་ཨ་ལགས་བསྟན་པ་ཚང་ནི་རྩ་བའི་བླ་མ་གཙུག་གི་ནོར་བུ་གཅིག་པུ་རུ་སྒོམ་ཡོད། གཡུ་སྒང་མཚམས་ཐོག་ནས་ལོ་དྲུག་གི་རིང་མཚམས་ལ་བསྡད་དེ་དགེ་ཕྲུག་འགའ་བསྡུས་ནས་དེ་ཚོར་དཔེ་ཆ་ཁྲིད། སྡེ་བའི་རིམ་གྲོ་ཆུང་ངུ་རེ་ཞུ་ས་དང་ལོ་ལོན་བྱིས་པའི་གཉིད་ཡུལ་མ་བདེ་བ་བྱུང་དུས་བྱབས་ཁྲུས་བྱ་སའི་གནས་ཤིག་ཏུ་གྱུར་བས། གཡུ་སྒང་མཚམས་ཐོག་ཀྱང་དགོན་པ་ཆུང་ཆུང་ལྟ་བུ་ཞིག་ཏུ་གྱུར་ཡོད།
ཨ་ལགས་བསྟན་པ་ཚང་གིས“རེད་རེད། གོ་སོང་། ལས་ཀ་ཡག་པོ་རེད། ང་ལྟ་བུར་མཚོན་ན་མི་རྒན་ལོ་ལོན་ཆགས་སོང་བ་རེད། ཆེན་པོ་ཤེས་ནི་མ་རེད་མོད། རྒྱལ་ཁབ་དང་མི་རིགས་ལ་མཁོ་བ་རིག་གནས་ལ་དགའ་བའི་ཁྱོད་ཅག་ལྟ་བུ་རེད། ལྷག་ཏུ་སློབ་ཆེན་མཐར་ཕྱིན་ནས་ཕ་ཡུལ་ལ་སྲི་ཞུ་སྒྲུབ་མཁན་གྱི་ཁྱོད་ལྟ་བུ་ཡིན་ནི་རེད། འོན་ཀྱང་ང་གྲྭ་རྐྱང་ཞིག་གིས་ཁྱོད་ཚོར་ཅང་རོགས་ནུས་ནི་མ་རེད། སྡེ་དཔོན་གོ་རྒྱ་ཚང་གི་ལུག་ཁྱུ་རུ་ང་ལ་གཞན་གྱིས་བྱིན་པའི་ལུག་འགའ་ཡོད། དེ་དག་ལས་ལུག་གཅིག་སེམས་མཚོན་བྱེད་དུ་ཁྱོད་ཀྱི་ལོ་དེབ་ལ་ཞལ་འདེབས་ཤིག་གི་ཚུལ་དུ་ཕུལ་པ་ཡིན”ཞེས་གསུངས་བྱུང་།
ཁོ་རང་ལ་སེམས་འགུལ་ཅུང་ཐེབས་ཏེ་ཨ་ལགས་བསྟན་པར་ཕྱགས་གསུམ་འཚལ་ནས“བཀའ་དྲིན་ཆེ་”ཟེར་བཞིན་སྒོ་ཁའི་གཡས་གཡོན་དུ་དཔེ་ཆ་བློ་འཛིན་བྱེད་བཞིན་པའི་བན་ཕྲུག་དག་གི་མིག་ཟུང་ལས་འཕྲོས་པའི་དྭངས་གཙང་ཡིད་དུ་སྒོམ་ནས་ཕུ་ལུང་དགོན་གྱི་ཕྱོགས་སུ་ཙག་བསེར་བུ་གདོང་ལ་བླངས་ནས་ཁངས་ཁ་བའི་ཉེན་ཁར་མ་འཛེམ་པར་བུད་སོང་།
ཕུ་ལུང་དགོན་པ་རུ་གྲྭ་བ་བདུན་ཅུ་ལྷག་ཡོད་ལ་བླ་སྤྲུལ་གསུམ་ཡོད། དགོན་བདག་སྤྲུལ་སྐུ་ཨ་ལགས་ཀརྨ་ཚང་ནི་ནང་ལོག་གི་ས་ཆ་ཁག་ལ་འགྲིམས་ཏེ་གདུལ་བྱ་མང་པོ་སྐྱོང་བཞིན་ཡོད་པས། ས་གནས་བླ་མ་དག་གི་གྲས་ཀྱི་ཕྱུག་ཤོས་དེ་ཡིན་ལ། དེར་མ་ཟད་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གྲྭ་ནས་མཐར་ཕྱིན་པས་ཕུ་ལུང་དགོན་པའི་བླ་གྲྭ་ཡོངས་ཀྱི་སེམས་ན་གོ་གནས་གལ་ཆེན་ཟིན་ཡོད། ཁོ་རང་ཕུ་ལུང་དགོན་པར་ཐོན་དུས་ཨ་ལགས་ཀརྨ་ཚང་ཕྱག་ལས་ག་གེ་མོ་ཞིག་གི་ཆེད་དུ་རྒྱ་ཡུལ་ལ་ཕེབས་ཟིན་པས་མཇལ་སྐལ་མ་བྱུང་།
ཁོས་ཨ་ལགས་སྙིང་ཆེན་ཚང་གི་ནང་ཆེན་བཙལ་ཏེ་སོང་ནས་མཇལ་ཁ་ཞུས། མདུན་འདུག་གྲྭ་བ་ཞིག་གིས“ཅུང་ཟད་སྒུགས། ཁོང་ཚང་གིས་དཔེ་ཁྲིད་གནང་གིན་འདུག”ཟེར་བས་ཁོ་སྒོ་ཆེན་ནང་དུ་ཆུ་ཚོད་ཕྱེད་ཙམ་ལ་ཡར་འགྲོ་མར་འགྲོ་བྱས་ཤིང་། སྒོ་ཆེན་གྱི་ཤིང་བརྐོས་དང་ཐང་ག་ལྟ་བུའི་སྒོ་ངོས་ཀྱི་རི་མོ་དག་ལ་ཧད་དེ་བསྡད། བན་ཆུང་ཞིག་ཁངས་སྐྱ་འཚུབ་འཚུབ་རྒྱུགས་འོང་ནས།
“ཨ་ལགས་ཚང་གིས་ད་ཤོག་ཟེར་གི”ཅེས་བཤད་དེ་ཡང་བསྐྱར་ཁངས་སྐྱ་འཚུབ་འཚུབ་ཕྱིར་བརྒྱུགས་སོང་། ཁོས་རང་ཉིད་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་འགྲིམས་ནས་མི་ཚེའི་ཕྱེད་ཀ་ཟིན་འདུག སྐབས་འདི་ཙམ་ལ་རང་གི་ཤེས་ཚད་དང་སློབ་གསོའི་ཁོར་ཡུག་འགྲིམ་མྱོང་ཡོད་པའི་རྟགས་སུ་ཁ་བརྡ་ཅུང་ཙམ་རེ་བཤད་དགོས་སྙམ་ནས་སེམས་ནས་གྲ་སྒྲིག་བྱས། ར་སྐོར་གོང་མའི་ཨ་ལགས་ཚང་གི་གཟིམ་ཁང་སྒོར་ཐོན་དུས་བན་ཕྲུག་འགས་ཨ་ལགས་ཚང་ལ་ཕྱགས་འཚལ་ཏེ་གུས་ཤིང་བཀུར་བའི་ངང་མགོ་བོ་སྒུར་ཏེ་ཕྱི་ལ་འགྲོ་བཞིན་འདུག ཁོས་ཕྱགས་འཚལ་དགོས་མིན་ལ་འདང་རྒྱག་ཙམ་བྱས་དུས་ཨ་ལགས་ཚང་གིས་སྒེའུ་ཁོང་ལས་ཁོར་བལྟས་ནས་ཡོད་པས་ཁོ་རང་དོགས་མ་བདེ་བ་དང་ཡང་ན་འཚུབ་ཆ་གང་རུང་ཞིག་གིས་ངང་ལྷམ་ཡང་འཕུད་མ་ཐུབ་པར་ཕྱགས་གསུམ་འཚལ། གཡང་དྲུང་དང་ཆོས་འཁོར་སོགས་ཀྱི་རི་མོས་བརྒྱན་པའི་གཟིམས་ཁང་ནང་གི་ས་གདན་མཐོང་དུས་ད་གཟོད་ཁོས་ལྷམ་འཕུད་རྒྱུ་བརྗེད་འདུག་པ་དྲན། ཁ་བཏགས་དཀར་པོ་འདོམ་གཞལ་མ་ཞིག་གུས་ཤིང་བཀུར་བའི་ངང་ཁོང་ལ་ཕུལ་ཏེ་མགོ་སྒུར་ནས་གནས་ཚུལ་ཡར་ཞུ་བྱས། ཨ་ལགས་ཚང་གིས་འདང་ཅུང་ཙམ་རྒྱབ་ནས།
“རེད་རེད། དེང་སྐབས་འདི་འདྲ་སྒྲུབ་མཁན་མང་པོ་འདུག ལྷག་ཏུ་སྤྱི་ཚོགས་སྟེང་ན་གོ་རྒྱུ་ཡོད་མེད་གཉིས་ཀ་འབྲི་མཁན་མང་པོ་འདུག ཡིན་ཡང་ངེད་ཅག་གིས་དེའི་སྐོར་ནས་ཅི་ཡང་ཤེས་ནི་མ་རེད། འདི་ཁྱོད་ལ་དཀར་ཐིག་ཙམ་ཕུལ་བ་ཡིན”ཞེས་ཨ་ལགས་ཚང་གིས་སྟན་ཡོག་ནས་དམངས་སྒོར་ལྔ་བཅུ་མ་ཞིག་བླངས་ཏེ་གནངས་བྱུང་། ལགས་སོ་ལགས་སོ་ཞེས་བཤད་དེ་གུས་ཤིང་བཀུར་བའི་ངང་མགོ་སྒུར་ནས་ཡང་བསྐྱར་སྐད་ཆ་འགའ་བཤད་གྲབ་བྱས་མོད། ཨ་ལགས་ཚང་ལ་གློ་བུར་ཁ་པར་ཞིག་སླེབས་སོང་བས་བཤད་འདོད་པའི་སྐད་ཆ་དག་མགྲིན་པར་འཚང་ཏེ་འདུག་པ་ལས་ཐབས་གཞན་ཅི། མདུན་འདུག་ཨ་ཁུས་ཇ་འཐུང་དུ་འགྲོ་ཞེས་བཤད། ཡིད་ཆེས་ཀྱིས་ཕྱུག་པའི་སྐད་ཆ་དག་ཕྱིར་བྲང་ཁོག་ཏུ་སྦས་ཏེ་རེ་ཆད་དང་སྐྱོ་སེམས་སྐྱེས་བཞིན་མདུན་འདུག་ཨ་ཁུའི་རྗེས་དེད་དེ་སྒོར་བུད།
ཁ་བ་ད་དུང་འབབ་བཞིན་འདུག ཨ་ལགས་ཚང་གི་ནང་ཆེན་གྱི་གྱང་སྟེང་དུ་བབས་པའི་བྱེའུ་དག་དང་བསང་ཁུང་གི་འགྲམ་དུ་ནས་འབྲུ་སྒུམ་པའི་གོང་མོ་དག་གིས་ཁོ་རང་སྒོར་བུད་མ་ཐག་གཤོག་པ་སྤྲུག་སྤྲུག་རེ་བྱས་ཏེ་འཕུར་སོང་། ཁངས་སྐྱ་ཆལ་ཆིལ་གྱི་ཁྲོད་འཕྲུལ་རྟ་ཞོན་པའི་ཁོ་རང་གི་ནང་སེམས་རེ་ཞིག་དགུན་ཁའི་ཁ་བ་ལས་འཁྱགས་ནའང་རང་སེམས་རང་གིས་བསྲོས་ཏེ་རང་ཡུལ་ཕྱོགས་སུ་བཞུད་སོང་།
མཚན་མོ་དེར་ལོ་དེབ་ཀྱི་ཕྱོགས་ལ་འདང་རྒྱབ་ནས་ནམ་འཕུད་ལ་ཁད་ཅིག་བྱས། ཇི་ལྟར་འདང་བརྒྱབ་ཀྱང་ཨ་ལགས་ཀརྨ་ཚང་ལས་རེ་ས་བལྟ་ས་ཞིག་མེད་པ་འདྲ། དེ་བས་ཞོགས་པ་ནས་ཉིན་གུང་བར་ཨ་ལགས་ཀརྨ་ཚང་ལ་བཤད་འདོད་པའི་སྐད་ཆ་རྣམས་ཡི་གེར་བཀོད་དེ་གྲ་སྒྲིག་ཕུན་སུམ་ཚོགས་པ་ཞིག་བྱས།
ཉིན་གུང་ཨ་ལགས་ཀརྨ་ཚང་ལ་ཁ་པར་བཏང་ནས་ལོ་དེབ་ཀྱི་མགོ་མཇུག་བར་གསུམ་དང་། རང་གི་བསམ་བློའི་ཀུན་སློང་སོགས་ཞིབ་ཚགས་དང་གཟབ་ནན་གྱིས་ཆད་ལྷག་མེད་པར་བཤད་དེ་ད་ལྟའི་དཀའ་ཁག་གི་གནས་བབས་ཡང་གསལ་བོར་ཞུས། ཨ་ལགས་ཀརྨ་ཚང་གིས་ཁོ་ལ་སྐར་མ་བཅུའི་རིང་བསྟོད་བསྔགས་བྱས་རྗེས་ཨ་ལགས་ཁོང་ཚང་ཡང་ལས་ཀ་འདིའི་རིགས་ལ་དུང་བ་ཡོད་ཚད་ཀྱི་སེམས་ཁམས་དང་ལྟ་བ་སོགས་གསུང་བཤད་མང་པོ་གནངས་བྱུང་། དེ་བས་ཁོང་གིས་རང་ནུས་ཅི་ལྕོགས་ཀྱིས་ཁྱེད་ལ་ཞུ་དག་གི་འགན་ལེན་ཞེས་ཁས་བླངས་པ་ལས་དཔེ་དེབ་པར་སྐྲུན་ཐད་ལ་མ་དངུལ་ཕྱོགས་ནས་རོགས་རམ་སོགས་ཀྱི་གསུང་གཅིག་ཀྱང་མ་གནང་།
ཁོའི་སེམས་ལ་ཁ་བ་འབབ་ཐེངས་མང་ན་ཡང་། ནམ་ཡང་རང་སྡུག་གཞན་ལ་མི་བཤད་ཅིང་ལྷག་ཏུ་ཕ་མ་དང་ཉེ་རིང་སོགས་ལ་གཏན་ནས་ཤེས་སུ་འཇུག་མི་སྲིད། ཡིན་ཡང་ཐེངས་འདིའི་སྡེ་བའི་གྲོས་ཚོགས་ཀྱི་གོ་སྐབས་དང་བསྟུན་ནས་ཁོས་སྡེ་དཔོན་ཀོ་རྒྱར་མི་བཤད་ཀ་མེད་ཆགས་སོང་། སྡེ་དཔོན་ཀོ་རྒྱས་གྲོས་ཚོགས་སྟེང་དུ་ཁོ་རང་དངོས་སུ་བོས་ཏེ་རང་ཅག་སྡེ་བ་འདི་ཡི་སློབ་ཆེན་སློབ་མ་ཡིན་ཚུལ་དང་ཤེས་རིག་ཡོན་ཏན་གང་གི་ཕྱོགས་ནས་ཕུལ་དུ་བྱུང་བ་ཡིན་ཚུལ་གྱི་བསྟོད་པ་ལུང་བ་གང་དང་བཅས་སྡེ་མི་དག་ལ་ངོ་སྤྲོད་དམ་གསལ་བཤད་ཅིག་བྱས་རྗེས་ཁོར་ལོ་དེབ་སྐོར་ནས་སྐད་ཆ་བཤད་དུ་བཅུག
སྡེ་བའི་རྒན་གཞོན་ཀུན་གྱི་ངོ་སོ་བསྟོད་ཅེས་བཤད་དེ་ཡོད་པོའི་སྒོར་བརྒྱ་དང་མེད་པ་དག་གིས་ཀྱང་སེམས་མཚོན་བྱེད་དུ་ཅི་འཛོམས་གནངས་སོང་། སྐབས་འདིར་ཁོ་རང་གི་སེམས་ལ་དབྱར་ཁ་སླེབས་སོང་། གློ་བུར་དུ་མེ་ཏོག་བཞད་སོང་། ཁོས་ནམ་རྒྱུན་ཁོ་རང་ཉིད་ཀྱིས་ཕ་ཡུལ་གྱི་རེ་བ་སྐོང་ཐུབ་པ་ལས་ཕ་ཡུལ་གྱིས་ཁོའི་རེ་བ་བསྐང་ཐུབ་པ་ཞིག་བསམ་བློའི་ཟུར་ཙམ་ལའང་ཤར་མ་མྱོང་། ཐེངས་འདིའི་ལོ་དེབ་ཀྱི་དོན་དག་དེའི་དབང་གིས་ཁོས་ཕ་ཡུལ་གྱི་པང་ནས་གསར་དུ་ཕ་ཡུལ་རྙེད་བྱུང་ལ། འབྲོག་པ་ཚོའི་སེམས་ཀྱི་དཀར་ཐིག་མཐོང་སོང་། 《ཕ་ཡུལ》ཅེས་པའི་རྩོམ་ཞིག་བྲིས་ཏེ་དེབ་ཀྱི་སྟེང་དུ་འགོད་འདོད་ཀྱི་སེམས་ཤུགས་སྐྱེས། ཡིན་ནའང་རང་སྡེ་བར་མི་གྲངས་ཉུང་བས་དངུལ་དེ་ཙམ་གྱིས་ད་དུང་འདང་ཚོད་མིན།
མཚན་མོ་དེར《ཕ་ཡུལ》ཅེས་པའི་རྩོམ་ཡིག་དེ་འབྲི་སྐབས་གཡང་མཚོས་ཁ་པར་སླེབས་བྱུང་། རྩོམ་ཡིག་འབྲི་མཚམས་བཞག་སྟེ་ཡར་མར་བཅོ་བརྒྱད་བཤད་ཅིང་ལྷག་པར་ལོ་དེབ་ཀྱི་སྐོར་ནས་ཁ་བརྡ་བཤད་དེ་ནམ་དཀྱིལ་དུ་སླེབས་སོང་། ཁོ་རང་ཅུང་ཐང་ཆད་ཡོད་པས་སྙིང་གཏམ་དེ་ཙམ་དང་ཁ་བརྡ་དེ་ཙམ་གྱི་ཁྲོད་ངལ་གསོས།
ཞོགས་པར་ནངས་ཇ་འཐུང་སྐབས་སུ་ཁ་པར་ནང་དུ་བརྡ་འཕྲིན་ཞིག་འབྱོར་འདུག སུ་ཡིན་མི་ཤེས་པ་ཞིག་གིས་དམངས་སྒོར་སྟོང་གཅིག་བསྐུར་འདུག ཅུང་ཙམ་ཧད་དེ་ཡོད་པའི་སྐབས་སུ་གཡང་མཚོས་བརྡ་འཕྲིན་ཞིག་ཀྱང་འབྱོར་བྱུང་།
“སྙིང་སྡུག་ལགས། མི་ཚེ་ནི་མར་མེ་ཞིག་ལ་དཔེ་བཀོད་ཡོད་པ་བཞིན་ངས་འཚོ་བ་ཡང་མར་མེ་དེ་ཡི་སྣུམ་ཞག་ལ་ངོས་བཟུང་ཡོད། གང་ལྟར་སློབ་ཆེན་ལོ་ངོ་བཞི་ཡི་རིང་ངས་གནམ་འོག་ཏུ་འུ་གཉིས་ལས་སྐྱིད་པོ་ཞིག་མི་འདུག་སྙམ། ཧ་ཧ། འདང་བརྒྱབ་ན་སློབ་ཆེན་སྐབས་སུ་ཚང་མ་འདི་འདྲ་ཡིན་སྲིད། ད་ལྟ་ང་རང་གཞན་དང་འདྲ་བར་དུས་ཚོད་ལྟར་དུ་ལས་ཞུགས་བྱེད་དགོས། ཁོམ་པ་ཅུང་རེ་ཡོད་དུས་ཨ་ཕ་ཨ་མར་ཁ་སྐོལ ་རེ་བྱ་དགོས། ནམ་ཞིག་ཁྱོད་ཀྱིས་གང་དུ་གཏན་འཇགས་ཀྱི་ལས་ཀ་ཞིག་རྙེད་ན་ང་དེ་རུ་ཡོང་ན་བསམས་བྱུང་། གང་ལྟར་ཁྱོད་ང་ལ་ཡིད་ཆེས་ཡོད་པ་ནང་བཞིན་ང་རང་ཁྱོད་ལ་དེ་ལས་ལྡབ་བརྒྱ་ཡི་ཡིད་ཆེས་ཡོད། འོ། འུ་གཉིས་ཀར་སྒོར་མོ་དེ་ལས་མི་འདུག” ཅེས་ཡིད་དུ་འོང་ཞིང་སྙིང་དུ་སྡུག་པའི་སྐད་ཆ་དེ་མཐོང་མ་ཐག་ཁོ་རང་ཅུང་ཙམ་ཧད་དེ།
“པྲ་ཚགས་མ”ཟེར་བ་ལས་ཅི་ཡང་བཤད་མ་ཤེས།
“ཁ་སང་ཚོགས་ཐོག་ནས་སྡེ་མི་ཡོངས་ཀྱིས་ཁྱོད་ལ་བྱིན་པའི་སྒོར་མོ་ཅི་འདྲ་ཞིག་འདུས་སོང་། ལྷག་མ་ཡོད་ན་སྒེར་འཛིན་བྱ་མི་རུང་། ཕྱིར་སྡེ་གཞུང་ལ་སྤྲོད”ཕ་རྒན་གྱིས་གདོང་ཅུང་གནག་སྟེ་དེ་ལྟར་ལབ་བྱུང་།
ལོ་དེབ་ཀྱི་དོན་དག་ཕྲན་ཙམ་ཡང་ཕ་རྒན་ལ་བཤད་མེད་མོད། ཉི་མ་དེའི་ཚོགས་ཐོག་གི་ཁ་བརྡ་དེའི་དབང་གིས་ཕ་རྒན་གྱིས་ཀྱང་མི་ཤེས་རང་ཤེས་སུ་གྱུར་སོང་ལ་ཁོ་རང་ཉིད་ཀྱིས་ཀྱང་ཕ་རྒན་ལ་མི་བཤད་རང་བཤད་དུ་གྱུར་བས་མགོ་མཇུག་མ་ལུས་བར་བཤད་དེ། ད་ལྟ་དངུལ་ག་ཚོད་ཀྱིས་འདང་གིན་མེད་པ་ཡང་གསལ་བོར་བཤད། ནངས་ཇ་འཐུང་ནས་ཚར་མ་ཐག་ཕ་རྒན་གྱིས་སྒམ་ནང་གི་ཀོ་ཁུག་བླངས་ཏེ་བརྒྱ་ཤོག་བརྩེགས་མ་ཞིག་གི་ནང་ནས་ཞིབ་ཀྱིས་བརྩིས་ཏེ་དེབ་ཀྱི་པར་སྐྲུན་ཐད་ལ་མཁོ་བའི་སྒོར་མོ་སྤྲད་བྱུང་། སྐབས་དེར་ཁོའི་སེམས་སུ་རང་ཉིད་ད་དུང་སློབ་མ་ཞིག་ཡིན་པའི་ཚོར་བ་སྐྱེས་བྱུང་། ཡང་ན་རང་གིས་ད་དུང་ཕ་ལ་ནང་སེམས་སྟོན་ཐུབ་ཀྱིན་མེད་པའི་ཚོར་བ་ལྕི་མོ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས་བྱུང་།
“རང་གི་ཨ་ལགས་དག་གི་མིང་མགོར་ཞོགས། དེ་ནས་རྒན་པ་དག་ལ་བཀའ་དྲིན་ཞུས། གཞན་ཟུར་གཅིག་བྱིན་པ་དག་ཀྱང་ཆད་པ་མེད་པར་དཀའ་དྲིན་མཚོན་བྱེད་དུ་མིང་ཕྲིས”ཕ་རྒན་གྱིས་དེ་ལྟར་གཟབ་ནན་གྱིས་བཤད་ཞོར་བོད་ལྭའི་སྐེ་རག་ཡང་སྡོམ་ཞིག་བྱས་ཏེ་སྒོར་བུད་སོང་།
དགུན་རླུང་དང་བུ་ཡུག་གི་ཁྲོད་ཁོ་རང་བྲེལ་བྲེལ་འཚུབ་འཚུབ་ཀྱིས་འཕྲུལ་རྟ་ཞོན་ནས་རྫོང་ཐོག་ཏུ་ཆས་སོང་། 《ཉི་མ་》མི་ཡུལ་ལ་བསུ་བར་རྫོང་རིམ་པའི་རིག་གནས་ཅུའུ་ཡི་ཆོག་མཆན་ཡི་གེ་ཞིག་དགོས། བཟང་ས་དང་ངོ་ཤེས་ཚང་མར་འབྲེལ་བ་བྱས་ཏེ་རོགས་དན་བྱེད་དུ་བཅུག་ཀྱང་རྫོང་ནས་ཉིན་གསུམ་ལ་མི་སྒུག་ག་མེད་དུ་ཆགས། ཇ་མཁར་སྣང་དྭངས་ཤིག་ནས་འབྲི་འཕྲོར་ལུས་ཡོད་པའི་རྩོམ་ཡིག《ཕ་ཡུལ》ཅེས་པ་ཞིབ་ཀྱིས་བློས་བསླངས་བྱས་ཏེ་བྲིས་པ་དང་། མ་ཟད་བཀའ་དྲིན་མཚོན་བྱེད་དུ་མཇུག་གཏམ་ཞིག་འབྲི་སྐབས་ཁ་པར་ཞིག་འབྱོར་བྱུང་།
“བེ། ང་ལྕགས་རྒྱ་ཡིན། ཁྱེད་ཚང་གི་ཕ་རྒན་ཁར་ཉིན་འདིར་ཡོང་སྟེ་ཡང་ནས་ཡང་དུ་ང་ཡོད་སའི་སྤྱི་བདེ་ཅུའུ་རུ་ཁྱོད་ལ་འཚམ་པའི་ལས་ཀ་རེ་ཨེ་ཡོད་ལྟོས་ཟེར། ཉི་མ་འདི་ཚོར་ཁྱོད་འདིར་ཡོང་ནས་དངོས་སྦྱོང་བྱོས། ཉིན་འགའི་རྗེས་ད་ལོའི་རྫོང་རིམ་པའི་གྲོང་བརྡལ་མངགས་གཏོང་ཁང་དང་སྤྱི་བདེ་ཅུའུ་ཡིས་སྐབས་སྒྲུབ་ལས་མི་བསྡུ་འཆར་འདུག སྐབས་དེར་ཐོན་ན་གོ་སྐབས་ཡོད་སྲིད།”
གློ་བུར་དུ་ངས་ནི་རྩོམ་རིག་སྦྱངས་བ་མ་ཡིན་ནམ། རྩོམ་རིག་གིས་ད་ལྟའི་ངའི་མགོ་ཐོག་གི་ནམ་མཁའ་འདི་བསྩལ་བ་མ་ཡིན་ནམ་སྙམ་པའི་ང་རྒྱལ་ཞིག་བྱུང་རྒྱལ་དུ་སྐྱེས་མོད“འོ་ཡ་ཡ བཀའ་དྲིན་ཆེ། འོན་ཀྱང་ཉི་མ་འདི་ཚོར་ངས་དོན་དག་ཅིག་སྒྲུབ་ཀྱིན་ཡོད། ཟླ་ཕྱེད་ཀྱི་རྗེས་སུ་ཡོང་ནས་ཚོད་ལྟ་བྱས་ན་ཆོག་གམ” ཞེས་སྐད་འཇམ་འཇམ་གྱིས་བཤད་དགོས་སོང་།
“འོ་འོ། རང་རང་གིས་ལྟོས།” ཏེང་ཏེང་ཏེང་ཁ་པར་སྒོ་གཏད་སོང་། ལྕགས་རྒྱ་དང་ཁོ་གཉིས་ཕ་སྤུན་ཡིན་ན་ཡང་ལྕགས་རྒྱ་ལ་ཧ་ཅང་སྐྲག ལྷག་ཏུ་རྫོང་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་གོ་གནས་ཐོབ་པ་ནས་བཟུང་། གཡུ་གཞུང་ལུང་པ་རུ་ལྕགས་རྒྱ་ལ་མི་སྐྲག་པའི་མི་ཞིག་ཡོད་པ་མ་རེད།
ད་ཐེངས་ཀྱི་དོན་དག་འདི་ཁོ་ལ་མཚོན་ན་སེམས་ཀྱི་གུད་ཙམ་ལའང་ཤར་མ་མྱོང་བའི་དོན་དག་ཅིག་ཡིན། སློབ་ཆེན་ལོ་ངོ་བཞི་ཡི་རིང་དུ་རྩོམ་ཡིག་བྲིས་ཤིང་རྩོམ་རིག་བཤད་ནས་འོངས། རྩོམ་རིག་གིས་ཁོ་ལ་ཅི་ཞིག་གནང་སོང་བ་ཁོ་རང་གིས་ཀྱང་མི་ཤེས་མོད། རྩོམ་རིག་གི་ཆེད་དུ་ཁོས་རང་ཉིད་འབུལ་སྟངས་ནི་ཕ་རྒན་གྱིས་ཁོ་རང་ཉིད་ཀྱི་ཆེད་དུ་སེམས་ཁུར་བྱེད་པ་དང་འདྲ། ཡིན་ཡང་སྐབས་འདིར་གཅིག་རང་གི་གདམ་གསེས་ཡིན་ལ་གཉིས་ཨ་ཕའི་རེ་བ་ཡིན་པས་ནང་སེམས་སྤྲིན་ཕུང་འཁྲུག་འཁྲུག་བྱས་སོང་། གཡང་མཚོར་ཁ་པར་བཏང་ནས་བློ་འདྲི་བྱེད་པ་ནི་ཁོའི་གོམས་གཤིས་ཡིན་མོད། ད་ཐེངས་གཞན་སུ་ལའང་ཁ་པར་མ་བཏང་། ཐ་ན་ཕ་རྒན་གྱི་ཁ་པར་ཡང་སྣེ་ལེན་མ་བྱས་པར་ཐད་ཀར་ཁ་པར་སྒོ་གཏན། ལོ་ཞིག་གི་དབྱར་ཁར་སྟབས་ཉེས་ཤོར་ཏེ་ཚེ་ལས་འདས་པའི་གྲོགས་པོ་སྙན་ངག་པ་དེའི་སྙན་ངག་དག་ཡང་བསྐྱར་བཀླགས། 《རང་ཡུལ་གྱི་མགྲོན་པོ》ཞེས་པའི་སྙན་ངག་དེ་ཡང་ཡང་བཀླགས། ལོ་དེབ《ཉི་མ་》པར་སྐྲུན་འགྲེམ་སྤེལ་བྱས་ཏེ་ཕ་ཡུལ་ལུང་པར་བཀྲམས་རྗེས་ཐག་རིང་ཞིག་ལ་འགྲོ་བར་སེམས་ཐག་བཅད། དཔེ་ཁང་ཞིག་གམ་ཁོ་ཧྥེ་ཁང་ཞིག་གི་ཞབས་ཞུ་བ་བྱས་ཏེ་རྩོམ་འབྲིའི་ལས་ལ་འབད་པར་སེམས་ཐག་བཅད།
ཞོགས་པའི་ཆུ་ཚོད་བརྒྱད་ཀྱི་སྟེང་ཆོག་མཆན་ཡི་གེ་ཡི་ཆེད་དུ་རྫོང་རིག་གནས་ཅུའུ་རུ་སོང་། འགོ་བ་ཆེ་གེ་མོ་ནང་ལོག་ལ་གསབ་སྦྱོང་བྱེད་དུ་བུད་སོང་བས་ད་དུང་ཉིན་འགའ་འགོར་བའི་གནས་ཚུལ་ལས་ཁུངས་ཀྱི་ལས་མི་ཡ་རབས་ཤིག་གིས་གསལ་ཐག་ཆོད་པ་ཞིག་བཤད་སོང་། སྐབས་འདིར་ཁོ་ལ་མཚོན་ན་ཆེས་གནད་འགག་གི་དུས་ཚོད་ཅིག་ཡིན། ཕུགས་བསམ་གྱི་བྱ་ཁྱུ་འཕུར་ཨེར་འགྲོ་བྲེལ་བ་ལངས་ཤིང་། བྱམས་བརྩེ་ཡི་བྲག་རི་ཉུལ་ཨེ་འགྲོ་སྙིང་རླུང་ལྡང་། རིག་གནས་ཅུའུ་ནས་སྒོར་འབུད་སྐབས། ཧ་ཅང་ཆ་རྒྱུས་ཡོད་པ་འདྲ་བའི་མི་ཞིག་གིས“ཨ་རོ”ཞེས་བོས་བྱུང་། ཅི་མི་སྙམ་པའི་ངང་ཕྱིར་ལྟས་ཤིག་བྱས་པ་ན་ངོ་གདོང་ཡང་ཧ་ཅང་ཆ་ཡོད་ཅིག་དང་འདྲ་མོད། ཡུན་ཙམ་ལ་ནང་སེམས་བསྔོགས་འབྲུ་བྱས་ཀྱང་སུ་ཡིན་མ་ཤེས།
“པུར་སྐྱ་ལེ་ལེ། མི་ཤེས་ཁ་མ་བྱེད”ཟེར། ད་གཟོད་ཡིད་ལ་ཁྲིགས་སེར་ཤར་བྱུང་། དམའ་འབྲིང་སྐབས་ཉལ་ཁང་གཅིག་ཡིན་ལ་ཟ་རོགས་འཐུང་རོགས་ཀྱང་ཡིན། ཁོ་རང་སྐབས་དེ་དུས་ནས་རྩོམ་རིག་སྐོར་ནས་བཤད་ལ་དགའ་བས་ལྷུན་གྲུབ་ཀྱིས་ཁོ་ལ་པུར་སྐྱ་ཞེས་བཏགས། རྗེས་སུ་པུར་སྐྱ་ནི་ལྷུན་གྲུབ་གཅིག་པུར་དབང་བའི་ཁོ་ཡི་མིང་ཡིན། དམའ་འབྲིང་སྐབས་སུ་ལྷུན་གྲུབ་རྐང་རྩལ་སྤོ་ལོར་ཧ་ཅང་དགའ་བས་ཉིན་རྟག་པར་ལུས་རྩལ་ཐང་ཆེན་དུ་ཡོད། དེ་བས་གདོང་ནག་ཅིང་ལུས་པོ་ཡང་སྐམ། འབྲིང་རྒྱུགས་ལེན་སྐབས་སྐར་གྲངས་ཀྱི་དབང་གིས་ནང་ལོག་གི་སློབ་གྲྭ་ག་གེ་མོ་ཞིག་འགྲིམ་དགོས་བྱུང་། ད་ལྟའི་བར་ལོ་ངོ་བདུན་ཙམ་ལ་འཕྲད་མྱོང་མེད་པས་ཁོས་དར་ཅིག་ལ་འདང་དགོས་སོང་། ཞེ་ལྷོད་ལྷོད་ཀྱིས་ལག་འཇུ་བྱས་ཏེ་ལོ་དེབ་ཀྱི་གནས་ཚུལ་རག་ཙམ་བཤད།
“དེ་ངས་ཁྱོད་རོགས་ཐུབ་ནི་རེད། འུ་གཉིས་དམའ་འབྲིང་མཐར་ཕྱིན་པ་ནས་བཟུང་མ་འཕྲད་ནའང་། ང་སློབ་གྲྭའི་ནང་ན་ཡོད་དུས་ཀྱི་དེ་དང་དེ་ཡིན”ཞེས་གད་མོ་ལྷུག་ལྷུག་བགད། ལྷུན་གྲུབ་དང་ཁོ་གཉིས་ཀྱིས་དེ་ལྟར་ཆེས་བར་ཐག་ཉེ་བའི་ངང་ཁ་བརྡ་ཨེན་ཙམ་བྱས་རྗེས་རང་རང་སར་བུད་སོང་། ཆོག་མཆན་ཡི་གེའི་དོན་དག་ཀྱང་ལྷུན་གྲུབ་ལ་བཅོལ་སོང་། གལ་ཏེ་སྔ་མོ་ནས་ལྷུན་གྲུབ་འདི་རུ་ཡོད་པ་ཤེས་ཡོད་ན་ངས་དཀའ་ལས་འདི་འདྲ་མྱངས་དོན་ག་ལ་ཡོད་ཅེས་རང་གིས་རང་ལ་ལེ་བདའ་ཞིག་བྱས།
ཆུ་ཚོད་གཅིག་གི་རྗེས་སུ་མ་གཏོགས་ཞིང་ཆེན་ལ་འགྲོ་བའི་རེས་འཁོར་མི་འདུག ཁོའི་སེམས་སུ་རླངས་འཁོར་ས་ཚུགས་ཀྱི་ཟུར་གང་ཞིག་ནས་ཕ་རྒན་ཐོན་འོང་སྙམ་ནས་བྲེལ་བ་ལངས། རླངས་འཁོར་ས་ཚུགས་འགྲམ་གྱི་ཚོང་ཁང་ཞིག་ནས་དུས་ཚོད་གཅིག་གི་རིང་སྒོར་མ་བུད།
རེས་འཁོར་ནང་དུ་ཙོག་པའི་དུས་ཚོད་ལ་སླེབས་ནའང་ཁ་ལོ་བས་སུ་ཞིག་ལ་སྒུག་ཡོད་པ་ལྟར་རླངས་འཁོར་གྱི་མེ་ཁ་ཡུན་རིང་ཞིག་ལ་མ་གསོས། སེམས་ཀྱི་བྲེལ་ཤ་ནི་བཙོན་ལས་འབྲོ་བཞིན་པའི་བཙོན་མ་ཞིག་དང་འདྲ། སྒེའུ་ཁུང་ལས་འབྲོག་པ་བོད་ལྭ་ཅན་ཞིག་མཐོང་ན་ཕ་རྒན་ཡིན་ནོ་སྙམ་པའི་འཕྲུལ་སྣང་འོང་གི་འདུག ཁ་ལོ་བས་རླངས་འཁོར་གྱི་མེ་ཁ་གློ་བུར་དུ་གསོས། ཁོའང་གློ་བུར་བདེ་ཚོར་ཞིག་བྱིན་སོང་བས་དབུགས་དབྱུང་རིང་བོ་ཞིག་ག་ལེར་སྣ་ཁུང་གཉིས་ནས་བཏོན། རེས་འཁོར་ཕྱིར་ནུར་ཅིག་བྱས་ཏེ་ག་ལེར་རེས་འཁོར་མང་པོའི་གྲས་ནས་མཐའ་ཁར་བུད། མཁར་གྲོང་དང་ཅུང་ཙམ་གྱེས་པ་ན་ཁོའི་སེམས་ཡང་བདེ་ལ་བབས། ཁ་པར་ཁ་ཕྱེ་ནས་ད་ནི་ཅིས་ཀྱང་ཕ་རྒན་ལ་ལན་ཞིག་སྟེར་དགོས་སྙམ་ནས་ཅི་ཞིག་བཤད་དགོས་པར་འདང་རྒྱག་བཞིན་པའི་སྐབས་དེར། ཕ་རྒན་གྱིས་ཁ་པར་སླེབས་བྱུང་།
“ང་ད་ལྕགས་རྒྱ་ཡོད་སར་སོང་པ་ཡིན། ཁོས་ཁྱོད་གཟའ་འཁོར་གཉིས་ཀྱི་རྗེས་ནས་ཤོག་དང་ཆོག་ཟེར།”
གསལ་ཐག་ཆོད་པའི་ལན་ཅི་ཞིག་འདེབས་དགོས་པ་མ་ཤེས་པར།
“འོ་ཡ་ཡ། ཅུང་ཙམ་འགོར་སྲིད་མོད། ད་ངས་སྐབས་དེར་ཁ་པར་གཏང་ཡོང་།”ཞེས་ཤ་བེ་ཤོབ་བེ་ཞིག་བཤད་ནས་ཁ་པར་གྱི་སྒོ་གཏན་ཐབས་བྱས།
ཉིན་བཅུའི་རིང་དཔར་ཁང་ཞིག་ཏུ་གཉིད་བཅག་ཟས་བསྐྱུར་གྱིས་ལོ་དེབ《ཉི་མ》ཇུས་འགོད་བྱས་ཏེ་དཔར་སྐྲུན་ལེགས་པར་གྲུབ། ཆེད་དུ་རླངས་འཁོར་ཞིག་གླས་ཏེ་དཔེ་དེབ་དག་གཟི་བརྗིད་ལྡན་པའི་ངང་ཕ་ཡུལ་ལ་བསུས།
རྫོང་མཁར་གྱི་ཉེ་འགྲམ་ལ་འབྱོར་དུས་འགྲིམ་འགྲུལ་ཉེན་རྟོག་པ་དང་སྐྱེལ་འདྲེན་དོ་དམ་ཅུའུ། བཟོ་ཚོང་ཅུའུ་བཅས་ཀྱིས་ཞིབ་བཤེར་བྱེད་ཀྱིན་འདུག སྐབས་དེར་དོན་དག་ཅི་ཞིག་བྱུང་སོང་བ་སུས་ཀྱང་མི་ཤེས། ཛ་དྲག་གི་ངང་རླངས་འཁོར་གྱི་ཕྱི་ནང་ལ་ཞིབ་བཤེར་བྱེད་བཞིན་འདུག མ་ཟད་ཟོང་འཁོར་དག་གིས་དྲུད་ཡོད་པའི་ཚོང་རྫས་དག་ཀྱང་རེ་རེ་བཞིན་སྔོག་བཤེར་བྱེད་བཞིན་འདུག དཔེ་དེབ་དག་གི་སྡོམ་ཐག་རེ་རེ་བཅད་དེ་ཞིབ་བཤེར་བྱས། གདོང་ནག་ཅིང་ལུས་པོ་ཆེ་བའི་བོད་པ་ཉེན་རྟོག་པ་དེས།
“ཁྱོད་ལ་དཔེ་དེབ་དཔར་ཆོག་པའི་ཆོག་མཆན་ཡོད་དམ། དཔེ་རྟགས་སོགས་ཅི་ཡང་མི་འདུག གསར་བུ་གང་འདོད་དུ་ལས་ཀ་སྒྲུབ་བཞིན་ཡོད་དམ།”ཞེས་ཅུང་ཀུ་རེ་དང་འདྲེས་པའི་ངང་དེ་ལྟར་དྲིས། ད་གཟོད་ཁོས་ལྷུན་གྲུབ་ལ་བཅོལ་བའི་དོན་དག་དེ་ཡིད་ལ་དྲན། ཉེན་རྟོག་པར་གནས་ཚུལ་བཤད་རྗེས་ལྷུན་གྲུབ་ལ་ཁ་པར་བཏང་མོད་ལྷུན་གྲུབ་ཀྱིས་ཁ་པར་སྣེ་ལེན་བྱས་མ་སོང་། ཁ་པར་ཡང་ནས་ཡང་དུ་བཏང་ཡང་ལྷུན་གྲུབ་དོན་དག་ཅི་ཞིག་གི་ཕྱིར་དུ་མ་ཁོམ་པ་ཡིན་ནམ། གང་ལྟར་ཅི་བྱས་ཀྱང་ལྷན་གྲུབ་ལ་བརྡ་འཕྲོད་པའི་ཐབས་ཤིག་རྙེད་རྒྱུ་མ་བྱུང་། ཉེན་རྟོག་པ་དེ་གློ་བུར་ཁྲོས་བྱུང་།
“ལས་ཀ་རྫུན་མ་ལས་ནས་མི་ཚད་སྐད་ཆ་ཡང་རྫུན་མ་བཤད་ཀྱིན་འདུག གསར་བུ་ཁྱོད་ཀྱི་ཉེས་པ་ག་འདྲ་ཡིན་འདུག་ཤེས་སམ། འགྲོ།”
ལག་པ་གཉིས་རྒྱབ་ཏུ་བཀུག་ནས་ལྕགས་སྒྲོག་བརྒྱབས་ཏེ་སྤྱི་བདེ་ཅུའུ་རུ་ཁྲིད། ཕ་རྒན་དང་ལྕགས་རྒྱ་སོགས་ཉེ་རིང་འགའ་ཡི་བཀའ་དྲིན་གྱིས་ཞག་མ་གཅིག་ལས་བཀག་ཉར་བྱ་མ་དགོས་མོད། དཔེ་དེབ་ཚང་མ་གཞུང་བཞེས་བྱས་ཟིན། ད་ནི་ཁོ་ལ་མཚོན་ན་ཅི་ཡང་མེད་པའི་སྐབས་ཡིན། ངོ་སོ་དང་དབང་ཐང་མེད་པའི་སྐབས་ཡིན། ཕུགས་བསམ་དང་རྨི་ལམ་བོར་བའི་སྐབས་ཡིན། རྒྱུ་འབྲས་ལ་འགྲེལ་བཤད་རྒྱག་མི་ཤེས་པའི་སྐབས་ཡིན། སེམས་ཕམ་སྟེ་སྤྱི་བདེ་ཅུའུ་ཡི་སྒོ་ཁར་བུད་དུས་ཁ་བ་སམ་སིམ་གྱི་ཁྲོད་དུ་བསིལ་རླུང་གིས་དལ་བ་དལ་བུར་སྐྱོད་བཞིན་པའི་སྐར་ལྔའི་རྒྱལ་དར་ནི་མི་ཞིག་གིས་ཁོ་ལ་ལག་གཡུག་བྱེད་པ་དང་ཅི་འདྲའི་མཚུངས་ཨང་།
རྩོམ་སྒྲིག་པ། གཡང་རྒྱལ་ཚེ་རིང་།