ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྒྲུང་གཏམ།

ཐོག་དང་མདའ།

སྤེལ་དུས 2024-01-02 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
           ཁོའི་སྐད་འཕང་ལ་ཐོག་སྐད་འདྲ་བའི་ང་རོ་དྲག་པོ་ཞིག་འདྲེས་པས་རིམ་གྱིས་མིང་ལའང་ཐོག་ཅེས་འབྱོར། ཁོ་ནི་རི་གསུམ་རྩེ་ནས་ཀི་ཞིག་བཏབ་ཚེ། ཐང་སྟོང་དུ་འདུར་འགྲོས་བྱེད་པའི་སྤྱང་ཀི་རྣམས་ཀྱང་ལུས་པོ་ཀུམ་ཀུམ་དང་རྔ་མ་སྒྱིད་ཁུག་ཏུ་དྲུད་དེ་འབྲོ་ཡང་མི་ཐུབ་པའི་རྔོན་པ་ཞེ་རྩུབ་ཅན་ཞིག་ཡིན། མདའ་ཞེས་འབོད་པའི་རྔོན་པ་དེ་ནི་ང་ཡིན་ཏེ། ངས་མིག་འབེན་ལ་བླངས་པའི་རི་དྭགས་གཅིག་ཀྱང་འཆོར་དུ་བཅུག་མ་མྱོང་བས་དེ་སྐད་ཐོགས། ཡུལ་ལུང་འདིར“ཐོག་དང་མདའ”ཞེས་རི་དྭགས་དང་གཅན་གཟན་ཚང་མའི་སྙིང་རྩ་འདར་བར་བྱེད་པའི་རྔོན་པ་ཡ་མེད་ངེད་གཉིས་ནི་ཕལ་ཆེར་མི་ཚེ་གང་བོར་ལུས་དང་གྲིབ་མ་བཞིན་འགྲོགས་བདེ་གཤིབ་བདེ་ངང་རི་དྭགས་རྔོན་པའི་ལས་སུ་ཞུགས་པ་ནས་བཟུང་། ཤ་ཆང་གི་སྐྱིད་ལ་རོལ་བའི་ཉི་མ་ནུབ་མ་མྱོང་ལ་སྤྱང་ལྕེ་ཡི་བྲིན་ཚོང་རྒྱག་པའི་ཕྱོགས་ནས་ཀྱང་སྡུག་གི་མུན་པ་འཐིབས་མ་མྱོང་།
           “བླ་མ་མཁྱེན། དགེ་བའི་རྣམ་སྨིན་བདེ་བ་དང་། སྡིག་པའི་རྣམ་སྨིན་སྡུག་བསྔལ་འབྱུང”ཞེས་པ་ཅིས་མ་བདེན། “ཁྱོད་གང་ནས་ཡོང་བ་ཡིན”ཞེས་པ་དེ་ནི་ངས་ལག་ཏུ་གྲི་རྣོན་ཞིག་བཟུང་སྟེ་སྤྱང་ཀི་ལ་དྲི་བ་འདོན་པའི་ཚུལ་དུ་ཐོག་ལ་དྲིས་པ་ཡིན། “ང་ཀེག་གི་ཡུལ་ནས་ཡོང་བ་ཡིན”ཞེས་སྤྱང་ཀིའི་མགོ་ལྤགས་ལ་དམ་པོར་བསྡམས་འདུག་པའི་ཐོག་གིས་ང་ལ་དེ་ལྟར་སྤྱང་ཀིས་ལན་བཏབ་པའི་ཚུལ་གྱིས“ཨ་རོག མདའ་ལགས། རེམ། སྤྱང་ཀི་མ་ཤི་གོང་ལ་སྤྱང་ལྕེ་དྲོངས། ཆམ་པ་སྐེ་སྐྲང་ལ་འདིའི་ཡན་གྱི་སྨན་ཞིག་མེད”ཟེར། ངས་དེ་མ་ཐག་གློག་ཞགས་འཁྱུག་པ་ལྟར་སྤྱང་ལྕེ་མ་ནེ་འོག་ནས་ཕྱུང་བ་ན། ངེད་གཉིས་ཀྱིས་ཕན་ཚུན་ལ་ཡིད་ཚིམ་པའི་མིག་བརྡ་སྟོན་བཞིན་སྡེ་བའི་ཕྱོགས་སུ་ཕྱིན་པ་ཡིན། ཨ་ཁ་ཁ། ཐེངས་དུ་མའི་རྣམ་པ་རེ་རེ་ད་དུང་ངའི་མིག་ལམ་དུ་གསལ་ལེར་ཤར་གྱིན་འདུག ངས་འགྱོད་བཤགས་ཀྱི་ཚུལ་དུ་མ་ཎི་རེ་བཟློ་བསམས་མོད། འོན་ཀྱང་ངའི་ངག་སྒོ་གཤེར་གཟུགས་ཤིག་གིས་ཡོངས་སུ་གཏམས་ཏེ་ལྐུགས་འདུག རྣ་ལམ་དུ“ཨ་ཡོ་ཡོ་དང་ཨ་མ་མ། ཨ་ཚ་ཚ”ཞེས་ཟུག་གཟེར་རྒྱག་བཞིན་པའི་ངུ་ཅོར་ཡང་ཡང་མཆེད་འོངས། སྐད་གདངས་ལ་ཉན་ན་མོ་ནི་ཐོག་ཡིན་པ་ཐག་གིས་ཆོད། ཐོག་གིས་ཨག་རིང་ཞིག་བཏབ་པ་དང་བསྟུན། ང་ནི་འཁྱག་སིབ་སིབ་ཀྱི་གཞོང་པ་ཞིག་གི་ནང་དུ་ལྷུང་སོང་། ཨ་ཧ་བོ། ངས་མིག་གཉིས་ཀྱིས་ཅི་ཡང་མཐོང་མ་སོང་། སྐྱེ་འགྲོ་ཀུན་གྱིས་སྨོན་པའི་འཇིག་རྟེན་མ་མཐོང་བས་ང་ལ་དངངས་འདར་དཔེ་མེད་ཅིག་སྐྱེས། ངའི་ཨ་མའམ་ཐོག་ཉལ་སའི་མལ་ཁྲི་དེའི་གམ་དུ་འགྲེང་འདུག་པའི་སྐྱེས་པ་དེས་ཐོག་མར་ངའི་ནེ་ནེ①ལ་ལག་པས་རེག་ཙམ་བྱས་ཏེ་ཁོང་འཛུམ་ཞིག་བྱེད། དེ་མུར་གློ་རྡེག་ལ་ཁོ་བོ་ཧ་ལས་ཤིང་ཧོན་ཐོར་བ་ལྟར“ཨུན། ཨུན། ཨུན། ང་ལ་རྣམ་སྨིན་ཅི་ཞིག་འཁོར་བ་ཡིན་ནམ། འདྲེ་མོ་འདིར་ཐེངས་བརྒྱད་ལ་སྲིད་ཤོར་སོང། ཨ་ཤུ། ཨ་ཤུ། ཐན་ལྟས་རེད་ཡ། ད་ཐེངས་ཀྱང་བུ་ཞ་ར་ཞིག་བཙས་བྱུང”ཞེས་ཐོག་ལ་ལེ་བདའ་བྱེད་བཞིན་མིག་ཟུང་བཙུམ་ཞིང་ལག་ཟུང་ཐལ་མོ་སྦྱར་ནས་བསྡད་འདུག 《གདུགས་དཀར》ལས“བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་སྐྱེ་བ་དྲན་པར་འགྱུར་རོ”ཞེས་པ་ནང་བཞིན། ངས་ནི་མིག་གིས་མི་མཐོང་ཡང་སེམས་ཀྱིས་མཐོང་བཞིན་འདུག བག་ཆགས་ཞེས་པའི་ངའི་སྐྱེ་རབས་ཀྱི་དྲན་པའི་མེ་ལོང་ལས་གསལ་བ་ལྟར། ངའི་ཨ་མ་ཐོག་གི་སྐྱེས་པའམ་ཨ་ཕ་ལགས་ནི་སྐྱེ་བ་སྔོན་མར་སྤྱང་ལྕེ་དགུ་ཡི་ལྕེ་རྩེ་ཟ་མཁན་མཚམས་པ་སྐེ་རིང་ཟེར་བ་དེ་རེད། སྐྱེ་རབས་དེར་ཁོང་གིས་བཟའ་བཤིག་ཐེངས་དགུ་བྱས་པས་གཞན་གྱིས་གཅར་རྡུང་བྱས་ཏེ་མཇིང་ཚིགས་ལ་སྐྱོན་ཤོར་བས་མཚང་མིང་དུ་དེ་ལྟར་ཐོགས་ཤིང་། ད་དུང་ཡུལ་ལུང་འདིར་ཆམ་པ་སྐེ་སྐྲང་ཞེས་པའི་རིམས་ནད་ཅིག་མཆེད་པའི་ཁྲོད་ཚེ་སྲོག་འཆོར་ལ་ཉེ་དུས། ཐོག་དང་ངེད་གཉིས་ཀྱི་ལག་ནས་སྤྱང་ལྕེ་ཉོས་ཏེ་ཟོས་པ་མ་གཏོགས། ཁོ་ནི་སྔ་ས་ནས་ཆམ་པ་སྐེ་སྐྲང་གིས་ཚེ་སྲོག་འཕྲོག་ཡོད་པ་ཁོ་ཐག་ཡིན། རྗེས་ནས་ཇ་ཚོ་ཆེན་བཅོ་བརྒྱད་ཀྱི་ཚོ་དཔོན་དུའང་གང་ནས་འདུག་ཐུབ་སྙམ་བཞིན་ཕྱོགས་ཡར་མར་ལ་བལྟ་བསམས་བྱུང་། འོ། རེད། ངའི་མིག་འབྲས་གཉིས་མིག་ལྕིབས་འོག་ནས་རིལ་རིལ་འགུལ་ཐུབ་པ་ཚོར་བྱུང་། དེ་བས་ངའི་མིག་ལྕིབས་ལྷན་སྐྱེས་སུ་འབྱར་འདུག་པ་ཐག་ཆོད་རེད། རེམ། རེམ། མགྱོགས་པོར་སྨན་ཁང་དུ་འགྲོ་དགོས། སྨན་པ་ཚོར་ཐབས་བཀོད་ཡོད་པ་ཁོ་ཐག་ཡིན། ངས་དེ་ལྟར་དྲན་བཞིན་སྨན་ཁང་དུ་འགྲོ་དགོས་པའི་རེ་བ་འདོན་བསམས་མོད། འོན་ཏེ་ངའི་ངག་སྒོ་རུ“ཨ་ཨ་དང་ཨང་ཨང”ལས་སྐད་ཆ་ཚིག་འབྲུ་གཅིག་ཀྱང་ཕྱི་རུ་འབྱིན་མ་ཐུབ། དེ་ནས་ངས་ཨག་རིང་དང་ཕེ་རིང་བཏབ་པ་ན། མིག་ཟུང་བཙུམ་ནས་འདུག་པའི་སྐྱེས་པ་དེས་ང་ལ་མིག་ཟུར་ནས་ལྟ་བཞིན“སྣ་ནག་མ། ཐན་ཕྲུག་འདི་གསོན་ཐབས་བྲལ། ཟ་འཐུང་དཀའ་བས་འཆི་རྒྱུ་ཡིན་པ་ཁོ་ཐག་རེད། སྐྱབས་གནས་དཀོན་མཆོག་གསུམ་པོས་མཁྱེན། ཚེ་གང་བོར་མུན་ནག་ནང་ནས་སྡུག་བསྔལ་མྱོང་བ་ལས་ཤི་སོང་ན་དགའ”ཟེར། ང་ཡང་ཁོང་གི་ངག་ལས་བྱུང་བའི“འཆི་བ”ཞེས་པའི་འཇིགས་སུ་རུང་བའི་ཚིག་གདངས་དེ་ཐོས་མ་ཐག་སྐྲག་ཐག་ཆོད་དེ་ངུ་མཚམས་བཞག་པ་ཡིན།
           ངས་མཉམ་ཞིག་འཇོག་དུས། ངའི་ཨ་མ་ཐོག་ནི་མིག་ཆུ་ཉིལ་ཉིལ་ངང་ངུ་བཞིན་འདུག ངའི་ཨ་ཕ་མཚམས་པ་སྐེ་རིང་ལ་སྡུག་བསྔལ་གྱིས་རབ་ཏུ་མནར་ཏེ་མགོ་བོ་ཐུར་དུ་སྨད་ནས་འདུག ང་རང་ཡང་དངངས་སྐྲག་ཁྲོད་སིག་སིག་འདར་ཞིང་ཁ་ཕར་ཨ་ཕའི་ཕྱོགས་སུ་འཁོར་ཏེ“ད་སོ་མ་ཁྱོད་ཀྱིས་ང་ཤི་སོང་ན་དགའ་ཟེར་བ་མིན་ནམ། ནང་ཕུ་ནུའི་བར་ལ་གྱོད་མི་མཛའ་བ་དང་ཤ་རྒྱུ་མའི་བར་ལ་གྲི་མི་མཛའ་བ་མི་ཤེས་སམ། སེམས་བསམ་པ་གཞན་ལ་མ་གནག མར་དམྱལ་བར་ལྷུང་བའི་རྒྱུ་ཡིན། ཁྱོད་ལའང་སྙིང་རྗེ་ཟེར་བ་ཞིག་ཡོད་དམ”ཞེས་ངར་ངར་བྱེད་ན་འདོད་ཀྱང་། འདོད་དོན་དེའི་སྙིང་བོ་ནི་ལྷག་མའི་ནང་གི་ལྷག་མ་ཞིག་ཡིན་པ་ངས་ཅི་ལ་མི་ཤེས། དེ་བཞིན་དུ་ངས་ཕ་མ་གཉིས་ཀྱི་རྣམ་འགྱུར་རེ་རེ་ལ་བརྟག་ཅིང་སྨན་ཁང་དུ་འགྲོ་རྒྱུ་ཡིན་མིན་ལ་རེ་བ་ཆེན་པོ་བཅངས་ནས་བསྡད་པ་ཡིན།
           “སྨན་ཁང་དུ་སོང་ན་དགའ་ངོ་ཞིག་ལོས་ཡོད”ཟེར། སྐད་ཆ་དེ་ནི་ངའི་ཨ་མ་ཐོག་གིས་བཤད་པ་རེད། སྐད་ཆ་དེ་ནི་ང་ལ་མཚོན་ན། དབུལ་བོས་གསེར་རྙེད་པ་དང་བསྡུར་ཐབས་མེད་ལ། མུན་པའི་གསེང་དུ་འོད་འཚེར་བ་དང་ཡང་འདྲ་ལེ་མི་འདུག དངོས་གནས་འཆི་ལ་ཉེ་དུས་འཆི་བདག་གི་འཇིགས་པ་ལས་ཐར་བ་དང་འདྲ་ཆགས་པར་འདུག ང་ནི་དགའ་ཐག་ཆོད་དེ་ཨ་ཕས་ཅི་གསུང་ལ་བསྒུགས་ནས་བསྡད་པ་ཡིན།

“ཁྱི་ཁ་ཚུམས། ཁྱོད་ནི་ངོ་མས་དབུལ་བོ་ཁ་ཕོ་ཅན་ཞིག་རེད། སྨན་ཁང་གིས་ཁྱོད་ཀྱི་བྱིས་པར་གློག་མིག་བཟོས་ནས་སྤྲོད་སྲིད་དམ། སྨན་ཡོན་ངའི་རོ་ཐོ་ལ་བརྗེ་རྒྱུ་ཡིན་ནམ”ཟེར། དོན་ཆེན་གཞུག་ལ་བསྐྱུར་བ་དང་ཚིག་ཆེན་སྔོན་ལ་བཤད་སྤོབས་པའི་ཨ་ཕའི་སྐད་ཆ་དེས་ང་ནི་མཐོན་པོ་མཐོན་པོ་ཞིག་ནས་མར་དོང་ཞབས་མེད་ཅིག་ཏུ་གཡུགས་པ་དང་ཀུན་ནས་མཚུངས། ཨ་ཕས་སྐད་ཆ་དེ་བཤད་རྗེས་ངོ་གདོང་ནག་ཏིང་ངེར་གྱུར་ཏེ་སྒོར་ཕྱིན་སོང་།
           ངས་སེམས་རྣལ་དུ་ཕབ་པ་ན། སེམས་ཀྱིས་ཁྱིམ་གྱི་གྲུ་ཟུར་རེ་རེ་མཐོང་བྱུང་། ཨ་ཕས་ངའི་ཨ་མ་ཐོག་ལ་དབུལ་བོ་ཁ་ཕོ་ཅན་ཞིག་རེད་ཟེར་བར་ཁག་མེད་དེ། ཁྱིམ་ཚང་འདིར་མཆོད་བཤམས་བྱ་སའི་ཀུན་དགའ་ར་བ་ཆུང་ཆུང་ཞིག་ཀྱང་མེད་པར་མ་ཟད། སྒོ་ཁར་བསང་ཁྲི་བརྩིགས་མེད་ལ། དར་ལྕོག་ཀྱང་བརྩེངས་མི་འདུག ཁྱིམ་གྱི་ཕུ་མགོར་རྟ་སྒ་ཞིག་ཁྱིམ་ཚང་འདིའི་ནོམ་པ་རྩ་ཆེན་ཞིག་གི་ཚུལ་དུ་བཞག་འདུག ངའི་ཨ་མ་ཐོག་གིས་པགས་གདན་ཞིག་གི་སྟེང་དུ་སློག་པ་རྙིང་རལ་ཞིག་གོན་ཏེ་ང་པང་འདུག ཅི་འདྲའི་དབུལ་ཞིང་ཕོངས་པའི་ཁྱིམ་ཚང་འབྱོར་མེད་ཅན་ཞིག་རེད་ཨང་། ངའི་སེམས་ཀྱི་མཐོང་ལམ་དུ་བཤམས་པའི་རྣམ་པ་དེས་ངའི་མིག་ནང་དུ་གློག་དམར་འཁྱུག་པར་བཏང་ཞིང་། ཡ་ཆུང་ཁོག་ཏུ་གཟེར་ཆེན་རྟ་རྒོད་རྒྱུག་རྒྱུག་དང་གཟེར་ཆུང་ལུ་གུ་རྩེད་རྩེད་བྱེད། འདི་ནི་གསོན་ཐབས་བྲལ་ཞིང་གསོན་འདོད་ཀྱི་རེ་བ་སྟོང་ཟད་དུ་སོང་བ་མ་ཡིན་ནམ། ངའི་སྐྱེ་རབས་གོང་མར་བསད་པའི་སྤྱང་ཀི་དག་ལའང་ན་ཟུག་འདི་འདྲ་སྐྱེས་མྱོང་ལ། གསོན་འདོད་ཀྱི་རེ་ཐག་འདི་ལྟར་ཆད་ཡོད་པ་ཁོ་ཐག་ཡིན། ད་ནི་སྡིག་པའི་རྣམ་སྨིན་ལ་སྡུག་བསྔལ་སྨིན་པ་མ་ཡིན་ནམ་འདོད་བཞིན་པའི་ངའི་ངུ་ཁ་མ་ཆོད་པར་ཨ་མའི་པང་དུ་ལུས།
           མཚན་མོར་ཁྱིམ་དུ་ཡོད་ཚད་འཇམ་ཅག་གེར་གྱུར། ང་རང་ཡང་ཅུང་བདེ་ལ་བབས་ཏེ་ཨ་མའི་པང་ནས་རྨི་ལམ་གྱི་ཞིང་ཁམས་འགྲིམས། རྨི་ལམ་འགྲིམས་ཞེས་པ་ལས་ང་ནི་ཀེག་གི་ཡུལ་དུ་ཕྱིན་ཞེ་ན་འོས་པར་འདུག་སྟེ། ང་སྐྱེ་རབས་གོང་མར་རྔོན་པ་ཡིན་དུས་ཤི་མ་གསོན་གྱི་སྤྱང་ཀིའི་སྤྱང་ལྕེ་ལེན་པའི་སྐབས་སུ། རྔོན་པ་གཅིག་གིས“ཁྱོད་གང་ནས་ཡོང་བ་ཡིན”ཞེས་འདྲི་བར་བྱེད་ལ། ཡང་རྔོན་པ་གཞན་དེས་སྤྱང་ཀིས་ལན་བྱིན་པའི་ཚུལ་དུ“ང་ཀེག་གི་ཡུལ་ནས་ཡོང་བ་ཡིན”ཞེས་ལན་འདེབས་པར་བྱེད། ཀེག་ནས་ཐར་བའི་སྤྱང་ཀིའི་ལྕེ་ནི་ཆམ་པ་སྐེ་སྐྲང་ལ་ཤིན་ཏུ་ཕན་ཟེར་བ་ལོ་ལོན་ཚོའི་ཁ་ནས་གོ་མྱོང་། དེ་བས་ཐོག་དང་ངེད་གཉིས་ཀྱིས་སྤྱང་ཀི་གྲངས་མེད་པ་ཞིག་བསད་དེ་བྲིན་ཚོང་བརྒྱབ་ཅིང་། ཆམ་པ་སྐེ་སྐྲང་གིས་ཆུ་བདག་ཆུ་སྲིན་ཁར་དེད་པའི་ཡུལ་མི་ཚོ་ཐར་བ་ཐོབ་པར་རོགས་རམ་གང་མང་བྱས་པ་ཡིན། ཡིན་ཡང་། དོ་ནུབ་ང་ནི་ཀེག་ཅེས་པའི་གྲོག་རོང་འཇིགས་སུ་རུང་བའི་གནས་དེར་སྤྱང་ཚོགས་ཐ་ར་ར་བྱེད་པའི་ཁྲོད་དུ་གཅེར་བུར་ལུས་འདུག་པར་མ་ཟད། མ་བུ་ཁ་བྲལ་བཏང་བའི་སྤྱང་ཕྲུག་ཁ་དྭ②གང་མང་གིས་ང་ནི་ཨ་ལོང་བཞིན་དུ་བསྐོར་ཏེ། ངའི་ལྕེ་མ་ནེ་འོག་ནས་འབལ་རྩིས་བྱེད་པར་འཚང་ཁ་ཤིག་ཤིག་བྱེད། ངའི་ལུས་པོ་ནི་སྒང་ཁའི་དར་ལྕོག་བཞིན་འདར་ཞིང་ངུ་འབོད་ཀྱིས་གནམ་ས་གང་བར་བྱས་ཙ་ན། ཨ་མས“གཅེས་ཕྲུག ཁ་རོག ཁ་རོག ཨ་ཕས་སྒོར་མོ་བཙལ་ཡོང་སྟེ་ཁྱོད་སྨན་པར་སྟོན་དུ་འཁྲིད་ངེས་ཡིན”ཞེས་གཅེས་གཅེས་གནང་བ་དེས་ང་གཉིད་ལས་སད་དུ་བཅུག་ལ། སེམས་ལའང་སྐྱིད་ཀྱིས་ཁེངས་པའི་མི་ཚད་ནམ་ལངས་ནས་འདུག་པ་ཡང་སེམས་ཀྱིས་ཚོར་བྱུང་།ངེད་ཚང་གི་ནང་སྒོ་ཁྲོག་གེར་ཕྱེ་བྱུང་། ཨ་ཕས་ལག་ཏུ་ཤྭ་རྭ་རློན་པ་ཞིག་བཟུང་སྟེ་ནང་དུ་ཐོན།“མདང་ནུབ་ལག་སྟོང་མ་རེད། ཤྭ་ཆེན་ཞིག་རྙི་ཡིས་བཟུང་འདུག ལྟོགས་ནས་སྒྱུ་མར་འུར་ཁྲོག་གྲག་གིན་འདུག”ཅེས་ཇ་འཁྱག་དཀར་ཡོལ་གང་མགོར་གཡོན་བྱུང་།
           ཨ་མ་ཐོག་གིས་ཅི་མི་སྙམ་པའི་ངང“ཡང་སྡིག་པ་དཔེ་མེད་ཅིག་བསགས་སོང་། རི་དྭགས་གསོད་མཚམས་མི་འཇོག་གམ”ཟེར།
           “ཁྱི་ཁ་ཚུམས། འོ་ན། ཁྱོད་ཀྱིས་ཡང་ལན་ཆགས་འདི་འཆི་རུ་འཇུག་འདོད་དམ”ཞེས་ངའི་ཕྱོགས་སུ་མཆུ་བརྡ་སྟོན་བཞིན་བཤད་དུས། སྐམ་ཞིང་རིད་པའི་ཨ་ཕ་མཚམས་པ་སྐེ་རིང་གི་སྐེ་ཤོ་ནང་གི་རྩ་མདུད་རྣམས་རབ་ཏུ་སྦོས་ནས་འདུག ངས་བསམས་ན་ཕལ་ཆེར་ཨ་མའི་དོན་མེད་ཀྱི་སྐད་ཆ་དེས་ཁོང་ཁྲོ་བསླངས་པས་ཡིན་པར་སྙམ། ཨ་ཕས་ཇ་འཁྱག་དཀར་ཡོལ་དོ་འབྱོངས་རྗེས། ཨ་མར་བལྟས་ནས“བདུན་ཁ་གང་རག་བར་དུ་ཤྭ་རྭ་རྒྱ་ཤག་ལི་ཙེ་ལ་བཙོངས་ཏེ་སྨན་ཡོན་གསོག་ཨེ་ཐུབ་བལྟ། སྨན་ཁང་ལ་ཐབས་བཀོད་ཡོད་པར་སྨོན། དེ་མིན་ལས་ངན་འདི་གསོན་པའི་སྙིང་བོ་ཡོད་རེ་སྐན”ཟེར། དེ་མུར་ཁོས་མདང་ནུབ་རྙི་ལ་ཤོར་བའི་ཤྭ་བའི་རྩིབས་གུ་རྣམས་གཏུབས་ཏེ་ཨ་མར་ཤ་ཁུ་སྐོལ་གྲབས་བྱེད། ཨ་མས་སྐད་ཆ་ཅི་ཡང་མི་བཤད་པར་མིག་འབྲས་བརྡིབས་པའི་ཀོང་ཀོང་དེ་རུ་བབས་པའི་མིག་ཆུ་ངའི་སྐྲ་གསེང་ལ་གཏོར་ཞིང་ལག་པ་རྩུབ་པོས་མགོ་བོར་བྱིལ་བྱིལ་གནང་བྱུང་།
           ཨ་ཕས་ལན་ཆགས་འདི་ཡང་འཆི་རུ་འཇུག་རྒྱུ་ཡིན་ནམ་ཞེས་པའང་བདེན་ཏེ། ཐོག་དང་པོར་ང་ཨ་མ་ཐོག་གི་མ་སྒོ་བསྙེགས་ནས་ཡོང་དུས་ཟླ་ངོ་གཅིག་མ་འགོར་བར་ང་ནི་མོའི་གཅིན་པ་དང་མཉམ་དུ་ས་ལ་ལྷུང་སོང་། ཐེངས་གཉིས་པར་ཟླ་ཁ་གང་ནས་བཙས་ཀྱང་ང་ནི་སྲིད་ལོག་པའི་མི་ཚད་ཉིན་དགུའི་རྗེས་སུ་ཚ་བ་ཆེན་པོ་ཞིག་རྒྱས་ཏེ་ཚེ་སྲོག་ཤོར·····ཨ་ཙི་ཙི། ཐེངས་དགུ་པར་ང་ཡི་མཐོང་ལམ་མིག་ལྕིབས་ཀྱིས་བཀག་འདུག ཨ་ཤུ་རེ་ཁོ། ལན་ཆགས་ཅན་གསུམ་ཁྱིམ་གཅིག་ལ་འཛོམས། ད་ནི་ངས་འདིའི་ཕྱོགས་ལ་འདང་རྒྱག་མི་བཟོད། གང་ལྟར་ཕ་མ་གཉིས་ཀྱི་སྐྱེ་རབས་གོང་མའི་མིང་སྟེ། ཨ་མ་ཐོག་དང་ཨ་ཕ་མཚམས་པ་སྐེ་རིང་ཞེས་འབོད་ཀྱིན་པའི་ཕ་མ་འདི་གཉིས་ལ་བཟོད་གླགས་མེད་པའི་སྙིང་རྗེ་ཚད་མེད་པ་ཞིག་ཞེ་གཏིང་ནས་སྐྱེས་པ་ལས། སྐྱེ་བ་ལེན་ཐེངས་འདིའི་ཕ་མ་གཉིས་ཀྱི་མིང་དངོས་ལ་ཅི་ཟེར་ཤེས་འདོད་མེད་ལ་ཤེས་ཁོམ་ཡང་གང་ན་ཡོད། ང་ནི་དབང་བོ་ཚང་བའི་མི་ཞིག་བྱེད་འདོད་པའི་མི་ཚད་འཇིག་རྟེན་གྱི་ཁྲ་ཁྲ་རིག་རིག་མཐོང་འདོད་པ་ནི་གལ་ཆེན་ནང་གི་འགངས་ཆེན་དེ་མ་ཡིན་ནམ། ངས་དེ་ལྟར་དྲན་བཞིན་ཉི་མ་རེ་རེ་ཕར་ལ་བསྐྱལ་ཞིང་ཕ་མ་གཉིས་ཀྱི་གཏམ་བཟང་རེ་རེ་ཚུར་ལ་བསུ་བར་བསྒུགས་ནས་བསྡད།
           ངས་ཉི་མ་རེ་རེར་ཨ་ཕས་སྨན་ཡོན་གྲབས་གསོག་བྱས་ཏེ་ཚགས་སུ་ཆུད་ཡོད་མེད་ལ་བསྒུགས། མཚམས་རེར་ཉི་མ་ནུབ་སྟེ་ནམ་ལངས་རག་བར་དུ་བསྒུགས་པ་ཡིན། རེ་སྒུག་གི་ཁྲོད་ནས་ཉི་མ་ནི་འཁྱོལ་ཐབས་ཤིག་མི་འདུག ཉི་མ་འཁྱོལ་ཐབས་མེད་དུས་ངའི་སེམས་ཀྱི་མཐོང་ལམ་དུ་སྐྱེ་རབས་སྔོན་མར་བསད་པའི་སྤྱང་ཀི་རེ་རེ་འཁོར་ཡོང་། མཆེ་བ་གཙིགས་ཤིང་སྡེར་མོ་བགྲད་དེ་ངའི་ཕྱོགས་ལ་སྡང་སེམས་མེ་དཔུང་ལྟར་འབར་བཞིན་པ་མཐོང་ཡོང་། དེ་དུས་ཐོག་དང་ངེད་གཉིས་ཀྱིས་རི་ཀླུང་ཀུན་ཏུ་སྤྱང་ཀི་ནི་སྐར་ཚོགས་ལྟར་གྲངས་མང་ཞིང་། སྤྱང་ལྕེ་ནི་རི་རབ་ལྟར་ལྷུན་གྱིས་གྲུབ་ན་བསམས། དེ་ཡང་ཕྱོགས་གཞན་ཞིག་ནས་འདང་བརྒྱབ་ན། ཡུལ་ལུང་འདིར་ཆམ་པ་སྐེ་སྐྲང་ཞེས་པའི་ནད་ཡམས་ཤིག་མཆེད་པ་དེར་རྐྱེན་བྱས་ཏེ་སྤྱང་ལྕེའི་རིན་གོང་མཐོན་པོར་ཆགས་པ་དེའང་ལན་སྙམ། ངས་དེ་ལྟར་ཆ་མ་ཆོ་རིགས་དྲན་ཞིང་རེ་སྒུག་ཁྲོད་ནས་གཉིད་ལ་ཤོར།
           ངའི་རྣ་ལམ་དུ་རྟ་ཡི་རྨིག་སྒྲ་མཆེད་བྱུང་། རེད། ཁྱིམ་གྱི་ཕུ་མགོའི་རྟ་སྒ་མེད་ཚུལ་ལ་གཞིགས་ན། ད་སྐབས་ཤྭ་རྭ་རློན་པ་རིན་གོང་མཐོ་རབས་བཤད་པས། ཨ་ཕ་རི་དྭགས་རྔོན་དུ་སོང་ནས་ཕྱིར་ལོག་ཡོང་བ་ཁོ་ཐག་རེད། ངའི་སེམས་པ་དགའ་ཀྲོག་ཀྲོག་བྱེད་དུས་ཨ་ཕའི་ངོ་གདོང་ནག་ཐུལ་ལེར་ཁྱིམ་དུ་འཛུལ་ཡོང་།
           “རྒྱ་ཤག་གིས་ཅི་ཟེར” ཞེས་ཨ་མས་ཨ་ཕར་དྲི་བ་དེ་འདྲ་ཞིག་བཏོན་སོང་། ངས་ཅི་ཡིན་ཆ་མ་འཚལ་པར་ལུས།
           “ལས་དབང་ནི་ཐོག་ལྟར་བཙན། རྒྱུ་འབྲས་ནི་མདའ་ལྟར་དྲངས། ཨ་ཤུ། ངས་མི་ཚེ་འདིར་རི་དྭགས་བསད་བསད་པའི་རྣམ་སྨིན་འཁོར་བ་མིན་ནམ་ཅི”ཞེས་བཤད་ཞོར་གོ་ཁའི་རྣ་པགས་སྟེང་ཁ་གནམ་ལ་འཁོར་ནས་ཙོག་འདུག ངས་ཨ་ཕ་ཡང་ངའི་སྐྱེ་རབས་གོང་མ་ལྟར་རྔོན་པ་ཡ་མེད་ཅིག་ཡིན་ནམ་སྙམ།
           ཨ་མ་ཐོག་གིས “རྒྱ་ཤག་དེ་ལ་ཐུག་མ་ཐུབ་བམ”ཟེར།
           “ཐུག་ཐུབ་སོང་། མིག་ནད་གཤག་བཅོས་བྱེད་པའི་སྨན་ཡོན་ལ་ཕལ་ཆེར་དམངས་སྒོར་ཁྲི་བཅུ་ཕྲག་ཁ་ཤས་དགོས་ཟེར། ད་དུང་ནད་གཞི་ལྕི་ཚེ་དེའི་ཡན་དགོས་རྒྱུ་རེད་ཟེར”ཞེས་པའི་ཨ་ཕའི་གཏམ་ལན་དེ་ལས། ངས་ཨ་ཕ་ནི་ངའི་མིག་ལྕིབས་གཤག་བཅོས་བྱེད་ཆེད་རྒྱ་ཤག་ལི་ཙེ་ཟེར་བ་ཞིག་གི་གམ་དུ་གནས་ཚུལ་གསལ་པོ་རྒྱུས་ལོན་བྱེད་དུ་སོང་བ་ཡིན་པ་ཤེས།
           “ཤྭ་རྭ་རློན་པའི་རིན་གོང་གིས་མི་འདང་བ་རེད་དམ།”
           “ག་ལ་འདང་། རྒྱ་ཤག་གིས་བཤད་ན་ཤྭ་རྭ་རློན་པ་བཙོང་བ་ནི་ཁྲིམས་འགལ་ཡིན་པས་མི་ཚད།ད་སྐབས་རྒྱལ་ཁབ་ཀྱིས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ་རི་དྭགས་ཤྭ་བ་རྔོན་པར་བཀག་སྡོམ་ནན་མོ་བྱེད་ཀྱི་ཡོད་པ་རེད་ཟེར”ཞེས་པའི་གཏམ་ལན་དེས་ངའི་གསོན་འདོད་ཀྱི་རེ་ཐག་རྡུམ་སེར་བཅད་སོང་།
           ཨ་མས་ཧ་ཅང་ཉམས་ཞན་པའི་ངང“ཨ་ལ། འོ་ན་ཐབས་བཀོད་གཞན་ཅི་ཡང་མེད་དམ”ཞེས་དྲིས།
           ཨ་ཕས་ཡུན་རིང་ཞིག་ལ་འདང་བརྒྱབ་རྗེས“ད་ནི་དངོས་གནས་ངའི་མཁལ་མ་བཙོང་དགོས་འདུག ངས་རྒྱ་ཤག་ལི་ཙེ་ལ་ཐབས་བཀོད་ཅི་ཡོད་ཡང་ཡང་ནན་འདྲི་བྱས་པས། ཁོས་མིའི་མཁལ་མ་བཙོངས་ན་རིན་གོང་ཧ་ཅང་མཐོ་ལ་ཉེན་ཁ་ཡང་ཆེ་ཟེར། སྟབས་ལེགས་ན་སྲོག་ཤོར་མི་སྲིད་ཟེར། འདི་ནི་ཁོ་རང་ཐབས་ཟད་དེ་འུ་ཐུག་པའི་ང་ལ་ཀུ་རེ་རྩེད་པ་ཡིན་ན་ཆོག་ལ། སེམས་གསོའི་ཚུལ་དུ་བཤད་པ་ཡིན་ནའང་ཆོག་སྟེ། གང་ལྟར་རང་དབང་རང་འཐད་ཡིན་ཚེ་མིའི་མཁལ་མ་བཙོང་ཆོག་པ་ཤ་སྟག་རེད། ངའི་མཁལ་མ་བཙོངས་ནས་མ་བསྐྱབས་ཚེ། ཐན་ཕྲུག་འདི་གསོན་དཀའ་རྒྱུ་རེད”ཅེས་པའི་གཏམ་ལན་དེས་ང་བླ་འཁྱམས་པར་བཏང་བས་ངུ་དགོས་བྱུང་། ང་ནི་ངུས་ཏེ་བརྒྱལ་ལ་ཁད་བྱས། ང་བརྒྱལ་ལ་ཁད་བྱེད་དུས་གློ་རྡེག་ལ་ཕེ་ཕེ③གཏོང་ན་འདོད། ཕེ་ཕེ་གཏོང་བསམས་དུས་ང་ལ་རྟུག་ཁུང་མེད་པ་ཚོར། དོན་དག་འདི་ངའི་ཕ་མ་གཉིས་ཀྱིས་ད་དུང་ཤེས་མེད། གལ་སྲིད་ཤེས་སོང་ཚེ་རྣག་ཐོག་ཁབ་གཙགས་བྱས་པ་ཅི་ལ་མིན་འདོད་དེ་ངའི་ངུ་སྐད་ནི་ཇེ་ཆེ་ནས་ཇེ་ཆེར་གྱུར།
           ཨ་མས“འོ་ན། ངའི་མཁལ་མ་བཙོང་ན་ཆོག”ཟེར།
           ཨ་ཕས“ཁྱོད་ནི་སྐམ་ཞིང་རིད་པས་འཆི་བར་ཉེན་ཁ་ཆེ”ཟེར།
           ཨ་མས་སྐད་གསང་མཐོན་པོས“འོ་ན། ཁྱོད་ཀྱི་ལུས་སྟོབས་མི་ཞན་ནམ། ཤྭ་བ་བསད་དེ་སྡིག་པ་བསགས་པ་ལས། རང་ཉེས་རང་གིས་འཁུར་ན་བཟང་། སྨན་ཁང་དུ་ངའི་མཁལ་མ་བཙོང་དུ་འགྲོ”ཟེར།
           ཨ་ཕར་ངར་ཆེན་དཔེ་མེད་པ་ཞིག་ལངས་ཏེ“འདྲེ་མོ་མ། ཁྱི་ཁ་ཚུམས་ལ་སྡོད། ངས་སེམས་ཐག་བཅད་པ་གོར་མ་རྡོ་ཡིན”ཟེར་ཞོར་སྒོར་བུད་སོང་།
           ཞེ་སེམས་ནི་སྐྱོ་ཞིང་སྡུག་པ་ལ། བསམ་ཡུལ་ལས་ནི་འདས་པ་ལ། སྐབས་ཐོག་འདིར་ངའི་སེམས་ཁམས་ནི“མཚོ་སྔོན་པོར་འགྲམ་དར་ཆགས་དུས། ། བྱ་ངང་བའི་སེམས་པ་སྐྱོ་སོང”ཞེས་པ་དང་མཚུངས། ངའི་ཕ་མ་གཉིས་ཀྱིས་ངའི་དོན་དུ་ཚེ་སྲོག་བློས་གཏོང་བར་འཕྲོག་རེས་བྱེད་ཀྱིན་འདུག ལྷག་ཏུ་ངའི་ཨ་ཕ་ལགས་ནི་ཁ་འོ་མ་དང་ཁོག་ཚེར་མ་ཞེས་པ་ལས་ལྡོག་འདུག་པའི་མི་ཞིག་ཡིན་པ་གཞི་ནས་ཤེས་སོང་། ངས་ཕ་མའི་བརྩེ་སེམས་ཟེར་བ་དེ་ནི་ནམ་མཁའ་ལྟ་བུ་ཀུན་ཏུ་ཁྱབ་ཅིང་། ཉི་ཟླ་ལྟ་བུ་ཀུན་གསལ་བ་ཞིག་ཡིན་པར་གོ་བ་བླངས་ན་འགྲིག་སྙམ། གནའ་མི་བོད་ཀྱི་གཏམ་དཔེ་ལ“གཏམ་གྱི་སྙིང་འཕྱས་ཕ་བུའི་བར། ། ཟས་ཀྱི་སྙིང་འཕྱས་མ་བུའི་བར”ཟེར་བ་ལྟར། སྔུན་ནས་བལྟས་ན་ལྷ་དང་གཞུག་ནས་བལྟས་ན་འདྲེ་ཡིན་པའི་རུ་སྐོར་ཁྱིམ་མཚེས་ཁ་ཤས་ཀྱིས་གན་ཚང་ལ་རི་དྭགས་བསད་པའི་རྣམ་སྨིན་འཁོར་འདུག དབུལ་བོ་དབུལ་ནག་ཚང་ལ་རྒྱུ་འབྲས་འཁོར་ན་འགྲིག གན་བཟའ་བ་གཉིས་ལ་སྙིང་རྗེ་ཟེར་བ་ཞིག་མེད་ཅེས་སྙིང་འཕྱས་སྣ་ཚོགས་གཏོང་བཞིན་འདུག་མོད། འོན་ཀྱང་ངས་ཚེ་རབས་ཀུན་ཏུ་འཇིག་རྟེན་འདིར་ཕ་མ་གཉིས་ལས་དྲིན་ཆེན་ཞིག་མེད་ཅེས་བཤད་པར་སྤོབས།
           དུས་ཚོད་ནི་མཚམས་ཚིགས་མེད་པར་མདུན་ནས་མདུན་དུ་བསྐྱོད། ངས་སྔ་འདང་ཕྱི་འདང་རྒྱག་ཡག་བྱས་པ་ན། དོན་དམ་པར་འཆི་དགོས་པ་ནི་ལན་ཆགས་མ་དག་པའི་ང་རེད་དེ། ང་ཤི་སོང་ཚེ་ཕ་མ་གཉིས་ནི་མ་མཐའ་ཡང་འཇིག་རྟེན་འདིར་གསོན་ཐུབ། ང་ཅིས་ཀྱང་འཆི་དགོས། མྱུར་བ་མྱུར་དུ་མ་ཤི་ཚེ། ཕ་མ་གཉིས་ཀྱིས་ངའི་ཆེད་དུ་ཚེ་སྲོག་བློས་གཏོང་རྒྱུ་ཁོ་ཐག་ཡིན་པ་དང་གཏོང་ཕོད་པར་ཡང་བསམ་རྒྱུ་མེད་པ་ཚོར། སྐྱེ་རབས་འདིར་ངའི་དོན་དུ་ཕ་མའི་ཚེ་སྲོག་འཕྲོག་མི་ཉན་འདོད་དེ། ངས་སྔར་བྱས་ལས་ལ་འགྱོད་བཤགས་དང་སླད་ཕྱིན་མི་འབྱུང་ཞིང་། ཐོག་ལྟར་རྒོད་པའི་ལས་དབང་འདི་བསྒྱུར་བར་དམ་བཅས་ཏེ། ནུབ་ཕྱོགས་བདེ་བ་ཅན་ནས་སྐྱེ་མི་ཐུབ་རུང་མདའ་ལྟར་དྲངས་པའི་རྒྱུ་འབྲས་སྲུང་མཁན་གྱི་མི་ཞིག་ཏུ་སྐྱེ་ཐུབ་པར་སྐྱབས་གནས་དཀོན་མཆོག་གསུམ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ཅིང་། དྲིན་ཆེན་རྩ་བའི་བླ་མ་ཡིད་ལ་བསྒོམས་ཏེ་བར་དོའི་སྣང་བ་ཡིད་ལ་ཤར་མ་ཐག ཡ་མཚན་པ་ཞིག་ལ། ངའི་རྣ་ལམ་དུ་གངས་ལུང་ཡུལ་ཚོའི་མིང་ལ་ཚེ་དབང་ཐར་ཟེར་བའི་བོད་པ་ཞིག་གིས་རང་གི་བུ་ཕྲུག་གི་དོན་དུ་མཁལ་མ་བཙོངས་ནས་ཚེ་སྲོག་ཤོར་ཟིན་པ་དང་། བུ་ཕྲུག་གི་ཨ་མ་ཚེ་མོ་ཐར་ལགས་ནི་ཕ་མ་དཔེ་བཟང་ཅན་གྱི་སྔོན་ཐོན་མི་སྣར་བདམས་ཟིན་པའི་གསར་འགྱུར་འུར་ཆིལ་ལེར་མཆེད་འོངས། ངས་མིག་ཅེར་ནས་བལྟས་པ་ན། རླབས་ཆེན་གྱི་གསར་འགྱུར་འདི་སྒྲོག་མཁན་ནི་ངའི་ནད་ཁྲིའི་གཡས་གཡོན་གྱི་མི་ཚོགས་དག་ཡིན་པ་མཐོང་། ང་ནི་ཁ་བ་ལྟར་དཀར་ཞིང་གཙང་བའི་ནད་བཅོས་ཁང་ཞིག་གི་ནད་ཁྲིའི་ཐོག་བདེ་ལྷོད་ལྷོད་དུ་ཉལ་ནས་འདུག་སྟེ། ངས་མིག་ཟུང་ཀེམ་ཀེམ་གཡོ་ཞིང་ཕྱོགས་ཡར་མར་ལ་ལྟད་མོར་བལྟས། མདུན་ཐད་དུ་ད་དུང་མི་ཞིག་གིས་ངའི་གདོང་ལ་བརྙན་མིག་བསྐོར་ཏེ“ཐག—ཐག—ཐག”ཅེས་པར་རྒྱག་བཞིན་འདུག སྐབས་ཐོག་དེར་ངའི་མཐོང་ལམ་གྱི་ཡོད་ཚད་ནི་ཅི་འདྲའི་མཛེས་ཤིང་ལྟ་ན་སྡུག་ལ་ཡིད་དུ་འོང་བ་ཞིག་རེད་ཨང་སྙམ་སོང་། །
           ①ཨ་མདོའི་ཁ་སྐད་དུ་བྱིས་པའི་ཕོ་རྟགས་ལ་ནེ་ནེ་ཞེས་འབོད།
           ②ཨ་མདོའི་ཁ་སྐད་དུ་དྭ་ཕྲུག་དང་དོན་གཅིག
           ③ཨ་མདོའི་ཁ་སྐད་དུ་བྱིས་པའི་ཕྱི་ས་ལ་ཕེ་ཕེ་ཞེས་འབོད། 
རྩོམ་སྒྲིག་པ། རིག་གྲོལ།