[ནང་དོན་གནད་བསྡུས།] དཔལ་ནཱ་ལེནྡྲ་ཞེས་སྙན་པའི་བ་དན་འཛམ་གླིང་ན་གཡོ་བ་དེ་ཉིད་ཉམས་རྒུད་དུ་སོང་བའི་རྒྱུ་རྐྱེན་ནི་ཏི་རུ་ཁའམ་ཁ་ཆེའི་དམག་ཤུགས་ཀྱིས་རྩ་མེད་དུ་བཏང་བ་རྩོད་མེད་ཡིན་ནའང་། རྒྱུ་རྐྱེན་དེ་གཅིག་པུས་མ་ཡིན་པར་ནང་པའི་ཆོས་ལ་དད་པའི་ཡུལ་གྱི་རྒྱལ་པོའི་དབང་ཐང་ཉམས་པ་དང་། སྔགས་འཆང་གི་སྤྱོད་ལམ་ལོག་པ། དེར་སྐྱབས་བཅོལ་བའི་མང་ཚོགས་ཀྱི་དད་པ་ཉམས་པ་ལ་སོགས་རྐྱེན་དུ་མང་ཚོགས་པས་ཡིན་ཚུལ་ལུང་རིགས་དཔེ་གསུམ་གྱིས་དཔྱད་གླེང་བྱས་ཡོད།
[བརྡ་ཆད་གཙོ་བོ།] ནང་ཆོས། ནཱ་ལེནྡྲ། གསང་སྔགས། ཉམས་རྒུད། རྒྱུ་རྐྱེན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K874[ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2019)01 -040-22
གླེང་གཞི།
རྒྱལ་ཁབ་དང་མི་རིགས་གང་རུང་ལ་ཡར་རྒྱས་ཀྱི་གཞི་རྩ་རི་རྒྱལ་ལས་ཀྱང་བརྟན་པ་ཞིག་ཆགས་པ་ནི་རྒྱལ་ཁམས་དེའི་རྒྱལ་པོ་དང་མངའ་ཞབས་སྐྱོར་བའི་དཔོན་རིགས་ཁག་ལ་རག་ལས་མེད་པ་ཞིག་མ་ཡིན་ནའང་། འཇིག་རྟེན་འདིའི་སྟེང་གི་བྱ་གཞག་ཆེ་མ་ཆུང་གསུམ་གྱི་གཞི་རྩ་མང་ཚོགས་ལ་ཐུག་པས། གཙོ་བོ་རྒྱ་ཆེའི་མང་ཚོགས་ལ་རག་ལས་པ་ཡིན། དེའི་ཕྱིར་ཆབ་དཔལ་རིག་གསུམ་གྱི་རྒྱབ་རྩ་མཐར་ཐུག་ཀྱང་མང་ཚོགས་དང་རྟེན་འབྲེལ་གྱི་ཚུལ་དུ་འབྱུང་དགོས་པས། རྒྱ་གར་གྱི་སྤྱི་ཚོགས་དང་བོད་ཀྱི་སྤྱི་ཚོགས་སོགས་སྤྱི་ཚོགས་ཀྱི་ཁོར་ཡུག་གང་ཞིག་ཡིན་རུང་དེ་དང་དེ་ལྟ་བུར་མ་འབྲེལ་བའི་འཕེལ་འགྲིབ་གསར་པ་ཞིག་འཇོག་ཏུ་མེད།
དཔལ་ནཱ་ལེནྡྲ་①ནི་ཐོག་མར་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཚོ་བཞུགས་ཀྱི་སྐབས་སུ་ཚོང་པ་ལྔ་བརྒྱས་ཨམྲའི་སྐྱེད་ཚལ་ཞིག་གསེར་བྱེ་བ་བྱིན་ཏེ་ཉོས་ནས་ཕུལ་བའི་གནས་དེར་སྟོན་པ་སངས་རྒྱས་ཀྱིས་ཆོས་གསུངས་ཤིང་། ཕྱིས་སུ་གདན་ས་ཆེན་པོ་དཔལ་ནཱ་ལེནྡྲ་ཆགས་པ་ཡིན་ལ། སྟོན་པའི་མཆོག་ཟུང་གཉིས་ཀྱི་འཁྲུངས་ཡུལ་དང་། མཐར་སྐུ་མྱ་ངན་ལས་འདའ་ས་ཡང་གནས་དེ་རུ་ཡིན་པ་དང་། ཤ་རིའི་བུའི་སྐུ་གདུང་མཆོད་རྟེན་ཡང་དཔལ་ནཱ་ལེནྡྲ་རང་དུ་བཞུགས་ཡོད་པའི་ལོ་རྒྱུས་ཡོངས་སུ་གྲགས་པ་དག་ནི་སྔོན་གྱི་ཆོས་འབྱུང་སྨྲ་བ་དང་དངོས་གཙོ་ལོ་རྒྱུས་སྨྲ་བ་རྣམས་ཞལ་གཅིག་མཐུན་ཡིན། དེ་ལ་དགེ་ཆོས་རིན་པོ་ཆེས། “དེ་ཡང་སྟོན་པ་བཞུགས་དུས་ཚོང་པ་ལྔ་བརྒྱ་ཙམ་གྱིས་ཨམྲའི་སྐྱེད་ཚལ་ཞིག་གསེར་བྱེ་བ་བྱིན་ཏེ་ཉོས་ནས་ཕུལ་ཅིང་དེར་དབྱར་ཞལ་བཞེས་མཛད། མཆོག་ཟུང་གཉིས་ཀའི་འཁྲུངས་ས་དང་འདས་ས་ཡང་འདིའི་ཉེ་འཁོར་ཅི་རིགས་པར་ངོས་འཛིན་མཛད། ལྷོ་ངོས་ཀྱི་ནགས་ཚལ་ན་ཚངས་དྲཱ་བའི་མདོ་གསུངས་པའི་གནས་ཡོད་གསུངས་ཀྱང་དེང་སང་ངོས་ག་ལ་ཟིན། དེ་ནས་སྟོན་པ་འདས་ནས་རྒྱལ་པོ་ཤཀཱདིཏྱ་བརྒྱ་བྱིན་ཉི་མ་བྱ་བས་གཙུག་ལག་ཁང་བཏབ་ཟེར་རྭ་ལོའི་རྣམ་ཐར་ནས་ཞེས་བྱུང་བ་ཡང་འདི་བརྡའ་ཉམས་པ་ཨེ་ཡིན་སྙམ་”②ཞེས་ཀྱང་གསུངས་ཡོད། དེ་བཞིན་སངས་རྒྱས་ཀྱི་བསྟན་པ་འཕེལ་སའི་གནས་ཆེན་པོ་བརྒྱད་དུ་གྲགས་པའི་གྲས་ཀྱི་བྱིན་གྱིས་བརླབས་པའི་གནས་ལའང་དཔལ་ནཱ་ལེནྡྲ་བགྲངས་ཡོད་པ་དང་། སྒོས་སུ་རྒྱ་དཀར་ནག་བོད་སོག་ཀུན་ལ་ཆེས་དར་ཁྱབ་ཆེ་བའི་ནང་པའི་རིག་གཞུང་གི་དབུ་ཁུངས་བཅོལ་ས་ཡང་དཔལ་ནཱ་ལེནྡྲ་དེ་ཉིད་ཆགས་ཡོད་ཅིང་། གདན་ས་དེ་ནས་སློབ་གཉེར་ཐོན་པ་ཞིག་ཡིན་ན་ཀུན་གྱིས་ཡིད་སྨོན་ཤོར་ས་དང་། ཆོས་དང་རིག་གཞུང་གང་ཐད་ནས་བློ་བཅོལ་ས་ཉག་གཅིག་ཏུ་གྱུར་ཡོད། དེ་ལྟར་ནའང་། འཛམ་གླིང་ཤར་ནུབ་ཀུན་ལ་གཙུག་ལག་སློབ་གྲྭ་ཆེན་མོ་དཔལ་ནཱ་ལེནྡྲ་ཞེས་མཚན་སྙན་དགུང་གི་ཉི་མ་བཞིན་གྲགས་ཆེ་བ་དེ་ཉིད་དུས་རབས་བཅུ་གསུམ་པའི་ནང་མིང་གི་ལྷག་མ་ཙམ་ལ་གྱུར་ཅིང་། དེ་ལ་རྒྱུ་རྐྱེན་སྣ་ཚོགས་རྐྱེན་ངན་དགུ་སྒྲིག་ཏུ་ཚང་ཡོད་པ་དག་བསྡུས་ན་ནང་རྐྱེན་དང་ཕྱི་རྐྱེན་གཉིས་ཡིན། དེ་གཉིས་ལས་བལྟས་པ་ཙམ་གྱིས་ཕྱི་རྐྱེན་ནི་འཇིགས་ཆེ་བ་ལྟར་དུ་སྣང་མོད། དོན་དུ་ནང་རྐྱེན་ནི་དེ་བས་ཀྱང་འཇིགས་སུ་རུང་བ་ཞིག་ཡིན།
རྒྱའི་བཙུན་པ་ཧྥ་ཤཱན་③ཁོང་རྒྱ་གར་དུ་བཞུགས་པའི་རིང་དེང་དུས་Patnaཞེས་པའི་གྲོང་ཁྱེར་དེར་བཞུགས་གནས་གཙོ་བོ་མཛད། ས་གནས་དེ་ཉིད་ནི་ནང་པའི་ལོ་རྒྱུས་ནང་གྲགས་པའི་བཀའ་བསྡུ་གསུམ་པ་ཚུགས་སའང་ཡིན། ④བཙུན་པ་ཧྥ་ཤཱན་ཁོང་གིས་སྐབས་དེར་རྒྱ་ཡུལ་དུ་འདུལ་བའི་ཆོས་དཔེ་དེ་ཙམ་མེད་སྟབས། འདུལ་བའི་བསྟན་པ་ཉམས་དམའ་བ་དེ་ཉིད་དར་རྒྱས་ཆེན་པོ་ཡོང་བ་ཞིག་གནང་རྒྱུའི་ཐུགས་འདུན་བཅངས་ཏེ་སྔར་གྱི་ལོ་པཎ་ཇི་བཞིན་འཕགས་ཡུལ་དུ་ཕེབས་ཤིང་།⑤ ཕེབས་རྗེས་གནའ་སྔ་མོའི་སཾསྐྲྀཏའི་སྐད་ཡིག་ཐོག་གི་ནང་ཆོས་ཀྱི་མདོ་སྡེ་དང་། དམིགས་བསལ་དགེ་འདུན་པའི་འདུལ་ཁྲིམས་སྐོར་ཞིབ་ཚགས་ཀྱིས་སློབ་གཉེར་དང་། དཔེ་ཞུ་བཅས་གནང་ཆེད་པཊ་ན་ནས་སྐབས་དེའི་རྒྱ་གར་སྐད་ཡིག་ལ་སློབ་སྦྱོང་མཛད་ཡོད།⑥ གོང་ཞུས་དེ་དག་ལས། བཙུན་པ་ཧྥ་ཤཱན་ཁོང་གིས་ནང་པའི་བསྟན་པ་གནས་མི་གནས་ཀྱི་གཞི་རྩ་འདུལ་བའི་བསྟན་པ་གནས་མི་གནས་ལ་རག་ལས་པའི་བདེན་དོན་ཐུགས་ཀྱིས་ཟིན་ནས་ནང་པའི་ཆོས་སྤྱི་དང་སྒོས་སུ་འདུལ་བའི་བསྟན་པ་ལ་བརྩིས་ཆེ་བར་མཛད་པ་རྟོགས་ཐུབ། འདུལ་བའི་སྡེ་སྣོད་ནི་བསྟན་པའི་སྙིང་པོ་ཡིན་པས། དེ་ཉམས་པ་ན་བསྟན་པ་ཉམས་པ་དང་གཉིས་སུ་མེད་ཕྱིར། གླང་དར་མས་ཀྱང་གཙོ་བོ་འདུལ་བའི་བསྟན་པའི་གནས་གཞི་ཚང་མ་བཅོམ་པ་ལ་རྒྱུ་མཚན་ཆེན་པོ་ཡོད། གཞན་རྒྱ་ནག་གི་བླ་མ་ཐང་སན་ཙང་རྒྱ་གར་དུ་ཕེབས་པའི་དམིགས་ཡུལ་སོགས་ལ་གཞིགས་ནའང་དེ་ལྟར་ཡིན་ཏེ། དུས་རབས་དེ་དང་དེའི་དུས་སུ་ནང་ས་ན་ནང་པའི་ཆོས་ནི་སངྒེའི་ཕུང་པོ་ལ་འབུ་སྲིན་ཤོར་བ་བཞིན་དུ་གྱུར་ཡོད་སྟབས། བླ་མ་ཐང་སན་ཙང་ཁོང་གིས་དེ་ལེགས་པར་བཅོས་པའི་ཆེད་དུ་རང་སྲོག་འབེན་འཇོག་གི་དཀའ་བ་དང་དུ་བཞེས་ཏེ། རྒྱ་གར་ལ་ཕེབས་ཤིང་། གཙོ་བོ་སྡེ་སྣོད་གསུམ་ལས་འདུལ་བའི་སྡེ་སྣོད་རིན་པོ་ཆེ་གདན་ཞུར་བཅར་བའི་ཕྱིར། རང་རེ་བོད་ལ་མཚོན་ནའང་། བསྟན་པ་སྔ་དར་གྱི་སྐབས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྦ་གསལ་སྣང་མངགས་ནས་མཁན་ཆེན་བོ་དྷི་ས་ཏྭ་བོད་དུ་གདན་དྲངས།⑦ མཁན་པོ་འདི་པ་བོད་དུ་ཐེངས་གཉིས་གདན་དྲངས་པའི་ཐེངས་དང་པོར་ཟླ་བ་ཁ་ཤས་ལས་མ་བཞུགས་ཤིང་། བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང་རྨང་བཏིང་བ་ཙམ་ལས་མཛད་ལོང་མ་བྱུང་བར་བོད་ནས་བལ་ཡུལ་དུ་ཕྱིར་ཕེབས་དགོས་བྱུང་། དེ་རྗེས་སླར་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་མཉམ་དུ་གདན་དྲངས་ཏེ་བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང་། རྩིག་རྨང་འདིང་བ། གཙུག་ལག་ཁང་དངོས་སུ་བཞེངས་ནས་རབ་གནས་མཛད་པ་སོགས་གནང་བ་དང་། མཁན་པོའི་གསུང་བཞིན་བསམ་ཡས་གཙུག་ལག་ཁང་གི་བཟོ་བཀོད་ཀྱང་ཨོ་ཏན་ཏ་པཱུ་རིར་དཔེ་བྱས་ནས་བཞེངས་ཤིང་། མཚན་ལ་ལུགས་གསུམ་⑧མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་གསོལ། བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་རྗེས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་པ་དང་། སློབ་དཔོན་ཞི་བ་འཚོས་མཁན་པོ་མཛད་ནས་བོད་ཀྱི་སད་མི་བདུན་རབ་ཏུ་བྱུང་བ་སོགས། བོད་དུ་འདུལ་བའི་བསྟན་པའི་དབུ་དང་རབ་བྱུང་གི་སྡེ་ཐོག་མར་བཙུགས། དེ་ནི་སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་འདུལ་བའི་བསྟན་པ་ལ་རག་ལས་པའི་དགོངས་པ་མཐར་ཐུག་སྐྱོང་བའི་གཞི་ཚུགས་པ་ཡིན། སྐབས་དེའི་ཚེན། དཔལ་ནཱ་ལེནྡྲ་འདུལ་བའི་བསྟན་པའི་ཁུངས་བཅོལ་སར་མ་འཛིན་པར་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནས་འདུལ་བ་འཛིན་པ་གདན་དྲངས་པའི་གནད་ལ་དཔྱད་པ་བྱ་རྒྱུ་ཡོད་ཀྱང་འདིར་མི་གླེང་། ཕྱིས་སུ་བཙན་པོ་གླང་དར་མས་གཙོ་བོ་འདུལ་བའི་བསྟན་པ་བསྣུབས་པའི་རྐྱེན་གྱིས་དབུས་གཙང་དུ་བསྟན་པའི་མིང་ཙམ་ལས་མ་ལྷག་པས། ལྷ་བླ་མ་ཁུ་དབོན་གྱིས་འདུལ་བའི་བསྟན་པ་གསོ་བའི་ཆེད་དུ་ངལ་བ་ཆེན་པོ་དང་དུ་བླངས་པའི་མཛད་པ་བསམ་གྱིས་མི་ཁྱབ་པ་བསྐྱངས་ཡོད། དེ་ཡང་ལྷ་བླ་མའི་ཞལ་སྔ་ནས་སྔགས་ལོག་སུན་འབྱིན་གྱི་བསྟན་བཅོས་བོད་ཡུལ་དབུས་ཀྱི་སྔགས་པ་རྣམས་ལ་བརྫངས་ཏེ། “ད་ལྟ་ལས་ཟད་རྒྱལ་པོའི་ཁྲིམས་ཉམས་པས། །རྫོགས་ཆེན་མིང་བཏགས་ཆོས་ལོག་བོད་དུ་དར། །ལྟ་བ་ཕྱིན་ཅི་ལོག་གི་སར་ཐོགས་པ། །ཆོས་པར་མིང་བཏགས་སྔགས་ལོག་བོད་དུ་དར། །དེ་ཡིས་རྒྱལ་ཁམས་ཕུང་སྟེ་འདི་ལྟར་གྱུར། །སྒྲོལ་བ་དར་བས་ར་ལུག་དམྱལ་ཐག་གཅོད། །སྦྱོར་བ་དར་བས་མི་རིགས་འཆོལ་པར་འདྲེས། །སྨན་སྒྲུབ་དར་བས་ནད་པའི་གསོ་རྐྱེན་ཆད། །བམ་སྒྲུབ་དར་བས་དུར་སའི་མཆོད་པ་སྟོང་། །མཆོད་སྒྲུབ་དར་བས་མི་ལ་གསོན་སྒྲོལ་བྱུང་། །སྲིན་པོ་ཤ་ཟ་མཆོད་པས་མི་ནད་ཕྱུགས་ནད་བྱུང་། །མི་གསུར་དུད་པ་བཏང་བས་ཡུལ་གྱི་ལྷ་ཀླུ་འཕངས། །དེ་ལྟར་སྤྱོད་པ་ཐེག་ཆེན་ཡིན་ནམ་ཅི། །ཁྱེད་ཅག་གྲོང་གི་མཁན་པོ་སྔགས་པའི་སྤྱོད་ཚུལ་འདི། །རྒྱལ་ཁམས་གཞན་དུ་ཐོས་ན་གཞན་དག་ངོ་ཚའི་རྒྱུ། །ངེད་ཅག་སངས་རྒྱས་ཡིན་ནོ་ཟེར་བའི་སྤྱོད་པ་ནི། །ལམ་གྱི་སྲིན་པོ་བས་ནི་སྙིང་རྗེ་ཆུང་། །......སྡེ་སྣོད་གསུམ་གྱི་ཆོས་ལ་སྐུར་བཏབ་པས། །མནར་མེད་དམྱལ་བར་སྐྱེབ་སྙིང་རེ་རྗེ། །སྒྲོལ་བས་སྲོག་ཆགས་གསོད་པའི་རྣམ་སྨིན་གྱིས། །ལས་ཀྱི་སྲིན་པོར་སྐྱེབ་སྙིང་རེ་རྗེ། །......དེ་ལྟར་སྤྱོད་པའི་སངས་རྒྱས་ཨེ་མ་མཚར། །”ཞེས་སོགས་བོད་ཡུལ་གྱི་བསྟན་པའི་ནང་རྒྱུད་ལ་དགོངས་ནས་སྔགས་ལོག་གི་སྤྱོད་པ་མ་དག་པ་བཅོས་པའི་ཐབས་བསྐྱངས་པ་དང་། དེས་ཕན་ཆེན་པོ་མ་ཐོགས་པའི་དབང་གིས་དེ་རྗེས་འཕགས་ཡུལ་ནས་འདུལ་བའི་བསྟན་པས་གཙོས་མདོ་དང་སྔགས་ཀྱི་གཞུང་དང་དེ་དག་འཆད་པའི་པཎྜི་ཏ་མང་པོ་བོད་དུ་གདན་འདྲེན་པའི་མཛད་པ་རྒྱ་ཆེན་པོ་བསྐྱངས་ཡོད། དེ་ཡང་《 བུ་སྟོན་ཆོས་འབྱུང་》 ལས།“བཙན་པོ་ཁོར་རེས་རྒྱལ་སྲིད་གཅུང་སྲོང་ངེ་ལ་གཏད་ནས་རབ་ཏུ་བྱུང་སྟེ་མཚན་ཡེ་ཤེས་འོད་ཅེས་བྱའོ། །དེས་མཚན་ཉིད་ཀྱི་ཐེག་པ་བཀར་ཤེས་ཀྱང་། སྔགས་པ་རྣམས་ཀྱིས་སྦྱོར་སྒྲོལ་ལ་སོགས་པའི་སྤྱོད་ལོག་གིས་བཀའ་ཡིན་མིན་ཐེ་ཚོམ་དུ་གྱུར་ཏེ། རིན་ཆེན་བཟང་པོ་ལ་སོགས་པ་ཁྱེའུ་ཉི་ཤུ་རྩ་གཅིག་བརྫངས་ནས་རྒྱ་གར་དུ་ཆོས་སློབ་ཏུ་བཏང་པ་ལ་......རིན་ཆེན་བཟང་པོ་སྔགས་མཚན་ཉིད་ཐམས་ཅད་ལ་མཁས་པར་གྱུར་ཏེ། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝ་རྨ་དང་།......ཀ་མ་ལ་གུཔྟ་ལ་སོགས་པ་སྤྱན་དྲངས་ཏེ་མཚན་ཉིད་ཀྱི་ཐེག་པ་དང་། རྒྱུད་སྡེ་བཞི་ག་བསྒྱུར། ཁྱད་པར་ཡོ་ག་དང་གསང་འདུས་མང་པོ་བསྒྱུར་ཅིང་སྔགས་གཏན་ལ་ཕབ། པཎྜི་ཏ་དྷརྨ་པཱ་ལ་དང་པྲཛྙཱ་པཱ་ལ་སྤྱན་དྲངས་ཏེ་ཞང་ཞུང་བ་རྒྱལ་བའི་ཤེས་རབ་ཀྱིས་སྡོམ་པ་བླངས་ཤིང་བལ་པོར་བྱོན་ནས་འདུལ་འཛིན་པྲེ་ཏ་ཀ་ལ་འདུལ་བའི་ལག་ལེན་ཞུས། དེའི་སློབ་མ་དཔལ་འབྱོར་དང་། ཞིང་མོ་ཆེ་བ་བྱང་ཆུབ་སེངྒེ་ལ་སོགས་པ་ལས་བརྒྱུད་དེ་འདུལ་བ་སྟོད་ལུགས་ཀྱི་བཤད་པ་དར་རོ་”⑨ཞེས་གསུངས་པ་ལྟར། སྐབས་དེ་དུས་བསྟན་པ་གསོ་བའི་དབུ་ཚུགས་ནའང་ཉམས་ནས་ཡུན་རིང་སོང་བ་དང་། བོད་དུ་གཅིག་གྱུར་གྱི་སྲིད་དབང་དང་ཁྲིམས་མེད་པའི་དབང་གིས། དགེ་འདུན་གྱི་ནང་ཁྲིམས་ཉམས་པ་དང་། གསང་སྔགས་ཀྱི་མིང་བཏགས་པའི་སྦྱོར་སྒྲོལ་ཟེར་བའི་ཆོས་ལོག་ཅིག་གིས་སངས་རྒྱས་ཀྱི་བསྟན་པ་སྦལ་པ་རྨ་ཅན་ལྟ་བུར་བཟོས་པའི་ཚེ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཐུགས་ནས་མ་བཟོད་པར་སྔགས་ལོག་སུན་འབྱིན་གྱི་ཡི་གེ་སོགས་སྤེལ་གནང་ནའང་ཕན་ཆེན་པོ་མ་ཐོགས་པར་བརྟེན། སླར་ཡང་བོད་ཡུལ་གྱི་བསྟན་པར་ཞུ་དག་གཏོང་དགོས་པར་དགོངས་ནས་གསེར་མང་པོའི་འབུལ་བ་དང་བཅས་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་རྒྱ་གར་དུ་པཎ་གྲུབ་བྱེ་བའི་གཙུག་རྒྱན་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན་གདན་འདྲེན་པར་མངགས་ཀྱང་ཞུ་མ་ཐུབ། དེ་དག་གིས་ཀྱང་ཁོང་གི་ཐུགས་སྟོབས་མ་ཉམས་པར་ད་དུང་ཁོང་སྐུ་ངོ་མས་གསེར་འཚོལ་དུ་ཕེབས་པས་མུ་སྟེགས་མཐའ་འཁོབ་ཀྱི་རྒྱལ་པོས་འཛིན་བཟུང་བྱས་ཏེ་བཙོན་དུ་བཅུག སྐུ་ལུས་ཀྱི་རྩ་སྒོ་ཐམས་ཅད་མེར་བསྲེགས་པ་སོགས་མནར་གཅོད་ཚད་མེད་པའི་འོག་ཏུ་མཐར་སྐུ་གཤེགས། ཁོང་གི་ཞལ་ཆེམས་ལྟར་ཚ་བོ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་སླར་ཡང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་མངགས་ནས་ཇོ་བོ་རྗེ་བོད་དུ་གདན་ཞུ་གནང་བར། རྒྱ་གར་གྱི་རྒྱལ་པོ་དང་བི་ཀྲ་མ་ཤཱི་ལའི་མཁན་པོ་རཏ་ནཨ་ཀ་ར་བཅས་པས་བོད་དུ་ལོ་གསུམ་བཞུགས་ཆོག་པའི་གནང་བ་ཐོབ་པ་ལྟར། ཇོ་བོ་རྗེ་དགུང་ལོ་ང་དགུ་པ་རབ་བྱུང་དང་པོའི་ལྕགས་འབྲུག་ལོ་སྟེ། སྤྱི་ལོ་༡༠༤༠ལོར་བལ་ཡུལ་བརྒྱུད་ནས་མངའ་རིས་སུ་ཕེབས། ལམ་བར་དུ་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་སྐུ་གཤེགས་པར་ཇོ་བོས། ད་ངའི་ལྕེ་ཆད་སོང་། བོད་ལ་བརྩོན་འགྲུས་སེངྒེ་མི་འཆི་བའི་བསོད་ནམས་ཤིག་ཀྱང་མི་འདུག་ཅེས་ཐུགས་སྐྱོ་བ་མཛད། ནག་ཚོ་ལོ་ཙཱ་བ་སྐུ་ན་ཆུང་བས་གནས་ལུགས་ཆེན་པོ་ཞིག་ཞུ་མ་ཕོད་པར་ཐབས་མཁས་ཀྱིས། དེ་སྐད་མི་གསུངས་པར་ཞུ། ད་དུང་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་བཞུགས་པ་མ་ཟད། ངས་ཀྱང་ལོ་ཙཱ་ཕྲན་བུ་ཤེས་ཞེས་སོགས་ཞུས་པས། ཇོ་བོ་རྗེ་ཐུགས་དགྱེས་ནས། ལོ་ཙཱ་བ་གཞན་ཀུན་ལས་ཁྱེད་རང་དྲག་ནས་འོང་། ངས་ཁས་སློབས་བྱས་པས་ཆོག་ཅེས་པ་སོགས་གསུང་ཚུལ་ཇོ་བོའི་རྣམ་ཐར་དག་ཏུ་གསལ། དེ་ལྟར་ཇོ་བོ་རྗེ་བལ་ཡུལ་ནས་མངའ་རིས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་བྱོན་དུས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཇོ་བོར་ཆེད་དུ་བསུ་བ་རྒྱ་ཆེན་པོ་བྱས་ཤིང་། རིམ་གྱིས་དབུས་སུ་བྱོན་རྗེས་སློབ་མ་ཁུ་རྔོག་འབྲོམ་གསུམ་ལ་གདམས་པ་དང་ཆོས་མང་པོ་གནང་། ཁྱད་པར་འབྲོམ་ལ་བཀའ་གདམས་ཀྱི་ཆོས་ལུགས་གནང་སྟེ་བསྟན་པ་དར་བར་མཛད། སྐབས་དེར་ཇོ་བོས་ནི་ལྟ་ཅི་སྨོས། ལོ་ཙཱ་བ་རིན་ཆེན་བཟང་པོས་ཀྱང་སྔགས་ལོག་སུན་འབྱིན་གྱི་ཐད་མངའ་རིས་སུ་ཀླུ་སྐར་རྒྱལ་བཏུལ། སྔགས་ལོག་སྤྱོད་པ་རྣམས་ཆོས་ཀྱིས་སུན་ཕྱུང་སྟེ་ཉེ་རྒྱུའི་སྒྲུབ་པ་མཛད་དེ་མཁའ་སྤྱོད་དུ་གཤེགས་པར་གྲགས་སོ།
གཞན་ཡང་དུས་སྐབས་དེར་བལ་པོའི་ལོ་ཙཱ་བ་པདྨ་རུ་རྩེ་ཞེས་པ་ཞིག་མངགས་ནས་རྒྱ་གར་གྱི་པཎྜི་ཏ་སྨྲྀ་ཏི་དང་ཕྲ་ལ་རིང་བ་གཉིས་ཀྱང་བོད་དུ་གདན་དྲངས་པ་སོགས་ཀྱང་སྐབས་དེའི་ནང་རྐྱེན་ལ་གཟིགས་ནས་ཆེད་དུ་གདན་དྲངས་པ་ཞིག་ཡིན།《བུ་སྟོན་ཆོས་འབྱུང་》ལས། “ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་པཎྜི་ཏ་སྨྲོ་ཏི་དང་། ཕྲ་ལ་རིང་བ་བྱ་བ་གཉིས་བལ་པོ་པད་མ་རུ་རྩེ་བྱ་བས་གདན་དྲངས་འོངས་པས། ལོ་ཙཱ་བ་བལ་པོར་ཕོ་ལོག་གིས་ཤི་སྟེ་པཎྜི་ཏ་གཉིས་པོས་བོད་སྐད་མི་ཤེས་པས་དབུས་གཙང་ན་མར་འཁྱམས་ཏེ། སྨྲྀ་ཏིས་རྟ་ནག་ཏུ་ལུག་རྫི་མཛད། ཕྱིས་དཔྱལ་སེ་རྩ་བ་བསོད་ནམས་རྒྱལ་མཚན་གྱིས་སྨན་ལུང་དུ་སྤྱན་དྲངས་ཏེ་ཆོས་ཞུས་”⑩ཞེས་གསུངས་ལ། སྐབས་དེར་ངུ་བྲོ་བ་གསུམ་དང་དགོད་བྲོ་བ་གསུམ་གྱི་གཏམ་རྒྱུད་ཡོད་པའི་ཚུལ་ལས་སྔོན་གྱི་ལོ་ཙཱ་བ་དང་པཎྜི་ཏ་རྣམ་པས་བསྟན་པ་རིན་པོ་ཆེ་དང་། སྒོས་སུ་འདུལ་བའི་བསྟན་པའི་ཆེད་དུ་རང་སྲོག་འབེན་འཇོག་གི་དཀའ་བ་དང་དུ་བཞེས་པའི་སེམས་བསྐྱེད་མངོན་པར་མཚོན་ཡོད།
ནང་བསྟན་གྱི་ཆུ་འགོ་རྒྱ་གར་དང་། སྒོས་སུ་དཔལ་ནཱ་ལེནྡྲར་གཏུགས་དགོས་པ་དེ་ནི་གཙོ་བོ་དཔལ་ནཱ་ལེནྡྲའི་སློབ་གཉེར་གྱི་སྒྲིག་གཞི་དང་དགེ་འདུན་གྱི་ནང་ཁྲིམས་གཙང་བས་ཡིན་ཞིང་། སྤྱོད་ལམ་གྱི་ཐོག་ནས་སྒྲིག་གཞི་དམ་པོ་ཡོད་པའི་རྐྱེན་གྱིས་སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་བསྟན་པ་དགུང་དུ་བཏེགས་པའི་མཚན་སྙན་རྒྱས་ཏེ་རྒྱ་གར་གྱི་ཡུལ་གྲུ་ཀུན་གྱི་སྤྱོད་ལམ་གྱི་མིག་ལྟོས་དང་ཚད་གཞིར་འཛིན་ས་ཞིག་ཏུ་གྱུར། སྤྱིར་རྒྱ་གར་གྱི་ནང་པ་ཚང་མས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པར་གཅེས་སྲུང་མིག་བཞིན་ཞུས་པ་དང་། ཕྱིས་སུ་སློབ་དཔོན་ཡོན་ཏན་འོད་ཀྱིས་ཀྱང་ནཱ་ལེནྡྲ་ཡི་འདུལ་བའི་བསྟན་པར་ནན་ཏན་ཆེན་པོས་གཟིགས་སྐྱོང་གནང་བའི་བཀའ་དྲིན་གྱིས་དཔལ་ནཱ་ལེནྡྲ་ནི་མཁས་བཙུན་བཟང་གསུམ་གྱི་ཁྱད་ཆོས་མངོན་པར་འཕགས་པའི་གཙུག་ལག་སློབ་གྲྭ་ཞིག་ཏུ་གྱུར་པ་ཡིན། གཙུག་ལག་སློབ་གྲྭ་དེ་རུ་དམ་པའི་ཆོས་འདུལ་བའི་བཅས་མཚམས་ལ་ཅི་ཙམ་གྱིས་གལ་ཆེན་ཞིག་ཏུ་བརྩི་མིན་ནི། ཐེངས་ཤིག་“གནས་བརྟན་ཚུལ་ཁྲིམས་དག་པ་ཞིག་གིས་སྦྱིན་བདག་གི་ཆུང་མ་ལ་གསོལ་རས་འདྲ་སྩལ་བར་ཅུང་ཟད་ཁ་ཟེར་བ་ཐོས་ནས་ཀྱང་གནས་སྤངས་ཏེ་གཤེགས་གསུངས་”⑾ཞེས་དགོན་པའི་མཚན་སྙན་ལ་བསམས་ནས་གནས་དབྱུང་བྱས་པའི་གནས་ཚུལ་གསལ་བ་དང་། དེ་བཞིན་མར་པའི་རྣམ་ཐར་ནང་དུའང་མངའ་བདག་མེ་ཏྲི་བ་ནཱ་ལེནྡྲར་བཞུགས་སྐབས་མཁའ་འགྲོ་མས་གནང་བའི་དམ་རྫས་ཀྱི་ཆང་ཞིག་ཉར་ཡོད་པ་དེར་དགེ་འདུན་པ་འགའ་རེས་མེ་ཏྲི་བས་ཆང་འཐུང་གི་ཡོད་སྟབས་ཁོང་དགོན་པར་ཉར་མི་རུང་བའི་དགོངས་ཚུལ་ཞུས་པར། སྐབས་དེར་ནཱ་ལེནྡྲའི་སྒྲིག་ལམ་ལ་གཟིགས་རྟོག་གནང་མཁན་ཇོ་བོ་རྗེས་མེ་ཏྲི་བ་གནས་ནས་བསྐྲད་ཅེས་པའི་ལོ་རྒྱུས་ཡོད་པ་ལྟ་བུས་མཚོན་སྒྲིག་ཁྲིམས་ནན་པོ་ཡོད་སྟབས། དཔལ་ནཱ་ལེནྡྲའི་དགེ་འདུན་པའི་སྤྱོད་ལམ་གཙུག་ཏུ་བཀུར་འོས་པ་ལ་ནི་ཚད་མེད་པ་ཞིག་ཡིན། དཔལ་ནཱ་ལེནྡྲའི་ཆོས་ཀྱི་དབུ་ཁྲིད་ནི་མཁན་པོ་ཡིན་ཞིང་། མཁན་པོས་ཆོས་འཆད་ཉན་ལ་བདག་གཉེར་གནང་དགོས་པ་མ་ཟད། དགེ་འདུན་པས་ཆོས་འདུལ་བའི་བཅས་མཚམས་དང་འགལ་བའི་སྤྱོད་ལམ་འདྲ་མིན་བྱེད་ཀྱི་ཡོད་མེད་ལ་གཟིགས་རྟོག་དང་སྦྲགས། ཚུལ་མིན་བྱ་སྤྱོད་སྤེལ་མཁན་ཡོད་ཚེ་གནས་ནས་སྐྲོད་ཆོག་པའི་དབང་ཆ་ཡང་ཡོད། དེའི་ཐོག་ནས་དགོན་སྡེའི་སྒྲིག་གཞིའི་ནང་མཁན་པོར་ཐོབ་ཐང་ཆེན་པོ་ཡོད་པ་མཚོན་ཐུབ་ལ། སྒོས་སུ་ཆོས་འདུལ་བའི་བཅས་མཚམས་ལ་བརྩི་འཇོག་བླ་མེད་བྱེད་ཀྱི་ཡོད་པ་མངོན་ཐུབ།
དང་པོ། འཛམ་གླིང་གི་གཙུག་ལག་སློབ་གྲྭ་ཆེན་མོ་དཔལ་ནཱ་ལེནྡྲའི་ལོ་རྒྱུས་མདོར་བསྡུས།
དཔལ་ནཱ་ལེནྡྲ་ཞེས་མཚན་གྱི་སྙན་པ་ས་ཆེན་པོའི་རྒྱན་དུ་གྱུར་པ་དེའི་བྱུང་རབས་དང་ལོ་རྒྱུས་གསལ་པོ་ཞིག་རྙེད་པར་དཀའ་བ་ནི་རྒྱ་གར་རང་གི་ལོ་རྒྱུས་སུའང་གསལ་ཁ་ཆེན་པོ་མེད་པ་དེང་རབས་དངོས་གཙོ་ལོ་རྒྱུས་ཆེད་མཁས་པ་དག་གི་ཞལ་སྒྲོས་སུའང་སྣང་ལ། ལོ་རྒྱུས་ཙམ་སྨྲ་བའི་བློ་གྲོས་ཅན་དག་གི་ཁུངས་བཅོལ་སའང་ཕྱི་ནས་གནས་མཇལ་དུ་ཕེབས་པའམ་སློབ་གཉེར་ལ་ཕེབས་པའི་ཐོས་བརྩོན་པ་འགའ་རེའི་གསུང་ཟིན་ཙམ་མ་གཏོགས་མེད་པས་ཡིན། དེས་ན་རྒྱའི་བཙུན་པ་ཐང་སན་ཙང་གིས་བརྩམས་ཤིང་། གུང་མགོན་པོ་སྐྱབས་ཀྱིས་བོད་ཡིག་ཏུ་བསྒྱུར་བའི་《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་》ཅེས་པ་དང་། 《བཙུན་པ་ཨུ་ཅིང་གི་ལམ་ཡིག་》《ཆག་ལོ་ཙཱ་བའི་ལམ་ཡིག་》དགེ་ཆོས་ཀྱི་《གསེར་ཐང་》 རག་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་དང་བཀྲས་མཐོང་བསྟན་འཛིན་ཆོས་རྒྱལ་རྣམ་གཉིས་ཀྱིས་དབྱིན་སྐད་ནས་བསྒྱུར་བའི་《སངས་རྒྱས་པའི་རྒྱལ་ས་རྣམས་ཀྱི་དེབ་ཐེར་》ཞེས་པ་སོགས་ནི་ཤིན་ཏུ་རིན་ཐང་བྲལ་བའི་ཡིག་ཆ་འབའ་ཞིག་ཡིན་ཕྱིར། ཕྱིས་ཀྱི་དཔལ་ནཱ་ལེནྡྲར་ཞིབ་འཇུག་གནང་མཁན་གྱི་མཁས་པ་དག་གིས་ཀྱང་གཙོ་བོ་དཔེ་ཆ་དེ་དག་ལ་གཞི་བཅོལ་ཞིང་ལོ་རྒྱུས་ཆོས་འབྱུང་གཞན་དག་ལས་ཟུར་བརྒྱན་ནས་སྨྲ་བར་སྣང་ངོ།
དངོས་གཙོ་བརྟག་ཐབས་སྨྲ་བ་རྣམས་ཀྱིས་རྒྱལ་རབས་དང་དུས་རབས་ལོ་ཚིགས་སོགས་གང་རུང་ཞིག་ཐག་གཅོད་བྱེད་པའི་ཚེ། དུས་སྐབས་དེར་རྡོ་རིང་དང་ལྕགས་ཀྱི་ཀ་བ་ལྟ་བུར་བྲིས་པ་ཞིག་ཡིན་ན་ཁས་མི་ལེན་ཐབས་མེད་དང་། དེ་མིན་ཐབས་ཟད་ཚེ་ས་ཁམས་དང་། རྒྱུ་རྫས། དུར་ས། ཁང་ཤུལ་ལ་སོགས་དངོས་པོ་གང་རུང་མིག་གིས་རིག་རྒྱུ་ཡོད་པ་དང་ལག་པས་རེག་རྒྱུ་ཡོད་པ་དག་གཞིར་བྱས་ནས་ཚུར་མཐོང་མིའི་རིག་པ་ལ་གང་ཤར་བདེན་པར་བརྩི་བ་ལས། སྔོན་གྱི་ལུང་བསྟན་དང་ཐུན་མོང་མ་ཡིན་པའི་འཆར་སྣང་ཐམས་ཅད་ཐེ་ཚོམ་གྱི་གཞིར་བྱེད་པས། དམ་པའི་ལྷ་ཆོས་སུ་བྱུང་བའི་རྒྱལ་རབས་ལོ་ཚིགས་དག་ཀྱང་དངོས་གཙོ་བརྟག་ཐབས་སྨྲ་བ་རྣམས་ཀྱི་ལུགས་དང་མཐུན་ཅི་ཐུབ་ལས་མི་མཐུན་པ་དག་འཐད་ལྡན་དུ་མི་འདོད། ཡིན་ཡང་མཐའ་ལ་མ་ལྷུང་བའི་ལྟ་བ་དབུ་མར་གནས་པ་ཞིག་ལ་ཀུན་གྱིས་རེ་ལྟོས་བྱེད་ཕྱིར། གནད་དོན་ངོ་མའི་གདོང་གི་གཉེར་མ་འཚོལ་བའི་ཐབས་སུ་ལུང་རྣམ་པར་དག་པའི་དཔུང་ལ་སྐྱབས་བཅོལ་ནས་སྐབས་དོན་རིགས་པས་བརྡར་ཤ་མ་ནོར་བ་ཞིག་དང་དུ་ལེན་རྒྱུ་གལ་ཆེ་བར་མཐོང་།
ནཱ་ལེནྡྲ་ཞེས་པའི་མཚན་གྱི་ལོ་རྒྱུས་སྐོར་ལ་《ཧྥ་ཤཱན་ལམ་ཡིག་》ཏུ “ལྷའི་དབང་པོ་རྒྱ་བྱིན་གྱིས་རྡོའི་སྟེང་དུ་སོར་མོས་གཏུགས་ཤིང་སྤྱོད་པ་རྣམ་གཉིས་སོ་སོར་དྲིས་པ་ལས། རི་མོ་དེ་དག་གི་རྗེས་ཤུལ་ནི་ད་ལྟའང་བཞུགས་འདུག གནས་འདིར་དགོན་པ་ཡོད་དོ། ། དེ་ནས་ལྷོ་ནུབ་ཀྱི་ཕྱོགས་སུ་དཔག་ཚད་གཅིག་ཏུ་འགྲོ་བས་ན་ནཱ་ལཱམྡཱའི་གྲོང་བརྡལ་དུ་ཕྱིན་ལ། འདི་ནི་ཤཱ་རི་བུའི་འཁྲུངས་ཡུལ་ཡིན་ནོ་”⑿ཞེས་བྱུང་བ་དང་།《ཐང་སན་ཙང་གི་ལམ་ཡིག་》ཏུ། “རྒྱལ་པོའི་ཁབ་ཀྱི་བྱང་ཕྱོགས་སུ་རྒྱང་གྲགས་སུམ་ཅུ་ཙམ་བགྲོད་པ་ན་གཙུག་ལག་ཁང་ཆེན་པོ་ན་ལེནྡ་སྟེ་སྦྱིན་པས་མི་ངོམས་པའི་དགོན་པ་ཡོད་དོ། །དེ་ཐོག་མར་ཨ་མྲའི་ནགས་ཚལ་ཆེན་པོ་ཞིག་སྟེ། ཚོང་པ་ལྔ་བརྒྱས་རིན་གྱིས་ཉོས་ནས་སྟོན་པ་ལ་ཕུལ་བ་”⒀ཞེས་བྱུང་བ། ཡང་《གཏམ་རྒྱུད་གསེར་ཐང་》དུ། “ནཱ་ལེནྡྲ་ནི་རང་རེའི་འདུལ་བར་ནཱ་ལ་ད་ཞེས་བྱུང་ཞིང་། བྲམ་ཟེ་སྐར་རྒྱལ་ལ་རྒོལ་བའི་བ་དན་དུ་ཐོབ་པ་གསུངས་ཀྱང་མིང་དོན་ནི་མི་གསལ། ཁ་ཅིག་གིས་དགོན་གནས་དང་ཉེ་བའི་མཆེའུ་དེ་ན་ཀླུ་ནལ་བྱ་བ་ཡོད་པས་དེ་སྐད་མིང་དུ་གྲགས་ཟེར། ཡང་བྱང་སེམས་གྲོང་འདིར་བཞུགས་པ་ཞིག་གིས་སྦྱིན་པ་བྱིན་ཏེ་ཟད་ནས་ཅུང་ཟད་ངན་པ་དག་ཀྱང་བྱིན་པས། ནཱ་ལེནྡྲ་སྟེ་མི་ཆོག་སྦྱིན་བྱ་བ་ཡིན་ཟེར། ཨ་ལམ་མ་འདིང་བ་དང་མི་ཆོག་པའི་དོན་ཡིན་མོད། འདི་ངན་པ་བཟང་སྦྱིན་བྱ་བའི་མིང་དེ་ཀ་རང་ཡིན་ནམ་ཡང་སྙམ་མོ། །གཞན་ཡོངས་སུ་གྲགས་པ་ནི་འདམ་བུ་སྦྱིན་ཞེས་བསྒྱུར་བ་དེ་ཡིན་”⒁ཞེས་གསུངས་ལ། “སྟོན་པ་ཞལ་བཞུགས་དུས་ཆོང་པ་ལྔ་བརྒྱ་ཙམ་གྱིས་གནས་དེར་དབྱར་ཞལ་བཞེས་མཛད། མཆོག་ཟུང་གཉིས་ཀའི་འཁྲུངས་ས་དང་འདས་ས་ཡང་འདིའི་ཉེ་འཁོར་ཅི་རིགས་པར་ངོས་འཛིན་མཛད། ལྷོ་ངོས་ཀྱི་ནགས་ཚལ་ན་ཚངས་དཱ་བའི་མདོ་གསུངས་པའི་གནས་ཡོད་གསུངས་ཀྱང་དེང་སང་ངོས་ག་ལ་ཟིན་”⒂ཞེས་ཀྱང་གསུངས། དེ་མིན་ཁ་ཅིག་གིས་ཡུལ་འདིར་སྔོན་དུས་སུ་མེ་ཏོག་པདྨའམ་ཆུ་སྐྱེས་མང་པོ་ཡོད་སྟབས་གནས་དེ་ནས་མེ་ཏོག་པདྨ་ཐོབ་ཐུབ་པར་བརྟེན་གནས་པདྨ་བསྩལ་ཟེར་བ་དང་། དེ་བཞིན་དུ་པདྨ་དེ་ཆུའི་ཁར་ཕར་ཚུར་བསྐྱོད་པར་བརྟེན་པདྨ་བསྐྱོད་པའི་གནས་ཞེས་པའི་དོན་ཡིན་ཡང་ཟེར། ཡང་ཁ་ཅིག་གིས་ཨ་མྲའི་སྡོང་པོར་ནཱ་ལཱམྡཱ་ཟེར་སྟབས་དེ་དགོན་པའི་མིང་དུ་ཆགས་པ་ཡིན་ཡང་ཟེར། གཞན་དུ་“ནཱ་ལནྡཱ་ཞེས་པ་མིའི་དབང་པོ་རྒྱལ་པོས་བཞེངས་པས་དེ་སྐད་གྲགས་”⒃ཞེས་བྱུང་བ་དང་། 《རིན་ཆེན་ཕྲེང་བ་》རུ། སྔོན་གྱི་རྒྱལ་པོས་ཆོས་ཀྱི་གཞི་ཞེས་གསུངས་པའང་དོན་གྱིས་ཆོས་ཀྱི་སྦྱིན་པ་གནང་སའི་ཡུལ་ཞིག་ཏུ་གྱུར་བར་ངོས་འཛིན་བྱས་པ་སོགས། གང་ལྟར་ནའང། ནཱ་ལེནྡྲ་ཞེས་པ་ཡུལ་དང་གནས་ཀྱི་མིང་དགོན་པར་ཆགས་པ་ཞིག་ཡིན་པ་རིགས་པས་འདེད་ནུས་པར་སེམས།
ནཱ་ལེནྡྲ་ཏུ་རུ་ཀའི་དམག་གིས་བཅོམ་བཞིན་པའི་སྐབས་ཤིག་ཆག་ལོ་ཙཱ་བའི་བླ་མ་དར་ཧུ་ལ་ཤྲི་བྷ་དྲ་དཔལ་སྒྲ་གཅན་འཛིན་རྣམ་གཉིས་ཀྱང་འབྲོས་པའི་གྲོས་ཞུས་ཀྱང། “བླ་མས་ཁྱེད་རང་རྣམས་བྲོས་ཤིག ང་ལོ་དགུ་བཅུ་ལྷག་སོང་བས་ཐར་ཡང་མི་ཐར། འབྲོས་ཀྱང་མི་འབྲོས་གསུངས། སློབ་མ་གཞན་རྣམས་བྲོས། ཆོས་རྗེ་ལོ་ཙཱ་བ་གཅིག་པུ་བླ་མ་ལ་ཆགས་ནས་བཞུད་མ་ཕོད། བླ་མ་ལ་གཤེགས་པར་ཞུས་པས། ཁྱོད་བོད་ཀྱི་མི་ཞིག་ང་ལ་ཆགས་ནས་སྡོད་པ་གླེན། ཡུལ་མི་སློབ་མ་རྣམས་ཀྱང་འབྲོས་པ་ལ་ཁྱོད་མི་འབྲོས་པ་གསད་ཡོང་གསུངས་ནས་བཀའ་བཀྱོན་ཏེ། མི་བཞུད་ན་ང་གསོད་ཀྱང་མི་འགྲོ་ཞུས་པས། མཉེས་ནས་ཁྱོད་དམ་ཚིག་ཅན་འདུག་འོར་ཆེ། ད་ཁྱོད་ཀྱིས་ཁུར་ན་ཐེག་གམ། ཐེག་ན་འུ་ཅག་གཉིས་འབྲོས་སོ་གསུངས། བླ་མ་ཁུར་ནས་ཀ་བ་ལ་བསྐོར་བ་མཛད་པས། བླ་མའི་ཞལ་ནས་ཐེག་པར་འདུག ཐག་རིང་པོ་མི་ཐར་ཏེ། ང་ལ་ཐབས་ཡོད་ཀྱི་གསུངས་ནས་ལྷོ་ནུབ་ཕར་ཚད་ན་མགོན་ཁང་ཡོད་ས་དེར་བྱོན་ཏེ། བླ་མའི་ཞལ་ནས། ཡེ་ཤེས་ཀྱི་མགོན་པོ་འདི་དུར་ཁྲོད་བསིལ་བའི་ཚལ་དུ་རྡོ་ལ་རང་བྱོན་དུ་བྱོན་པ་ལ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་བརྙེས་ནས་སྤྱན་དྲངས་ཏེ་བཞུགས་སུ་གསོལ་བ་ཡིན་གསུངས་”⒄ཞེས་པར་གཞིགས་ན། སྔོན་དུས་ནས་གནས་དེར་ནཱ་ལེནྡྲ་ཟེར་བ་མ་ཟད། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱང་གདན་ས་དེར་བཞུགས་མྱོང་བ་སོགས་ཀྱི་ལོ་རྒྱུས་ཤིག་ཀྱང་གསལ་བ་ནི་དངོས་གཙོ་བརྟག་ཐབས་སྨྲ་བ་རྣམས་ཀྱི་ལོ་རྒྱུས་དང་རིང་དུ་གྱུར་འདུག
གཉིས་པ། དངོས་གཙོ་བརྟག་ཐབས་སྨྲ་བ་རྣམས་ཀྱིས་འདོད་པའི་དཔལ་ནཱ་ལེནྡྲའི་ཐོག་མའི་དར་རིམ།
《ཐང་སན་ལམ་ཡིག་》ཏུ། རྒྱལ་པོ་ལོ་ཀཱ་ཏེ་རྒྱ་སྟེ། འཇིག་རྟེན་ཉི་མ་ཟེར་བ་ཐེག་པ་གཅིག་པུ་ལ་མོས་ཤིང་དཀོན་མཆོག་ལ་དད་མོས་ཆེ་བ་ཞིག་ཡོད་པ་དེས་སངས་རྒྱས་ཀྱི་བསྟན་པ་ཡུན་དུ་དར་བའི་ས་གཞི་བཟང་པོ་ཞིག་ཏུ་དགེ་འདུན་གྱི་ཆོས་གྲྭ་འཛུགས་པར་འདོད་ནས་རིས་མེད་ཀྱི་ས་དཔྱད་མཁན་ལ་ས་འཚོལ་བའི་རེ་བ་བཅོལ་བར། གྲངས་ཅན་པའི་ས་དཔྱད་མཁས་པ་ཞིག་གིས་ས་དེ་འདྲ་ཞིག་རྙེད་དེ། རྒྱ་གར་གྱི་ས་ཕྱོགས་ལྔ་ཀར་དེ་དང་མཉམ་པའི་ས་ཕྱོགས་ནི་མེད། དེར་དགོན་པ་བཏབ་ན་དགེ་འདུན་རྣམས་ཐུགས་མཐུན་ཞིང་བསླབ་སྦྱངས་ལ་མཁས་པར་འགྱུར་ལ། དུས་རྒྱུན་ཚོང་པ་བཟང་པོ་མི་ཆད་པར་འདུ་བར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར། གཙུག་ལག་ཁང་ཐོག་མའི་ཨར་ལས་འཛུགས་སྐབས་ཀླུ་ལ་གནོད་ཕོག་པས། དགེ་འདུན་ལ་ཁྲག་སྐྱུག་པའི་ནད་མང་ཙམ་བྱུང་བའི་སྐོར་གསལ་བ་དང་།⒅ ཡང་སྐྱེས་སར་ཀླུ་སྒྲུབ་ཀྱིས། དེང་དུས་ཀྱི་ལོ་རྒྱུས་ཀྱི་ཉམས་ཞིབ་མཁས་ཅན་དེ་རིགས་ཀྱིས་གུཔྟའི་རྒྱལ་པོ་ཤ་ཀཱ་དི་ཏཡའི་(Sakraditya)མཐུན་འགྱུར་ལ་བརྟེན་ནས་ནཱ་ལཱཎྡཱའི་ ཆོས་སྡེ་བཞེངས་པ་ཡིན་ཚུལ་ཐང་སན་ཙང་གི་ལམ་ཡིག་བོད་ཡིག་ནང་ཡོད་པ་དེ་དང་དེ་ཉིད་དབྱིན་ཡིག་ནང་ལུང་འདྲེན་བྱེད་བཞིན་པ་གཉིས་ཀར་མི་འདྲ་ས་ཅུང་ཙམ་ཡོད་པར་གསུངས་ལ།⒆ ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་དེ་ཉིད་གསར་བཞེངས་བྱེད་པོ་ནི་གུཔྟའི་རྒྱལ་རབས་ནང་གི་ཀུམཱར་ཀུཔྟ་དང་པོ་དེ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད་ཅེས་པའི་ཐད་ཀྱི་ལོ་ཚིགས་བཀོད་པ་ནི། “ ཀུམཱར་ཀུཔྟ་(༤༡༥ནས་༤༥༥)དང་། དེ་རྗེས་ཀུམཱར་ཀུཔྟའི་ཚ་བོ་བུདྡྷ་ཀུཔྟ་(༤༧༦ནས་༤༩༦) དེ་མཚུངས་ཏཐགཏ་ཀུཔྟ། བཱ་ལཱ་དི་ཏཡ་(༤༦༧ནས་༤༧༣)བཅས་ཀྱི་སྲིད་འཛིན་ལོ་དུས་ཏེ། དུས་རབས་ལྔ་པའི་ནང་བྱུང་བ་ཞིག་ཡིན། ཐང་སན་ཙང་གི་ལམ་ཡིག་ནང་སྒྱུ་མའི་ཉི་མ་ཞེས་གསལ་བ་འདིའི་སྐབས་སུ་ཐང་སན་ཙང་རྒྱ་གར་དུ་སླེབས་པ་དང་ཁོང་དང་མཆོད་ཡོན་དུ་གྱུར་པ་ཞིག་ཡིན་”ཞེས་གསལ་བ་ལྟར་ཡིན། མཁས་དབང་དགེ་ཆོས་ཀྱིས། “ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཤཀྲིའིདིཏྱ་སྟེ་རྒྱལ་པོ་གཞོན་ནུ་སྦས་པ་དང་པོ་དང་གཅིག་པར་བྱེད། དེ་ལྟར་ན་གཙུག་ལག་ཁང་ཆེར་བསྐྱེད་པའི་མགོ་བཙུགས་པ་ཡིན་གྱི་དགོན་གནས་སྔར་ནས་ཡོད་པར་སེམས། རྨང་འདིང་པ་ན་ཀླུ་བསྡད་པའི་རྐྱེན་གྱིས་ལྟས་མཁན་དག་གིས་དགོན་གནས་དར་ཡང་བར་སྐབས་སུ་ཁྲག་རྒྱུན་བྱུང་བར་ལུང་བསྟན་སྐད། དེ་ནས་དེའི་བུ་སངས་རྒྱས་སྦས་པས་ཡབ་ཀྱིས་བརྩིགས་པའི་ཤར་ཕྱོགས་སུ་གཙུག་ལག་ཁང་གཉིས་པ་བྱས། རྒྱལ་པོ་ཏཐག་ཏ་གུཔྟས་དེའི་ཤར་ཕྱོགས་སུ་གཙུག་ལག་ཁང་གསུམ་པར་བྱས། དེ་ནས་བཱལཱདིཧྱ་སྟོབས་ཀྱི་ཉི་མའི་བུས་དེའི་བྱང་ཤར་དུ་གཙུག་ལག་བརྩིགས་ཤིང་ཕྱོགས་བཞིའི་དགེ་འདུན་སྤྱན་དྲངས་ཏེ་དུས་སྟོན་ཆེན་པོ་བྱས་ནས་ཕུལ། དགེ་འདུན་མཇལ་ནས་རྒྱལ་པོ་རང་ཉིད་ཀྱང་དད་དེ་རབ་ཏུ་བྱུང་། ཐམས་ཅད་ཀྱི་གྲལ་མཇུག་ཏུ་བཞག་པས་ངོ་ཚ་ནས་དགེ་འདུན་ལ་གསོལ་བ། དེ་ཕྱིན་བསྙེན་པར་མ་རྫོགས་པ་རྣམས་ལོའི་རྐན་རིམ་གྱིས་སྡོད་པའི་གནང་བ་བྱས་པ་ཕྱིས་ཀྱི་བར་དུ་གནས། སྲོལ་དེ་ནལནྡ་ལས་གཞན་རྒྱ་གར་ན་མེད་སྐད་”⒇ཅེས་གསུངས། ཡིན་ཡང་《ཐང་སན་ཙང་གི་ལམ་ཡིག་》ཏུ་རྒྱལ་པོ་ལོ་ཀཱ་ཏེ་རྒྱ་སྟེ། འཇིག་རྟེན་ཉི་མ་ཞེས་པ་དང་། ནཱ་ལེནྡྲའི་གྲོང་བརྡལ་ཞེས་བྱུང་བ་དང་། དགེ་ཆོས་ཀྱིས་སྟོན་པ་འདས་ནས་རྒྱལ་པོ་ཤཀྲདིཏྱ་བརྒྱ་བྱིན་ཉི་མ་བྱ་བས་གཙུག་ལག་ཁང་བཏབ་ཟེར་བ་སོགས་ནཱ་ལེནྡྲ་དུས་རབས་ལྔ་པའི་ནང་བཞེངས་པར་ཚོད་དཔག་བྱེད་ཀྱི་ཡོད་པར་ཡང་བདེན་དཔང་བཙན་པོ་ཞིག་ཡོད་མིན་དཔྱད་དགོས་པ་ཞིག་མཆིས།
གསུམ་པ། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་འདོད་པའི་དཔལ་ནཱ་ལེནྡྲའི་ཐོག་མའི་དར་རིམ།
《ཉང་ཆོས་འབྱུང་》ལས། “དཔལ་ནཱ་ལེན་དྲ་ན་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་བཞུགས་པའི་དུས་སུ་བསྟན་པ་དར་བས། གཙུག་ལག་ཁང་ཆེན་པོ་བཅུ་བཞི། ཆུང་ངུ་དགུ་བཅུ་གོ་བཞི། དགེ་སློང་པཎྜི་ཏ་ལྔ་བཀྱོ དགེ་ཚུལ་པཎྜི་ཏ་ལྔ་བརྒྱ། སྔགས་ཀྱི་པཎྜི་ཏ་ལྔ་བརྒྱ། བྷ་ལིང་ཨ་ཙརྱ་ལ་སོགས་པ་གཏོར་མའི་ཀུ་སུ་ལུ་ལྔ་བརྒྱ་བཞུགས། དེ་དེའི་དུས་སུ་བཤད་སྒྲུབ་ཀྱི་བསྟན་པ་དར་བས། མུ་སྟེགས་པས་ཕྲག་དོག་བྱས་ནས་དམག་ཆེན་པོ་དྲངས་པས། སྒྲོན་མ་བརྒྱད་དང་མགོན་པོ་བརྒྱད་ཀྱི་ལྷ་ཁང་བཤིག་ནས་དམས་པར་བྱས་སོ་”﹙21﹚ཞེས་དཔལ་ནཱ་ལེནྡྲ་ཤིན་ཏུ་དར་བའི་སྐབས་ཀྱི་ལོ་རྒྱུས་ཟུར་ཙམ་ལས་མ་གསུངས་ལ། 《ལྡེའུ་ཆོས་འབྱུང་》དུའང་ནཱ་ལེནྡྲའི་ལོ་རྒྱུས་གསལ་པོ་ཞིག་འཁོད་མེད། ཡོངས་གྲགས་སུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ན་ཆོས་མངོན་པ་ལ་དགྲ་ལན་གསུམ་པ་བྱུང་བ་དང་། མུ་སྟེགས་པ་དང་ནང་པའི་དབར་རྩོད་པ་བྱུང་བས། མུ་སྟེགས་པ་རྣམས་རྒྱལ་ཏེ་ཆོས་མངོན་པའི་ཆ་ཤས་ནུབ་པ་དང་། སྟག་གཟིག་གི་རྒྱལ་པོས་དམག་དྲངས་ཏེ་ནུབ་པའི་ལོ་རྒྱུས་ཤིག་སྣང་ཞིང་། དེ་རྗེས་མངོན་པའི་བསྟན་བཅོས་ཅུང་ཟད་དར་བའི་སྐབས་ཤིག་ན་མུ་སྟེགས་སྤྲང་པོ་གཉིས་ནང་པའི་གཙུག་ལག་ཁང་ཤི་ནཱ་ལེནྡྲར་སློང་དུ་བྱུང་བར་འཚོ་བ་མ་བྱིན་པར་སྒོ་བར་དུ་བཙིར་ནས་ཆུ་ཚན་སྟོར་བས། ལན་དུ་གྲོས་བྱས་ཏེ་ཉི་མ་བསྒྲུབས་པ་གྲུབ་ནས་ནང་པའི་གཙུག་ལག་ཁང་ཐམས་ཅད་བརླགས་པར་བྱས་ཏེ་ཆོས་མངོན་པ་ཕལ་ཆེར་ནུབ་པར་འདོད།﹙22﹚《བུ་སྟོན་ཆོས་འབྱུང་》དུ་ལུང་བསྟན་པའི་གང་ཟག་གིས་བསྟན་པ་ལ་བྱ་བ་བྱེད་ཚུལ་གསུང་པའི་སྐབས་སུ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། ཨརྱ་དེ་ཝ། ཀླུ་སྒྲུབ་ཀྱི་སློབ་མ་ཀླུའི་བྱང་ཆུབ་དང་ཙནྡྲ་གོ་མི། ཟླ་བ་གྲགས་པ་དང་ཐོགས་མེད་སྐུ་མཆེད། སློབ་དཔོན་འདུས་བཟང་དང་ཕྱོགས་ཀྱི་གླང་པོ། དབང་ཕྱུག་སྡེ་དང་ཆོས་ཀྱི་གྲགས་པ། ལྷ་དབང་བློ་དང་ཛ་མ་རི། སློབ་དཔོན་སེང་བཟང་དང་ཤེར་འབྱུང་བློ་གྲོས། སློབ་དཔོན་ཆོས་ཀྱི་བཤེས་གཉེན་དང་ཡེ་ཤེས་ཞབས། ཤཱཀྱ་འོད་དང་རྒྱལ་བའི་ལྷ། ཞི་བ་ལྷ་ལ་སོགས་པའི་པཎྜི་ཏ་གནམ་གྱིས་ས་བཀབ་པ་ལྟ་བུའི་སྐྱེས་ཆེན་དམ་པ་མང་པོ་སློབ་བརྒྱུད་གཅིག་གི་ཚུལ་དུ་དཔལ་ནཱ་ལེནྡྲར་བྱོན་པའི་ལོ་རྒྱུས་གསུངས་ཤིང་། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ།“སྔོན་ཚེ་འཕགས་པ་ཤཱ་རིའི་བུ་ཡི་ཡུལ། །ནཱ་ལནྡ་ཡི་གྲོང་ཞེས་གྲགས་པ་སྟེ། །འདམ་བུ་ཅན་ཞེས་ནཱ་ལནྡ་རུ་བརྗོད། །ཁ་ཅིག་མི་ཡི་དབང་པོའི་གཙུག་ཁང་ཞེས། །ནཱ་ལནྡ་ཞེས་བྱ་བར་འདོད་པ་དང་། །རིན་ཆེན་ནལ་གྱིས་ཁེངས་པའི་ས་ཡིན་ཕྱིར། །ནཱ་ལནྡ་ཞེས་བྱ་བར་སྒྲོག་པའང་ཡོད། །རྒྱན་དྲུག་མཆོག་གཉིས་ལ་སོགས་བྱོན་པའི་ས། །སངས་རྒྱས་བསྟན་པའི་འབྱུང་ཁུངས་ཆེན་པོ་ཡིན། །”﹙23﹚ཞེས་རྒྱན་དྲུག་མཆོག་གཉིས་གདན་ས་ཆེན་པོ་ནཱ་ལེནྡྲར་བྱོན་པས་ནཱ་ལེནྡྲ་ནི་སངས་རྒྱས་བསྟན་པའི་འབྱུང་ཁུངས་ཆེན་པོ་ཡིན་པར་གསུངས་པ་དང་། 《རྒྱ་གར་ཆོས་འབྱུང་》དུ། “དེ་ལྟར་ན་ནཱ་ལཱཎྡཱའི་གཙུག་ལག་ཁང་ཐོག་མར་འདེབས་པ་པོ་མྱ་ངན་མེད། ཆོས་གཞི་དར་བར་མཛད་པ་པོ་སློབ་དཔོན་ལྔ་བརྒྱ་དང་མཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ་བོ་” ﹙24﹚ཞེས་གསུངས།
གཞན་ཡང་རྒྱལ་པོ་ལཀྴཨ་ཤྭོ་བྱ་བས་ཨ་བྷུ་ཞེས་བྱ་བའི་རིའི་རྩེར་གཙུག་ལག་ཁང་ལྔ་བརྒྱ་བྱས་ཏེ་ཆོས་སྨྲ་བ་ལྔ་བརྒྱ་སྤྱན་དྲངས། འཁོར་དད་པ་ཅན་ལྔ་བརྒྱ། བློ་རྣོ་བ་ལྔ་བརྒྱ་རབ་ཏུ་བྱུང་སྟེ་ཐེག་པ་ཆེན་པོ་ཉིད་དུ་བཅུག་གོ ཐེག་པ་ཆེན་པོའི་སྡེ་སྣོད་བཞུགས་སོ་ཅོག་ཐམས་ཅད་ཡི་གེར་བྲིས་ཏེ་དགེ་སློང་རྣམས་ལ་ཕུལ་བ་ཕྱིས་དཔལ་ནཱ་ལེནྡྲར་སྤྱན་དྲངས་པ་དང་། དེ་དུས་ཙ་ན་མཐོ་བཙུན་སྐུ་མཆེད་ནང་པའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་《ཁྱད་པར་འཕགས་བསྟོད་》དང་《ལྷ་ལས་ཕུལ་བྱུང་》གཉིས་བརྩམས་ཏེ། རྒྱལ་པོའི་ཕོ་བྲང་སོགས་ཡུལ་ཕྱོགས་ཀུན་ཏུ་བཀྲམས། ནཱ་ལེནྡྲ་འཕགས་པ་ཤཱ་རིའི་བུ་འཁྲུངས་སའི་ཡུལ་ཡིན་ཕྱིར་ཐེག་པ་ཆེན་པོའི་བསྟན་པ་དར་བའི་མཚན་མ་མངོན་པར་གསལ་བས་གཙུག་ལག་ཁང་བརྒྱད་བཞེངས། ཐེག་པ་ཆེན་པོ་མཐའ་དག་གི་གླེགས་བམ་བཞུགས་སུ་གསོལ་བའི་ལོ་རྒྱུས་ཀྱང་ཡོད། དེ་མིན་རྒྱལ་པོ་ཙན་ཏན་སྐྱོང་གི་དུས་སུ་ནང་པའི་བསྟན་པ་ལ་བྱ་བ་འདི་མཛད་ཀྱི་གཏམ་མི་སྣང་ནའང་ཨིནྡྲ་བྱ་ཀ་ར་ཎ་རྩོམ་པ་པོ་དང་གྲོགས་པོར་གྱུར་པའི་ལོ་རྒྱུས་ཤིག་སྣང་ལ། དེ་དུས་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ནཱ་ལེནྡྲར་བྱོན་ཏེ་བཙུན་པ་ནག་པོ་ཞེས་བྱ་བ་ལས་བསྙེན་པར་རྫོགས་པ་དང་། གཙོ་བོ་གསང་བའི་བདག་པོ་ལ་སོགས་པའི་ལྷག་པའི་ལྷ་རྣམས་ལས་ཐེག་པ་ཆེན་པོའི་མདོ་རྒྱུད་རྣམས་གསན་ཏེ་དབུ་མའི་ཚུལ་ལུགས་དར་བར་མཛད་ཡོད།﹙25﹚ དཔལ་མགོན་འཕགས་པ་ཀླུ་སྒྲུབ་དཔལ་ནཱ་ལེནྡྲར་བཞུགས་མྱོང་བའི་སྐོར་ལ་《རྒྱ་གར་ཆོས་འབྱུང་》ལས། “དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནཱ་ལེནྡྲར་བྱོན། ཐེག་པ་ཆེན་པོའི་ཆོས་སྨྲ་བ་ལྔ་བརྒྱ་ལ་ལོ་མང་པོའི་བར་དུ་འཚོ་བ་སྦྱར། ཁྱད་པར་དུ་དགེ་སློང་དང་དགེ་ཚུལ་བསླབ་པ་འཆལ་བ་དང་དབང་ཆེ་བ་མང་པོ་གནས་ནས་བསྐྲད་དེ་སྡེ་པ་ཀུན་གྱི་བདག་པོ་མཛད་”﹙26﹚ཅེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནཱ་ལེནྡྲར་བཞུགས་མྱོང་བ་མ་ཟད། དེ་གའི་འཚོ་བ་དང་དགེ་འདུན་པའི་ནང་ཁྲིམས་ལ་བདག་པོ་རྣམ་པར་དག་པ་མཛད་པ་དང་། སྒོས་སུ་ཐེག་པ་ཆེན་པོ་སྔགས་དང་བཅས་པའི་བསྟན་པ་ལ་བདག་པོ་གནང་བའི་སྐོར་གསལ།
སྐྱེས་སར་ཀླུ་སྒྲུབ་ཀྱིས། “ད་ཆ་ལག་ཏུ་རྙེད་སོན་བྱུང་བའི་ས་ཤུལ་གྱི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་བརྒྱ་དང་ལྔ་བཅུ་ཙམ་ཡིན་ཡང་། རྒྱ་གར་གཞུང་གི་གནའ་རྫས་རྟོག་ཞིབ་ལས་ཁུངས་ཀྱིས་བཏོན་པའི་ནཱལཱནྡཱ་ཞེས་པའི་དེབ་ནང་བཙུན་པ་ཐང་སན་ཙང་གིས་གསུངས་པ་ལྟར་ན་ད་དུང་ས་ཆའི་རྒྱ་ཁྱོན་བརྒྱ་ཆ་དགུ་བཅུ་ལྷག་རྙེད་སོན་བྱུང་མེད་”﹙27﹚ཅེས་གསུངས་པ་དང་། རཱ་ལོ་ཙཱ་བ་རྡོ་རྗེ་གྲགས་ནཱ་ལེནྡྲར་ཕེབས་སྐབས། “དེ་ན་ནི་གནྡྷོ་ལ་ཆེན་པོ་བདུན། ལྷ་ཁང་ཆེན་པོ་བཅུ་བཞི། མགོན་ཁང་གཉིས། གྷཉྫིར་སྟོང་དང་། རྒྱ་ཕིབས་བརྒྱ་དང་རྩ་བརྒྱད་ཡོད་པ། པཎྜི་ཏ་དང་གྲུབ་ཐོབ་ཆེན་པོ་རྣམས་ཀྱི་སྒྲུབ་ཁང་དང་། དངོས་གྲུབ་བརྙེས་པའི་གནས་ཆུང་ངུ་འབུམ་ཕྲག་ཏུ་ལོངས་པས་ཕན་ཚུན་རེའུ་མིག་ཏུ་འབྲེལ་བ། བཀྲ་ཤིས་ཤིང་ཉམས་དགའ་བ། པཎྜི་ཏ་ལྔ་བརྒྱ་འདུ་བའི་བསྟི་གནས་ངོ་མཚར་བ་ཅན་དེ་ལྟ་བུ་འདུག་གོ་”﹙28﹚ཞེས་ཁོང་གི་རྣམ་ཐར་ནང་འཁོད་པ། དེ་མཚུངས་དགེ་ཆོས་ཀྱི་《གསེར་ཐང་》ནང་དུ་ཡང་“ནཱ་ལེནྡྲར་གཙུག་ལག་ཁང་ཆེན་པོ་བཅུ་བཞི། ཆུང་བ་དྲུག་ཅུ། གཉྫིལ་བདུན་”﹙29﹚སོགས་ཡོད་ཚུལ་གསུངས་པ། གཞན་ཡང་གནས་དེར་ད་དུང་དྲི་གཙང་ཁང་ཞིག་རོ་ཁ་ཤས་ཤིག་ཡོད་པ་དེ་དག་ནི་ལྕགས་རིའི་དཀྱིལ་གྱི་དྲི་གཙང་ཁང་ཆེ་ཤོས་ཁག་ཡིན་ནའང་མཐའི་དྲི་གཙང་ཁང་ཆུང་ངུ་དང་ལྕགས་རི་སོགས་ཀྱི་ཤུལ་ནི་རྙེད་སོན་བྱུང་མེད་པ་དང་། གཙུག་ལག་ཁང་གི་མཐའ་འཁོར་དང་ལྕགས་རིའི་མཚམས་སོགས་ས་ཆ་མང་པོ་ཞིག་ནི་ཉེ་འགྲམ་གྱི་གྲོང་གསེབ་ལྷར་སྟོན་ཞེས་པའི་མི་སེར་ཚོས་ཞིང་ཁར་བེད་སྤྱོད་བྱས་ནས་མང་པོ་ཞིག་ཞིང་ཁར་གྱུར་ཟིན་ཡོད་པ་མ་ཟད། སྐབས་འགར་ཞིང་ཁ་ནས་ལྷ་ཁང་དེ་འདྲའི་གནའ་ཤུལ་ཡང་རྙེད་སོན་ཡོང་གི་ཡོད་ཚུལ་གསལ་ཐོས་བྱུང་བ་སོགས་ལ་བལྟས་ན། ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་དེའི་ཐོག་མའི་གཞི་ཁྱོན་ནི་ཤིན་ཏུ་ཆེན་པོ་ཡིན་པ་དཔོག་ནུས་པ་ཡིན།
དེ་མིན་《ཆག་ལོ་ཙཱ་བའི་རྣམ་ཐར་》ལས། “དེ་ན་དབུ་རྩེ་ཆེན་པོ་བདུན་དབུས་སུ་བསྒྲིགས་ཡོད། གཉིས་མ་གཏོགས་པ་རྒྱལ་པོས་བཞེངས། གཉིས་སློབ་དཔོན་ཆེན་པོ་གཉིས་ཀྱིས་རེ་རེ་བཞེངས་པ། དེའི་ཕྱི་རོལ་ན་ཨཱ་རཱ་མི་ཀ་ཞེས་པའི་གཙུག་ལག་ཁང་ཆུང་བ་བརྒྱད་ཅུ་ཙམ་ཡོད། དེ་ཕལ་ཆེར་རྒྱལ་པོས་བཞེངས། ལ་ལ་བཙུན་མོས་བཞེངས་པའོ། ། ཏུ་རུཧ་ཀས་ཉམས་དམའ་བར་བྱས་པས། ཞབས་ཏོག་བྱེད་པ་དང་། མཆོད་པ་འབུལ་མཁན་མེད་པ་ཤས་ཆེ་སྟེ། སོ་ཕག་གིས་བརྩིགས་པས་མ་ཞིག་པ་མང་པོ་འདུག་”﹙30﹚ཅེས་བཞེངས་ཚུལ་གྱི་ཁྱད་ཆོས་མང་པོ་གསུངས་ལ། ཁྱད་པར་དུ་མཁས་དབང་དགེ་ཆོས་ཀྱིས། “དེ་ནས་མི་བཟོད་ཟད་ཀྱི་ན་ལེན་རྩིག་གོག་དམར་ཧང་ངེ་གཅིག་སྟེ། དར་བ་དང་རྒུད་པ་དང་སྟོང་པའི་གནས་སྐབས་གསུམ་རྫོགས་པ་ཞེས་བྱའོ་”﹙31﹚ཞེས་བཀྲ་ཤིས་ཤིང་ཉམས་དགའ་བ། པཎྜི་ཏ་ལྔ་བརྒྱ་འདུ་སའི་བསྟི་གནས་ཁྱད་པར་ཅན་དེ་ཉིད་སྐབས་དེར་རྩིག་གྱང་གོག་པོ་ཞིག་ལས་མཇལ་རྒྱུ་མ་རྙེད་པར་གསུངས་པས། རང་རེ་ནི་གནའ་བོའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་ནཱ་ལེནྡྲ་དང་ནཱ་ལེནྡྲའི་མཁས་པའི་རིན་ཐང་འཚོལ་མཁན་ཞིག་ལ་མཚོན་ན། རྙེད་སོན་མ་བྱུང་བའི་ལོ་རྒྱུས་ལ་རེ་བ་བཅངས་ནས་སྡོད་རྒྱུ་ལས་ཐབས་གཞན་མེད་དོ།
བཞི་པ། གནའ་བོའི་གཙུག་ལག་སློབ་གྲྭ་ཆེན་མོ་དཔལ་ནཱ་ལེནྡྲའི་འཇིག་རྐྱེན་སྤྱི་བཤད།
གནའ་བོའི་རྒྱ་གར་དུ་ཆོས་ལུགས་པའི་གྲལ་རིམ་དང་གྲལ་རིམ་དབར་གྱི་འཐབ་རྩོད་ནི་ཛདྲག་ཆེ་ལ་རྒྱུན་གཏན་ཅན་ཞིག་ཡིན་པས། སྐབས་དེར་ཤཱཀྱ་ཐུབ་པའི་རིང་ལུགས་གསར་པ་ཞིག་འགོ་འབུས་དགོས་ན་ལས་སླ་པོ་ཞིག་གཏན་ནས་མ་ཡིན། སངས་རྒྱས་ཤཱཀྱ་ཐུབ་པས་ཆོས་ལུགས་གསར་པ་ཞིག་གསར་དུ་གཏོད་གནང་བ་ནི་སྐབས་དེའི་གྲུབ་མཐའི་འགྲན་རྩོད་དང་འཐབ་རྩོད་ཀྱི་མེ་དཔུང་ལ་སྣུམ་གྱི་གྲོགས་བྱས་པ་ལྟ་བུ་ཞིག་ཏུ་གྱུར་བས། སྟོན་པ་དང་ལྟ་བ་མི་གཅིག་པའི་ཆོས་ལུགས་གཉིས་ཡུལ་གཅིག་ཏུ་ལྷན་དུ་གནས་པའི་ཚེ། གཅིག་འཕེལ་རྒྱས་བྱུང་བ་དེ་སྲིད་དུ་ཅིག་ཤོས་རང་བཞིན་གྱིས་ཉམས་རྒུད་དུ་འགྲོ་བ་རྟེན་འབྱུང་གི་ཆོས་ཉིད་ཡིན་ཕྱིར། ནང་པའི་ཆོས་ལུགས་ཇི་ཙམ་དར་ཁྱབ་ཆེ་བ་དེ་སྲིད་དུ་ཆོས་ལུགས་གཞན་མང་པོ་ཞིག་ངམ་ངམ་ཤུགས་ཀྱིས་ཉམས་རྒུད་དུ་འགྲོ་ངེས་པ་ཡིན། དེ་ནི་སངས་རྒྱས་ཞལ་བཞུགས་པའི་དུས་དང་ཕྱིས་ཀྱི་དུས་ཚོད་ནང་གཞན་སྡེའི་མཁས་པ་མང་པོས་རང་གི་གྲུབ་མཐའ་རྒྱལ་འཇོག་གིས་ལྟ་གྲུབ་ཀྱི་རྩོད་གླེང་ཤུགས་ཆེར་བྱས་པ་དང་། འགའ་རེ་ནང་པའི་སྒོར་ཞུགས་པའི་ཚུལ་རང་རེའི་ཆོས་འབྱུང་དེབ་ཐེར་རྣམས་སུ་གསལ་བ་ལས་ཀྱང་ཤེས་ནུས།
ཇོ་ནང་ཏཱ་ར་ན་ཐས། སངས་རྒྱས་སྐུ་གཤེགས་ནས་ལོ་བརྒྱ་ཕྲག་ཁ་ཤས་ཙམ་གྱི་རྗེས་ཅའི་རྒྱལ་རྒྱུད་ཀྱི་ནེ་མ་ཅའི་དུས་སུ་ཁོང་གི་བློན་པོ་རྒྱལ་བཤེས་ཟེར་བ་དེས་རྒྱལ་པོའི་གོ་གནས་ཕྲོགས་ནས་རྒྱལ་སྲིད་སྐྱོང་བའི་ཚེ། ཁོའི་ཉེ་དུ་རྒན་མོ་ཞིག་ནཱ་ལེནྡྲར་སོང་བར་ནཱ་ལེནྡྲའི་དགེ་འདུན་པ་རྣམས་ཚོགས་འཚོགས་པའི་གཎྟི་བརྡུང་བའི་སྒྲ་ཐོས་ཤིང་། རྒན་མོ་དེས་གཎྟིའི་སྒྲར་ཉན་པར་ཕཊ་ཌཱ་ཡ་ཞེས་པའི་སྒྲར་གོ་སྟེ་བྲམ་ཟེ་སྒྲ་མཁན་རྣམས་ཀྱིས་བརྟག་པས། མུ་སྟེགས་ངན་པ་རྣམས་ཀྱི་ཀླད་པ་འགེམ་པ་སྟེ། ཚལ་བར་གས་ཤིང་འཐོར་ཞེས་པའི་དོན་ཡིན་ཚུལ་བཤད་པས། རྒྱལ་པོ་རྒྱལ་བཤེས་ལ་སོགས་པའི་མུ་སྟེགས་པ་རྣམས་ཀྱིས་དམག་བྱས་ཏེ། ཡུལ་དབུས་ནས་ཛ་ལནྡྷ་རའི་བར་གྱི་གཙུག་ལག་ཁང་མང་པོ་མེ་ལ་བསྲེགས། དགེ་སློང་མང་དུ་ཐོས་པ་འགའ་རེ་ཡང་བསད། ཕལ་ཆེར་ཡུལ་གཞན་དུ་བྲོས། ལོ་ལྔ་ནས་རྒྱལ་པོ་རྒྱལ་བཤེས་ཤི་བ་ཐོས་པས་སླར་དགེ་འདུན་རྣམས་ནཱ་ལེནྡྲར་ཕེབས་ནས་ཐོས་བསམ་ལ་འབད་པ་མཛད་ཅིང་། གཙུག་ལག་ཁང་བཤིག་པ་དང་ཆོས་གཞི་ཉམས་པ་རྣམས་ཀྱང་བྷངྒ་ལའི་རྒྱལ་པོ་གོ་ཊ་འཕེལ་བྱེད་ཀྱིས་གསོས་ནས་སླར་སོར་ཆུད་པའི་སྐོར་﹙32﹚གསུངས་པ་ལས། དེ་དག་གིས་དཔལ་ནཱ་ལེནྡྲར་གྲུབ་མཐའི་འཐབ་རྩོད་ཀྱི་མེ་ལྕེ་ཐོག་མར་ཇི་ལྟར་འབར་བ་ཤེས་ཐུབ།
ཡང་ཇོ་ནང་ཧཱ་ར་ན་ཐས། དེ་ནས་ཡུན་རིང་ཙམ་ཞིག་ལ་བསྟན་པ་སྐྱོན་མེད་དུ་གནས་ཀྱང་། ཙནྡྲའི་རྒྱལ་རབས་བཅུ་པ་དྷརྨ་ཙནྡྲའི་དུས་སུ་སྟག་གཟིག་གི་རྒྱལ་པོ་ཁུ་ནི་མབྷ་ཟེར་བ་ཞིག་ཡོད་པ་ཁོང་གཉིས་འཁྲུག་རེས་མང་དུ་བྱུང་བ་ལ་ཐེངས་ཤིག་མཐུན་པར་གྱུར་པའི་ཚེ། དྷརྨ་ཙནྡྲས་ཟབ་ཆེན་གྱི་གོས་སྲུབས་མེད་པ་ཞིག་སྟག་གཟིག་གི་རྒྱལ་པོར་སྐྱེས་སུ་བསྐུར། སྟེས་དབང་གིས་ཐགས་རིས་ཀྱི་སྙིང་གའི་ཐད་དུ་རྐང་རྗེས་འདྲ་བ་ཞིག་བབས་པས་སྟག་གཟིག་གི་རྒྱལ་པོས་ཁོ་བོར་ངན་སྔགས་བྱས་པ་མིན་ནམ་སྙམ་པའི་ཐེ་ཚོམ་སྐྱེས། ཡང་ལན་ཅིག་ཤིང་འབྲས་སྐྱེས་སུ་བསྐུར་བར་འདོད་པ་ལ་བྲམ་ཟེ་ཞིག་གིས་སྔགས་ཀྱི་འཁོར་ལོ་གྲོ་ག་ལ་བྲིས་པ་ཉི་མར་བཞག་པ་དེ་ཉིད་རླུང་གིས་འཁུར་ནས་གེ་ལེའི་འབྲས་བུ་ཁ་ཕྱེ་བའི་ནང་དུ་སོང་། དེ་རྒྱལ་པོ་དྷརྨ་ཙནྡྲས་མ་ཤེས་པར་ཤིང་ཏོག་རྣམས་སྒྲོམ་བུ་མར་ཁུས་བཀང་བའི་ནང་དུ་བཅུག་སྟེ་སྟག་གཟིག་གི་རྒྱལ་པོར་སྐྱེས་སུ་བསྐུར། རྗེས་སུ་ཤིང་ཏོག་ཀེ་ལེའི་འབྲས་བུ་ཞིག་གི་ནང་ནས་སྔགས་འཁོར་དེ་ཐོན་པས། སྟག་གཟིག་གི་རྒྱལ་པོས་ངེས་པར་ང་ལ་ངན་སྔགས་བྱས་སོ་སྙམ་ནས། ཏུ་རུཧའི་དམག་གིས་མ་གྷའི་ཡུལ་ཀུན་བཅོམ། གཙུག་ལག་ཁང་མང་པོ་བཤིག དེས་ནཱ་ལེནྡྲར་ཡང་གནོད་པ་ཆེན་པོ་ཐེབས་ཏེ། རབ་བྱུང་བ་རྣམས་ཀྱང་ཐག་རིང་པོར་བྲོས་ནས་བསྟན་པའི་འཕང་དམའ་བར་བྱས་པའི་སྐོར་﹙33﹚གསུངས་པ་ལ་གཞིགས་ནའང་། ཆོས་ལུགས་མི་གཅིག་པ་གཉིས་དབར་འགལ་བའི་སྨག་རུམ་མ་བོས་མགྲོན་དུ་སླེབས་པ་ནི་ཤ་རུས་ལ་ཐིམ་པའི་བག་ཆགས་ཀྱི་རྐྱེན་གྱིས་ཡིན་པ་ཤེས་ཐུབ། ཡང་《རྒྱ་གར་ཆོས་འབྱུང་》ལས། དེ་ནས་གང་ཙམ་རིང་བསྟན་པ་སོར་མ་ཆུད་ཀྱང་ཕྱིས་སུ་དྷརྨ་ཙནྡྲའི་ཞང་པོའི་བུ་ཡུལ་འཁོར་ཆེན་པོ་ཝཱ་རཱ་ཎ་སིའི་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱིས་རྒྱ་ནག་ཏུ་མདོ་སྡེ་སྨྲ་བའི་སློབ་དཔོན་འགའ་ཞིག་མངགས་པའི་དྲིན་ལན་ལྟ་བུར་རྒྱའི་རྒྱལ་པོས་གསེར་མང་པོ་བསྐུར་བ་དེས་རྒྱ་གར་ནུབ་ཕྱོགས་དང་ཡུལ་དབུས་ཀྱི་རྒྱལ་པོ་དག་མགུ་བར་བྱས་ནས་སྟག་གཟིག་དང་དམག་བྱས་པས། སྟག་གཟིག་གི་རྒྱལ་པོ་ཁུ་ནི་མབྷ་སོགས་དཔའ་རྒོད་ཕལ་ཆེར་བསད། ཉི་འོག་དང་ནུབ་ཕྱོགས་ཀྱི་ཡུལ་ཕལ་ཆེར་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་དབང་དུ་བསྡུས། དེ་རྗེས་རྒྱལ་པོ་དེས་ཕྱོགས་སོ་སོ་ནས་དགེ་འདུན་པ་སྤྱན་དྲངས་ཤིང་ནཱ་ལེནྡྲར་ཆོས་གཞི་བརྒྱད་ཅུ་གྱ་བཞི་བཙུགས་པ་མ་ཟད། ནང་པའི་དགེ་འདུན་རྣམས་རྒྱལ་པོ་རང་གི་ཁང་བཟང་གི་རྩེར་བཞུགས་སུ་བཅུག་ནས་མཆོད་ཅིང་། མུ་སྟེགས་པ་རྣམས་ནི་སྒོའི་ཕྱི་རོལ་དུ་གནས་ལ་ཁ་ཟས་སྟེར་ཚུལ་﹙34﹚ཞིག་གསུངས་པས། ཕྱོགས་གཉིས་མཐའ་ལ་ལྷུང་བའི་རྟགས་ཤིག་མངོན་ཡོད།
རྗེས་སུ་ནཱ་ལེནྡྲའི་ཉེ་འཁོར་གྱི་རྒྱལ་པོ་ཞིག་གི་བློན་པོ་ཀ་ཀུ་ཏ་སུདྷ་ཟེར་བས་ནཱ་ལེནྡྲར་ལྷ་ཁང་ངོ་མཚར་བ་ཞིག་བཞེངས་ཤིང་། དེའི་གྲུབ་སྟོན་རྒྱ་ཆེར་བྱས་པའི་ཚེ། མུ་སྟེགས་པའི་གྲུབ་མཐའ་འཛིན་པའི་སློང་མོ་བ་གཉིས་ནཱ་ལེནྡྲར་སློང་དུ་སླེབས་པར། དགེ་ཚུལ་སྤྱོད་ངན་པ་འགའ་རེས་ཁ་ལག་བཀྲུས་པའི་ཆུ་སྙིགས་མགོར་གཏོར། སྒོ་གླེགས་ཀྱི་བར་དུ་བཙིར། ཁྱི་གཏུམ་པོ་དག་ཀྱང་རྦད་པས། སློང་མོ་བ་གཉིས་ཤིན་ཏུ་ཁྲོས། དེ་ནས་སློང་མོ་བ་གཉིས་ཀྱིས་ལོ་ངོ་བཅུ་གཉིས་ཀྱི་རིང་གཅིག་གིས་འཚོ་བ་སྦྱར་ཞིང་གཅིག་གིས་ཉི་མ་བསྒྲུབས་པས་གྲུབ་སྟེ། སྦྱིན་བསྲེགས་ཀྱི་ཐལ་བར་སྔགས་བརྒྱབ་པས་མེ་རང་འབར་དུ་བྱུང་སྐད། ནང་པའི་ཆོས་ཀྱི་རྟེན་གཞི་བརྒྱད་ཅུ་རྩ་བཞི་བསྲེགས། ཁྱད་པར་དུ་ནཱ་ལེནྡྲའི་དྷརྨ་གཉྫ་སྟེ། གསུང་རབ་མཐའ་དག་དང་ལྷག་པར་དུ་ཐེག་ཆེན་གྱི་ཆོས་མང་དུ་བཞུགས་པའི་གཙུག་ལག་ཁང་རཏ་ན་ས་གཱ་ར། རཏ་ན་ད་དྷི། རཏྣཎྟ་ཀ་ཞེས་པའི་ལྷ་ཁང་ཆེན་པོ་གསུམ་ཕལ་ཆེར་འཚིག དེའི་ཚེ་ཆུས་མེ་བསད་ཅིང་། ཆུ་རྒྱུན་གྱིས་ཁྱབ་ཚད་དུ་ཡོད་པའི་གླེགས་བམ་རྣམས་མ་འཚིག་པར་ལྷག ཕྱིས་སུ་གླེགས་བམ་དེ་དག་བླངས་ནས་བལྟས་ཚེ། ཁ་ཅིག་གིས་ནང་རྒྱུད་སྡེ་ལྔའི་གླེགས་བམ་ཡིན་ཟེར་བ་དང་། ཡང་ཁ་ཅིག་གིས་གསང་འདུས་ཁོ་ན་ཡིན་ཟེར་བའང་བྱུང་། གང་ལྟར་དེ་དག་བླ་མེད་ཀྱི་རྒྱུད་སྡེ་དང་། དེའི་ནང་གསང་འདུས་ཡོད་པར་ཐེ་ཚོམ་མེད་ཚུལ་གྱི་གསུང་རྒྱུན་ཡོད་ལ། མུ་སྟེགས་པ་དེ་གཉིས་རྒྱལ་པོས་ཉེས་པར་སྐྲག་ནས་བྱང་ཕྱོགས་སུ་བྲོས་ཀྱང་སྡིག་པའི་རྣམ་སྨིན་གྱིས་ལུས་ལ་མེ་རང་འབར་དུ་སོང་ནས་ཤི་ཟེར། དེ་རྗེས་སུ་ཕྱོགས་སོ་སོའི་དགེ་སློང་མང་དུ་ཐོས་པ་རྣམས་འདུས་ནས་བློ་ལ་བཞུགས་པ་དང་། གླེགས་བམ་དུ་བཞུགས་པ་ཐམས་ཅད་ཡི་གེར་སྤེལ། རྒྱལ་པོ་སངས་རྒྱས་ཕྱོགས་དང་། བྲམ་ཟེ་ཤང་ཀུ བྲམ་ཟེ་ཕུར་བུ། དེ་བཞིན་ཁྱིམ་བདག་དད་ལྡན་མང་པོས་ལྷ་ཁང་ཉམས་པ་རྣམས་གསོས་མོད། སྐབས་དེ་ཤེད་དུ་“ཐེག་པ་ཆེན་པོའི་སྡེ་སྣོད་མི་ཡུལ་དུ་ཡོད་པ་ཆ་བཅོ་ལྔར་བཏང་བའི་ཆ་གཅིག་ཙམ་རེ་བསྟན་པའི་དགྲ་ལན་སོ་སོའི་སྐབས་སུ་ནུབ། ཆ་གཅིག་ཙམ་དགྲའི་གནོད་པ་ལ་མ་ལྟོས་པར་ཡང་ནུབ་པ་དང་། ལྷག་མ་ཆ་དགུ་མེའི་དགྲ་བྱུང་བའི་རྐྱེན་གྱིས་ནུབ། ད་ཆ་ཆ་གཅིག་ཙམ་ལུས་”ཞེས་དང་། “ཆ་གཅིག་པོ་དེ་ནི་འཕགས་པ་དཀོན་བརྩེགས་འདུས་པ་སྟོང་ཕྲག་གཅིག་ལས་བཞི་བཅུ་ཞེ་དགུ་ལུས། མདོ་སྡེ་ཕལ་པོ་ཆེ་ལེའུ་སྟོང་ལས་སུམ་ཅུ་སོ་བརྒྱད་ལུས། འདུས་པ་ཆེན་པོ་དུམ་བུ་སྟོང་ལས་དུམ་བུ་དགུ་ལུས། ལངྒར་གཤེགས་པ་ལས་དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་ཉི་ཚེབ་ཡིན་” ﹙35﹚ཞེས་སོགས་གསུངས་པས། དེ་དག་གི་ཐོག་ནས་ནང་པའི་བསྟན་པར་དགྲ་རིམ་ནས་རིམ་བརྒྱུད་དུ་བྱུང་སྟེ། དུས་སྔ་པོ་ནས་སྣུམ་ཟད་ཀྱི་མར་མེ་བཞིན་རིམ་གྱིས་འཇིག་པའི་གནས་ཚུལ་བྱུང་ཟིན་པ་མངོན་གྱི་ཡོད།
གཞན་ཡང་《ཐང་སན་ལམ་ཡིག་》ཏུ་ནཱ་ལེནྡྲ་གསར་འཛུགས་བྱས་པ་ནས་ཁོང་རྒྱ་གར་དུ་ཕེབས་སྐབས་བར་ཉམས་རྒུད་ཅུང་ཙམ་ཡང་བྱུང་མ་མྱོང་ཚུལ་གསུངས་པ་ལྟར། ཕལ་ཆེར་སྤྱི་ལོའི་དུས་རབས་ལྔ་པའི་ནང་གསར་དུ་བཏབ་ནས་པཱ་ལའི་རྒྱལ་རབས་ཀྱི་མཇུག་ཙམ་བར་དུ་མུ་མཐུད་འཕེལ་རྒྱས་ལས་ཉམས་རྒུད་མ་བྱུང་ཞིང་། བི་ཀྲ་མ་ཤཱི་ལ་དར་རྒྱས་བྱུང་སྐབས་སུ་འཕེལ་འགྲིབ་ཀྱི་ཆོས་ཉིད་ལྟར་རྙིང་ཚབ་གསར་བརྗེ་ལྟ་བུའི་སྒོ་ནས་ཅུང་ཙམ་ཉམས་རྒུད་དུ་སོང་བར་མངོན། 《རྒྱ་གར་ཆོས་འབྱུང་》དུ་གོ་པཱ་ལ་ཞེས་པས་ཨོ་ཏནྡ་པཱུ་རི་དང་ཉེ་བ་ན་ནཱ་ལེནྡྲའི་གཙུག་ལག་ཁང་བཞེངས་ཚུལ་བཤད་པ་དང་། ཡང་བི་ཀྲ་མ་ཤཱི་ལའི་མཁན་པོ་སུ་ཡིན་དེས་ནཱ་ལེནྡྲར་གཟིགས་སྐྱོང་གནང་དགོས་ཚུལ་གསུངས་པ་སོགས་ལ་གཞིགས་ནས་སྐྱེས་སར་ཀླུ་སྒྲུབ་ཀྱིས། “ཕྱིའི་གཙུག་ལག་ཁང་སོགས་ཀྱི་ཆ་ནས་མུ་མཐུད་དུ་འཕེལ་རྒྱས་སོང་སྟེ་གོ་པཱ་ལས་ཀྱང་ནཱལཱནྡཱ་ཡར་རྒྱས་བཏང་བ་ལས་དེ་ལས་གཞན་པའི་ནཱལཱནྡཱའི་དགོན་པ་ཞིག་བརྒྱབ་པ་མིན། དེ་ཡང་ཡིན་ཏེ་གཅིག་ནས་དུས་སྐབས་དེར་ཡུལ་དབུས་ཉིད་དུ་ནཱལཱནྡཱ་དང་། ཨོཏནྟ་པཱུ་རི། བི་ཀྲཱམ་ཤཱི་ལ་གསུམ་ལས་གཙུག་ལག་ཁང་གཞན་ཡོད་ཚུལ་མི་གསལ་བ་དང་། གཉིས་ནས་དེང་དུས་ནཱལཱནྡཱ་དངོས་དང་། ཨོཏནྟ་པཱུ་རི་གཉིས་ཀྱི་བར་དགོན་སྡེ་གཞན་པའི་ཤུལ་མེད་ཁར། ནཱལཱནྡཱ་རང་ནས་གསར་རྙེད་བྱུང་བའི་དངོས་རིགས་ཁྲོད་པཱ་ལའི་རྒྱལ་རྒྱུད་ཀྱིས་རྟེན་བཞེངས་བྱས་པའི་རྟགས་མཚན་ཅན་ཇི་སྙེད་ཅིག་བྱུང་བ་བཅས་ལ་བརྟག་སྐབས་པཱ་ལ་རྒྱལ་རྒྱུད་ཀྱིས་ནཱལཱནྡཱ་རང་ཡར་རྒྱས་བཏང་བ་མཐོང་ཐུབ་པ་ཡིན། དེས་ན་དེ་སྐབས་ནང་གི་སློབ་གཉེར་གྱི་གནས་སྟངས་ཅུང་ཉམས་པ་མིན་ནམ་སྙམ་སྟེ། རང་ཁོངས་ནས་དགོན་པའི་མཁན་པོ་ཡོང་གི་མེད་པར་དགོན་སྡེ་གཞན་ནས་ཡོང་དགོས་ཚུལ་དེ་དོགས་གཞི་ཞིག་ཡིན་”﹙36﹚ཞེས་སོམ་ཉི་མཛད་པ་དེ་ནི་གལ་ཆེ་བའི་བསམ་གཞིག་བྱ་གཞི་ཞིག་ཏུ་མཐོང་།
དེ་ཕྱིར་བོད་ཀྱི་ལོ་ཙཱ་བ་ཆག་ཆོས་རྗེ་དཔལ་ནཱ་ལེནྡྲར་ཕེབས་སྐབས། ཧ་ཅང་ཉམས་ཆག་ཆེན་པོ་སོང་བའི་དུས་ཡིན་པས། དུས་རབས་བདུན་པ་ཙམ་ནས་པཱ་ལའི་རྒྱལ་རབས་གཉིས་པ་དེ་ཝ་པཱ་ལས་གསར་བཞེངས་མཛད་པའི་བི་ཀྲཱམ་ཤཱི་ལ་དར་རྒྱས་ཆེ་རུ་ཕྱིན་ནས་དཔལ་ནཱ་ལེནྡྲའི་དཔལ་ཡང་མངོན་པར་མནོན་ནུས་པ་ཞིག་ཏུ་གྱུར་﹙37﹚ཚུལ་གསུངས་པས། དུས་དེ་ཙམ་ཞིག་ནས་གནས་གཞི་དེ་ཉིད་སྔར་དང་བསྡུར་ན་ཅུང་ཟད་ཉམས་ཆག་ཏུ་སོང་བར་མངོན་ལ། རཱ་ལོ་ཙ་བ་རྡོ་རྗེ་གྲགས་སྤྱི་ལོ་༡༠༣༠ལོའི་ནང་ནཱ་ལེནྡྲར་ཕེབས་སྐབས་ཧ་ཅང་དར་པོ་ཡོད་ཚུལ་གསུངས་ན་ཡང་སྔར་དང་འདྲ་བ་ནི་མེད་ཚོད་དུ་སྣང་། གང་ལྟར་གནས་གཞི་དེ་ཉིད་ལ་རྐྱེན་ངན་ཅི་ཞིག་བྱུང་བའི་ཐད་དཔྱད་པ་གཏོང་དུས་རྗེས་སུ་ལོ་པཎ་མང་པོ་ཞིག་དེར་མ་བཞུགས་པར་བི་ཀྲཱམ་ལ་ཤཱི་ལར་ཕེབས་པའི་རྒྱུ་རྐྱེན་ལའང་ཉམས་ཞིབ་བྱེད་དགོས་པར་སེམས།
དེ་དང་དུས་མཚུངས་སུ་ཁ་ཆེའི་ཆོས་ལུགས་རིམ་གྱིས་དར་བ་དང་། ལྷག་པར་དུ་ཁ་ཆེའི་ཆོས་ལུགས་ལ་དད་ཞེན་ཆེ་བའི་རྒྱལ་པོ་བཙན་ཤུགས་ཅན་མང་དུ་བྱུང་བར་བརྟེན། དུས་རབས་བཅུ་པ་ཡས་མས་ནས་རྒྱ་གར་དུ་ནང་པའི་ཆོས་ལུགས་རླུང་བུའི་ཁྲོད་ཀྱི་མར་མེ་ནང་བཞིན་ཧ་ཅང་གསོན་དཀའ་བའི་ཚད་དུ་སླེབས་ཡོད་ཚོད་རེད། སྐབས་དེ་དུས་རྒྱ་གར་དུ་ནང་པའི་ཆོས་ལུགས་དང་བྲམ་ཟེའི་ཆོས་ལུགས་ཀྱིས་གཙོས་ཆོས་ལུགས་ཚང་མའི་རྒྱལ་ཚབ་ཏུ་ཁ་ཆེའི་ཆོས་ལུགས་གཅིག་པུ་དར་སྤེལ་བྱ་རྒྱུའི་བསམ་ཚུལ་འོག དེང་སང་གི་ཕ་ཀི་སི་ཐན་དང་ཀསྨིར་སོགས་བརྒལ་ནས་ཁ་ཆེའི་རྒྱལ་པོ་མང་པོ་ཞིག་གིས་སྔ་རྗེས་སུ་ཡུལ་དབུས་སུ་ཡང་ཡང་འཇིགས་སྐུལ་བྱས་པས། བྲམ་ཟེའི་ཆོས་ལུགས་ད་ལྟའི་བར་གནས་ཐུབ་ཙམ་བྱུང་ཡོད་བ་མ་གཏོགས་ནང་པའི་ཆོས་ལུགས་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་རྫོགས་ཚིག་བྲིས་པ་ལྟ་བུར་གྱུར་ཡོད། དེ་ཡང་ཁ་ཆེའི་གྷོརིའམ་གྷར་གྱི་རྒྱལ་པོ་ཤིཧབུ་དིན་བྱ་བས་རྒྱ་གར་གྱི་ཡུལ་གྲུ་མང་པོ་ཞིག་བཙན་བཟུང་བྱས་ཤིང་། མོ་ཧ་མམ་དབུལ་རྗེ་བྱ་བའི་དམག་དཔོན་གྱིས་པཱ་ལིའི་རྒྱལ་པོ་རྣམས་ཀྱི་ལག་ནས་མ་གྷ་དྷ་འཕྲོག་སྟེ་ནཱ་ལེནྡྲ་དང་ཨོ་ཏནྟ་པཱུ་རི་ལ་སོགས་པ་ཡང་རྨེག་མེད་དུ་བཅོམ། དེ་ལ་དགེ་ཆོས་ཀྱིས། དེས་ན་ཡུལ་དབུས་ནཱ་ལེནྡྲ་སོགས་རྨེག་མེད་དུ་བཅོམ་པ། གྷོརིའམ་གྷར་གྱི་རྒྱལ་པོ་རྣམས་ཡིན་ཞིང་། རང་རེས་གར་ལོག་བྱ་བ་ཡང་འདིའི་མིང་ལ་ཟེར་བར་མངོན་ལ། ཀླ་ཀློའི་དམག་ཡིན་ལས་ཀྱང་བི་ཧར་ཤ་རིབ་དང་། ཉེ་བར་སྐྲ་མེད་པའི་དགེ་སྦྱོད་རྣམས་ཀྱི་སྡེ་ཆེན་པོ་ཞིག་བཅོམ་ཞེས་བྱུང་བ་བིཧཱར་ཤ་རིབ་ཨོཏནྟ་པཱུ་རི་ལ་ཟེར་བ་འདི་ནཱ་ལེནྡྲ་ཡིན་པར་འདུག་ལ། བྷགཛི་ཡའི་དམག་དཔོན་ཞིག་གིས་རྟ་དམག་དང་རྫོང་ཚེགས་མེད་དུ་འཕྲོག དེར་གླེགས་བམ་ཤིན་ཏུ་མང་པོ་མཐོང་ནས་མི་ཐམས་ཅད་བསད་ཟིན་ནས་ཀློག་མཁན་མེད། འདི་རྣམས་ཅི་ལྟར་བྱེད་དགོས་དྲིས་པས་དམག་དཔོན་གྱིས་གལ་ཏེ་ཀོརན་ནས་བཤད་པ་དང་མཐུན་པའི་གཞུང་ཡིན་ན་ནི་ཀོརན་ཡོད་བཞིན་གཞན་འཇོག་པའི་དགོས་པ་མེད། གལ་ཏེ་མི་མཐུན་ན་ནི་ལྟ་ལོག་གི་ཆོས་ཡིན་པས་འཇོག་པའི་དགོས་པ་མེད་པས་མེ་ལ་སྲེགས་ཤིག་སྨྲས་ནས་བསྲེགས་ཞེས་དང་། དེ་བཞིན་པཎ་ཆེན་བོད་དུ་ཕེབས་པའི་ཕྱི་ལོ་དེར་བྷགཏེཡཤིང་ན་ནཱ་ལེནྡྲར་ཀླ་ཀློའི་དམག་བྱུང་བའི་ལོ་རྒྱུས་དུས་དུམ་ཙམ་རེ་ཆག་ལོའི་ལམ་ཡིག་དང་། ས་སྐྱའི་བསེ་མགོན་གྱི་ལོ་རྒྱུས་སོགས་ན་གསལ་ཞིང་། “རྒྱ་གར་དུ་འདིའི་ལོ་རྒྱུས་ཕྲ་ཞིབ་སུ་གང་ལ་ཡང་མི་སྣང་བས་ཀླ་ཀློས་བཅོམ་མོ་བྱ་བ་འདི་ཙམ་ཞིག་འཆད་ནུས་སོ་” ﹙38﹚ཞེས་སོགས་གསུངས། སྐྱེས་སར་ཀླུ་སྒྲུབ་ཀྱིས། ནཱ་ལེནྡྲའི་ལོ་རྒྱུས་གཞན་དུ་ཁ་ཆེའི་རྒྱལ་པོ་བྷག་ཏེས་ཁལ་རྫས་( BakhtiyarKhaIji) ཀྱི་སྟངས་འཛིན་འོག་ཏུར་ཀའི་(Turkish)ཁ་ཆེ་བཙན་འཛུལ་བས་སྤྱི་ལོ་༡༡༩༣ལོར་ནཱ་ལེནྡྲའི་གཙུག་ལག་ཁང་གཏོར་བཅོམ་ཤུགས་ཆེ་བྱས་ཚུལ་གསལ་ཞེས་གསུངས།﹙39﹚
ཆག་ལོ་ཆོས་རྗེ་དཔལ་ནི་དེ་ལྟའི་དུས་སྐབས་ནས་འགོ་ཚུགས་ཏེ་དུས་ཕྱིས་བོད་ཙམ་མ་ཡིན་པར་ཕལ་ཆེར་དཔལ་ནཱ་ལེནྡྲར་ཕེབས་པའི་ལོ་ཙཱ་བའི་མཇུག་སྡུད་ལྟ་བུར་སྣང་ལ།《ཆག་ལོའི་རྣམ་ཐར་》ལས། སྤྱི་ལོ་༡༢༢༤ལོར་ཁོང་དཔལ་ནཱ་ལེནྡྲར་བཞུགས་དུས་ཙ་ན་གནས་དེར་དགེ་འདུན་པ་བདུན་ཅུ་དང་པནྜི་ཏ་གཅིག་ལས་མེད་པ་དང་། དེ་དག་ལ་འཚོ་བ་སྦྱོར་བའི་དད་ལྡན་བཟའ་མི་གཉིས་ཡོད་པའང་ཁ་ཆེའི་རྒྱལ་པོ་ཞིག་གིས་བཀུག་ནས་ད་ཕྱིན་ཆད་སངས་རྒྱས་པའི་རྗེས་འཇུག་གི་བཙུན་པ་མགོ་རིལ་རྣམས་ལ་འཚོ་བ་སྦྱོར་མི་ཆོག་ཅེས་པའི་གནོན་ཤུགས་འོག་གནས་ཤིང་། དགེ་འདུན་དང་པཎྜི་ཏ་སོགས་གསོད་པར་རྩོམ་སྐབས་སུ་དད་ལྡན་རྒན་རྒོན་གཉིས་ནས་གསང་བརྡ་སྤྲད་པས། སྐབས་དེར་བཙུན་པ་གཞན་རྣམས་བྲོས། པཎྜི་ཏ་དགུང་ལོ་དགུ་བཅུ་ལྷག་ཏུ་ཕེབས་པ་ཞིག་འགྲོ་མ་ནུས་པ་ན། བོད་ཀྱི་ལོ་ཙཱ་བ་ཆག་ཆོས་རྗེ་དཔལ་གྱིས་པཎྜི་ཏ་ལ་ཞེན་ཆགས་ནས་མ་བྲོས་པར་པཎྜི་ཏའི་འཁྲིས་སུ་བསྡད་པར། པཎྜི་ཏས་གཞན་ཚང་མ་བྲོས་སོང་། ཁྱོད་བོད་མི་ཞིག་ང་ལ་ཞེན་ཆགས་ནས་སྡོད་པ་གླེན། བྲོས་མ་གཏོགས་གསོད་ཡོང་ཞེས་གསུངས། ཆག་ལོས། ཁྱེད་མ་ཕེབས་ན་ང་ཡང་མི་འགྲོ་ཞེས་བསྡད་པར། པཎྜི་ཏས་ཁྱོད་ལ་དད་པ་བརྟན་པོ་འདུག དེས་ན་ཨེ་ཐེག་ལྟོས་ཐེག་ན་བྲོས། ཐག་རིང་པོ་མི་ཐོན་ཡང་ཕར་ཙམ་ན་མགོན་ཁང་ཞིག་ཡོད་པ་དེར་ཡིབ་པས་འཐུས་གསུངས་པས། ཆག་ལོས་པཎྜི་ཏ་ཁུར་ནས་བསྐོར་བ་ཞིག་མཛད་པར་ཐེག་སྟེ། དེ་ནས་ནཱ་ལེནྡྲའི་རྒྱབ་ཏུ་མགོན་ཁང་བྱིན་རླབས་ཅན་ཞིག་ཡོད་པ་དེར་སོང་ནས་ཡིབ། ཅང་མ་འགོར་བར་རྟ་དམག་གང་འཚམ་སླེབས་ཀྱང་ལག་ཏུ་ཅི་ཡང་མ་རྙེད་པར་ཕྱིར་ལོག་﹙40﹚ཚུལ་གསུངས་པས། དེ་དག་ལ་གཞིགས་ན། དུས་སྐབས་དེ་ཙམ་ཞིག་ནས་དཔལ་ནཱ་ལེནྡྲས་མཚོན་པའི་ནང་པའི་དགོན་གནས་མང་ཆེ་བ་མིང་གི་ལྷག་མ་ཙམ་དུ་འགྱུར་ཟིན་པ་དཔོག་ནུས།
དེ་ཡང་ནཱ་ལེནྡྲའི་ཆག་འཇིག་ནི་དུས་སྐབས་གཅིག་ལ་མིན་པར་ལོ་མང་པོའི་རིང་ཡུལ་དུས་གནས་སྐབས་ཐམས་ཅད་ཀྱི་འཇིག་རྐྱེན་ངེས་ཅན་ཞིག་ཚང་བ་ལས་བྱུང་བ་ཡིན་པ་དཔེར་ན། མཁས་དབང་དགེ་ཆོས་ཀྱིས། པཎ་ཆེན་བོད་དུ་ཕེབས་པའི་ཕྱི་ལོ་དེར་བྷགཏེཡཤིང་ན་ནཱ་ལེནྡྲར་ཀླ་ཀློའི་དམག་བྱུང་བའི་ལོ་རྒྱུས་དུས་དུམ་ཙམ་རེ་ཆག་ལོའི་ལམ་ཡིག་དང་། ས་སྐྱའི་བསེ་མགོན་གྱི་ལོ་རྒྱུས་སོགས་ན་གསལ་﹙41﹚ཞེས་ཁ་ཆེ་པཎ་ཆེན་བོད་དུ་ཕེབས་པའི་ཕྱི་ལོ་སྟེ། སྤྱི་ལོ་༡༢༠༥ལོར་ནཱ་ལེནྡྲར་དམག་གི་འཇིགས་པ་བྱུང་ཚུལ་གསུངས་པ་ལྟར། དུས་རབས་བཅུ་གཉིས་པ་དང་བཅུ་གསུམ་པའི་མགོ་སྟོད་གཉིས་ཆར་ནཱ་ལེནྡྲས་མཚོན་པའི་ཡུལ་དབུས་སུ་ཁ་ཆེའི་དམག་གིས་དྲག་གནོན་ཤུགས་ཆེ་བྱས་པ་མཐོང་ཐུབ་པ་དང་། ཡང་དཔེར་ན། ཆག་ལོ་རྡོ་རྗེ་གདན་དུ་ཕེབས་སྐབས་“རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་སྒོ་སོ་ཕག་གིས་ལེགས་པར་བརྩིགས་ཞལ་ཞལ་བྱས། དེའི་ཙར་སྐུ་གཅིག་བཞག་སྟེ། ཅྗུས་མ་སྐུ་ཚབ་ཏུ་བྱས། ཕྱི་སྒོ་ལའང་འདམ་ཞལ་བརྒྱབ་ནས་དེར་དབང་ཕྱུག་ཆེན་པོའི་སྐུ་གཅིག་བྲིས་པས་དེ་མུ་སྟེགས་ཀྱིས་མི་ཤིག་པའི་ཐབས་བྱས་འདུག་པས་རང་རེ་ལྔ་པོའང་སྡོད་མི་ནུས་འབྲོས་དགོས་ཟེར་བ་ལ་ཉིན་ལམ་རིང་ལ་ཚད་པ་ཚ། སྐུ་སྙེལ་མུན་སྲོས་པས་དེར་གཟིམས་སུ་སོང་། གར་ལོག་བྱུང་ན་མི་ཚོར་བ་འདུག་གསུང་། རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་ནང་དུ་ཅི་ཡང་མེད་ཁུལ་བྱས་ཏེ་ཕྱི་རོལ་ཏུ་དབང་ཕྱུག་ལ་སོགས་པའི་འཇིག་རྟེན་པའི་ལྷ་མང་པོ་བཀྲམ་ནས་ཡོད་སྟབས་རེ་ཞིག་སྟོན་པའི་སྣང་བརྙན་ལ་མཇལ་མ་ཐུབ་”﹙42﹚ཅེས་གསུངས་པར་གཞིགས་ནའང་། ཡུལ་དབུས་ཀྱི་ནང་པ་དག་གིས་མཚོན་ཕྱོགས་སོ་སོའི་ནང་པའི་ཆོས་ལུགས་པའི་ཆོས་སྡེ་ཚང་མར་ཉམས་ཆག་ཆེན་པོ་བྱུང་ནས་ཕལ་ཆེར་རྫོགས་ཆི།ག་བཀོད་ཟིན་པ་ལྟ་བུར་སྣང་བ་རྟོགས་ཐུབ་སྙམ། དེ་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “ད་ལྟ་རྒྱུས་མེད་ཅིག་གིས་བལྟས་ན་འཇིག་ནས་ལོ་ལྔ་བཅུ་ལྷག་ཙམ་སྙམ་པར་འཆར། སྔར་ཐོག་སོ་བཞི་ཡོད་པ་སྟེང་མ་གཉིས་ནི་ཞིག་ཟིན། དེ་ལྟར་ན་བཙུན་པ་ཝེན་ཚག་གི་ནཱ་ལེནྡྲ་ཆོས་དང་འབྱོར་པས་བརྒྱན་པ་དགའ་ལྡན་ལྷ་ཡི་གནས་དང་མཚུངས་པ་གཅིག དེ་ནས་ཆག་ཆོས་རྗེ་དཔལ་གྱི་ནཱ་ལེནྡྲ་ཏུ་རུ་ཀའི་དམག་གིས་ཉེན་ཏེ་འཚུབ་ལེང་ངེ་བ་གཅིག དེ་ནས་མི་བསོད་ཟད་ཀྱི་ན་ལེན་རྩིག་གོག་དམར་ཧང་ངེ་གཅིག་སྟེ། དར་བ་དང་རྒུད་པ་དང་སྟོང་པའི་གནས་སྐབས་གསུམ་རྫོགས་པ་ཞེས་བྱའོ། །བསྐལ་པར་མི་ཉམས་མཁས་པའི་ངོ་མཚར་གཏམ། །སྐད་གཅིག་མི་སྡོད་འདུས་བྱས་བསླུ་བའི་ཆོས། །མཐོང་ཞིང་ཐོས་པའི་རྣམ་པ་ཐ་དད་པ། །ལྷན་ཅིག་ཚོགས་པའི་སྒྱུ་མ་དེ་ལྟ་ཉིད། །﹙43﹚ཅེས་གསུངས་སོ།
མདོར་ན། སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྙིང་ནས་དད་ཅིང་ཤ་ཚ་བའི་སྐྱེས་བུ་རྣམས་ལ་ནི་ལྟ་ཅི་སྨོས་ཏེ། ཕྱོགས་དང་རིས་སུ་མ་ཆད་པའི་ད་ལྟའི་གནས་སྐོར་བ་ཞིག་ལ་མཚོན་ནའང་སངས་རྒྱས་ཀྱི་མཛད་པ་ཇི་སྙེད་ཅིག་བསྟན་པའི་གནས་ཁྱད་པར་ཅན་མང་པོར་མཇལ་དུ་བྱོན་ཚེ་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་ནི་གནས་དེ་ཉིད་ཙམ་དུ་ཟད། ད་ལྟའི་འཛམ་བུ་གླིང་གི་ཤེས་རིག་གི་འཕེལ་ཕྱོགས་དང་། འཛམ་གླིང་རང་བཞིན་ལ་ཁ་ཕྱོགས་པའི་ཤེས་རིག་གང་གི་ཆ་ནས་ཀྱང་གནས་དེ་ཉིད་ཆེས་ཐོག་མའི་གནའ་བོའི་གཙུག་ལག་སློབ་གྲྭ་ཡིན་པར་གོ་བ་ཙམ་གྱིས་དཔལ་ནཱ་ལེནྡྲའི་མཚན་སྙན་དང་། གྲགས་པ་དོན་མཐུན་གྱི་སྙིང་པོ་ཡིད་ལ་བཅགས་ཏེ་མི་བཟོད་པའི་ཕངས་སེམས་དང་། བརྗོད་མི་ཤེས་པའི་སྐྱོ་སྣང་། བཀླག་མི་ཚར་བའི་གནའ་གཏམ་ཞིག་གི་ཁྲོད་ནས་ནམ་ཡང་སེམས་ངལ་ཞིག་གི་སྡུག་ཡུས་ལ་འཆིབས་ཏེ་འདུག་དགོས་པ་ཉིད་དུ་གྲུབ་ཡོད་དེ། མཁས་དབང་དགེ་ཆོས་ཀྱིས། “དེས་ན་དུས་ཀྱི་འགྱུར་བ་འདི་ལྟ་བུ་བྱུང་སྟེ་སྔར་ནང་པའི་རྒྱལ་ཁམས་ཀྱི་ལྟེ་བུར་གནས་པའི་ས་སྤྱོད་ཀྱི་ཞིང་ཆེན་པོ་དེ་དེང་སང་ནི་ཏུརུཀའི་ཕ་ཡུལ་དུགྱུར་ནས་ཡོད་པ་བསམ་ཚེ་སྐྱོབ་སྐྱེས་པའི་རྒྱུར་སྣང་”﹙44﹚ཞེས་གསུངས་པ་ནི་ལོ་རྒྱུས་དངོས་སྨྲ་བའི་གཏམ་ཚད་མར་གནས་སོ།
ལྔ་པ། གནའ་བོའི་གཙུག་ལག་སློབ་ཆེན་ནཱ་ལེནྡྲའི་འཇིག་རྐྱེན་སྣ་ཚོགས་བྱེ་བྲག་ཏུ་བཤད་པ།
ནང་པའི་ཆོས་ལུགས་དང་རྒྱ་གར་གྱི་གདོད་མའི་བྲམ་ཟེའི་ཆོས་ལུགས་ནི་ཡུལ་དུས་བག་ཆགས་དད་ཞེན་གང་གི་དབང་དུ་བྱས་ནའང་ཧ་ཅང་བསྡུར་ཐབས་མེད་པ་ཞིག་ཡིན་པ་ཆོས་འབྱུང་ལོ་རྒྱུས་དག་ལས་ཤེས་ཤིང་། དེ་ནི་ཆོས་ལུགས་རང་ངོས་ཀྱི་ཕན་ནུས་རིན་ཐང་གི་ཆ་ནས་མ་ཡིན་པར། དུས་ཡུན་རིང་པོའི་ནང་བཞག་པའི་མང་ཚོགས་ཀྱི་སེམས་སུ་ཡལ་མི་ནུས་པའི་བག་ཆགས་གདོད་མ་བ་དེ་ལས་བྱུང་བ་ཞིག་རེད་ལ། བག་ཆགས་གདོད་མ་བ་དེ་ཡང་ལུང་དང་རིགས་པའི་སྟོབས་ཀྱིས་བདེན་རྫུན་གཞལ་མི་དགོས་པར་དད་ཞེན་ཙམ་གྱི་ངོས་ནས་རྒྱུན་འཛིན་བྱེད་ཀྱི་ཡོད་པས་ཡིན། དུས་རབས་བཅུ་གསུམ་པར་རྒྱ་གར་དུ་ནང་པའི་ཆོས་ལུགས་ལ་རྫོགས་ཚིག་བྲིས་པའང་ཕུགས་དེད་ན་སངས་རྒྱས་ཤཱཀྱ་མུ་ནེ་དགུང་ལོ་ང་དྲུག་པར་མུ་སྟེགས་པའི་སྟོན་པ་རྫོགས་བྱེད་སོགས་དྲུག་དང་རྩོད་གླེང་བྱས་ཏེ་མུ་སྟེགས་པ་རྣམས་ཕམ་ཉེས་བཏང་བའི་རྐྱེན་དེའི་ནད་རྙིང་པ་སོས་པ་དང་། ཁྱད་པར་དམངས་ཀྱི་དད་པ་ཉམས་པ་ལ་ཐུག་ཡོད།
གོང་ཞུས་ལྟར། ནང་པའི་ཆོས་ལུགས་རྒྱ་གར་དུ་དུས་ཡུན་ངེས་ཅན་ཞིག་གི་ནང་དར་རྒྱས་བྱུང་བ་ནི། སྐབས་དེའི་རྒྱལ་པོ་དང་སྦྱིན་བདག་འབྱོར་ལྡན་སོགས་ནང་པའི་ཆོས་ལུགས་ལ་དད་འདུན་ཆེ་བ་ཚོས་གསར་བཞེངས་གནང་བའི་གཙུག་ལག་ཁང་ཆེན་པོ་དེ་ཆོའི་ཁོར་ཡུག་ནང་མ་གཏོགས། གཞི་རིམ་མང་ཚོགས་ནང་རྨང་གཞི་ཤ་ལ་སྣུམ་གྱིས་ཟིན་པ་ལྟ་བུ་ཞིག་བྱུང་མེད་པར་བརྟེན། དེ་ལ་སྐྱེས་སར་ཀླུ་སྒྲུབ་ཀྱིས། “དགོན་པ་ཁག་ཏུ་སངས་རྒྱས་ཀྱི་ལྟེ་གནས་ཆེན་པོ་བཙུགས་ནས་དགེ་འདུན་པ་ཚང་མ་དགོན་པའི་དཀྱིལ་འཁོར་ནང་བཞུགས་ནས་ཡོད་པ་དང་། དཔེ་ཆ་ཁག་ཀྱང་དགོན་པའི་ནང་ཡོད་སྟབས། མང་ཚོགས་རྣམས་ནི་སངས་རྒྱས་ཤཱཀྱ་མུ་ནེ་དང་། ཁོང་གི་ཆོས་ལུགས་ལ་དད་ཞེན་གཡོ་མེད་བྱེད་མཁན་དང་། ཁོང་ཚོར་འཚོ་བའི་མཐུན་རྐྱེན་སྦྱོར་མཁན་ཙམ་ལས་སོ་སོའི་བསམ་པར་ཆོས་ལུགས་ཀྱི་རྨང་གཞི་བརྟན་པོ་མེད་སྟབས་སངས་རྒྱས་ཆོས་ལུགས་ལ་མཚོན་ན་བློ་བདེ་བག་ཕེབས་ངང་ཡུན་གནས་ཡོང་བའི་ཆེས་བརྟན་བརླིང་གི་སྤྱི་ཚོགས་རྨང་གཞི་ཞིག་མེད་པ་རེད། དེའང་གཙོ་གནད་ཅིག་ནི་ཆོས་ལུགས་དེ་ཉིད་ཁོར་ཡུག་ངེས་ཅན་གྱི་ནང་མ་གཏོགས་དེ་ལས་བརྒལ་པའི་སངས་རྒྱས་ཆོས་ལུགས་ཀྱི་ཤེས་རྟོགས་གང་ཙམ་ཡོད་པའི་ཁོར་ཡུག་མེད་པ་དེའང་སངས་རྒྱས་ཆོས་ལུགས་ཡུན་རིང་གནས་མི་ཐུབ་པའི་རྒྱུ་རྐྱེན་ངེས་ཅན་ཞིག་རེད། དེང་སང་གི་བྱུང་རབས་སྨྲ་བ་ཕལ་མོ་ཆེས་ཀྱང་ཧིནྡཱིའི་ཆོས་ལུགས་ད་བར་གནས་རྐྱེན་དང་། སངས་རྒྱས་ཆོས་ལུགས་ཉམས་ཆག་འགྲོ་རྐྱེན་གཙོ་བོ་གཅིག་སངས་རྒྱས་ཆོས་ལུགས་པ་དང་ཆོས་དཔེ་ཚང་མ་དགོན་པར་ཡོད་པ་དང་། ཧིནྡཱིའི་ཆོས་ལུགས་པ་དང་ཆོས་དཔེ་གང་ཡོད་ཁྱིམ་ཚང་སོ་སོ་ན་ཡོད་སྟབས། སྔ་མ་མེད་པར་བཟོ་རྒྱུར་དགོན་པ་གཏོར་ན་འཐུས་པ་དང་། ཕྱི་མ་མེད་པར་བཟོ་རྒྱུར་ཁྱིམ་ཚང་གང་མང་གཏོར་དགོས་པའི་དཀའ་ངལ་ཡོད་སྟབས། གནས་སྟངས་དེ་འདྲའི་ཐོག་ནས་སངས་རྒྱས་ཆོས་ལུགས་རྩ་མེད་དུ་སོང་བ་དང་། ཧིནྡཱིའི་ཆོས་ལུགས་ལྷག་ཚུལ་ཤོད་ཀྱི་ཡོད་”﹙45﹚ཅེས་སྡོམ་ཚིག་བཀོད་པ་ནི་རྒྱ་གར་གྱི་ལོ་རྒྱུས་དངོས་ལ་བསྟུན་ཏེ་གསུངས་པའི་གཟུ་བོར་གནས་པའི་གཏམ་མོ།
གནའ་བོའི་རྒྱ་གར་གྱི་ལོ་རྒྱུས་དངོས་དོན་དེ་བཞིན་རང་རེའི་བཙན་པོ་གླང་དར་མས་བོད་དུ་སངས་རྒྱས་ཀྱི་བསྟན་པ་མེད་པར་བཟོ་རྒྱུའི་སྦྱོར་བའི་ཐོག་མ་སངས་རྒྱས་ཀྱི་བསྟན་པའི་གཞི་མ་འདུལ་བའི་བསྟན་པ་གནས་སའི་དགོན་པ་སོ་སོ་རྩ་མེད་དུ་བཟོས་པ་ལས་ཀྱང་རིགས་འདྲའི་ཆོས་ཉིད་འཚོལ་ཐུབ་པར་སེམས། གླང་དར་མས་བསྟན་པ་བསྣུབས་པའི་རྗེས་ཀྱི་ལོ་བདུན་ཅུའི་རིང་འདུལ་བའི་བསྟན་པ་ཉམས་ནས་དབྱར་གནས་དང་དགག་དབྱེའི་ཁྱད་པར་ཡང་མི་ཤེས་པའི་ཚད་དུ་སླེབས་འདུག་པ་སྟེ། བུ་སྟོན་རིན་པོ་ཆེས། “དབུས་གཙང་ན་སྡོམ་པ་དང་བཤད་ཉན་བཀའ་ཆད་དེ་མེད་ཅིང་གཙུག་ལག་ཁང་གི་གཉེར་པ་ཤམ་ཐབས་གོང་བ་ཅན་གྱོན་པ་ལ་མིང་གནས་བརྟན་དགྲ་བཅོམ་ཟེར་བས་བྱེད། སྡོམ་པ་སྲུང་ཟེར་ནས་དབྱར་ཟླ་གསུམ་རྩ་བཞི་སྣ་ཡུད་ལ་སྲུང་། དགག་བྱེད་ཟེར་ནས་དེ་ནས་མི་སྲུང་ངོ་། །སྔགས་པ་རྣམས་ཀྱང་རྒྱུད་ཀྱི་དོན་མ་རྟོགས་པར་སྦྱོར་སྒྲོལ་ལ་སོགས་ལོག་པར་སྤྱོད་དོ་”﹙46﹚ཞེས་གསུངས་པ་ལྟར། བོད་དུ་ནང་བསྟན་ལ་ཆག་སྐོ་དེ་ལྟ་བུ་བྱུང་མྱོང་བ་རང་རེ་ཀུན་གྱིས་ཡིད་ལ་བརྣགས་ནས། བསྟན་པའི་དཔང་པོར་འོས་པའི་སྐད་ཆ་རྣམ་པར་དག་པ་རེ་ཞུ་ཕོད་པའི་སྙིང་སྟོབས་ཡོད་དགོས་ཞེས་གསལ་འདེབས་ཀྱི་ཚུལ་དུ་ཞུའོ།
གཞན་ཡང་། གནའ་བོའི་རྒྱ་གར་དུ་ནང་པའི་ཆོས་ལུགས་ཀྱི་རྒྱབ་རྟེན་བཅོལ་ཡུལ་ནི་ཡུལ་གྱི་རྒྱལ་པོ་ཆེན་པོ་རྣམས་ཡིན་ཞིང་། རྒྱལ་པོ་དེ་ཚོར་བརྗེ་བསྒྱུར་སྣ་ཚོགས་ཡོང་གི་ཡོད་སྟབས། ཡུལ་གྱི་རྒྱལ་པོ་ནང་པའི་ཆོས་ལུགས་ལ་དད་ཞེན་ཡོད་མཁན་ཞིག་ཡིན་མིན་དེ། ནང་པའི་ཆོས་ལུགས་ཡུན་གནས་ཐུབ་མིན་དང་འབྲེལ་བ་ཡོད་པ་ཞིག་ཏུ་གྱུར་ཡོད། དེ་ནི་ནང་བསྟན་དང་འབྲེལ་བའི་བོད་ཀྱི་ལོ་རྒྱུས་དག་ལས་ཀྱང་ཤེས་ནུས་ཏེ། རྒྱལ་པོའི་རྒྱལ་ས་མ་བདེ་ན། སྤྲང་པོའི་ཉལ་ས་མི་བདེ་བའི་དཔེ་ལྟར་རོ། སངས་རྒྱས་ཆོས་ལུགས་ཀྱི་བྱུང་རབས་ལོ་རྒྱུས་ནང་དུ་ཙནྡྲ་བདུན་དང་། པཱ་ལ་བདུན་དུ་གྲགས་པ་ནི་སངས་རྒྱས་ཆོས་ལུགས་ལ་དད་ཞེན་རྒྱ་ཆེར་བྱེད་མཁན་གྱི་རྒྱལ་རབས་དག་ཡིན་ཞིང་། གཞན་པའི་རྒྱལ་པོ་རྣམས་ཀྱིས་ནང་པའི་ཆོས་ལུགས་ལ་རྒྱབ་སྐྱོར་མ་བྱས་པ་དང་། ནུས་པ་ཆེར་མ་བཏོན་པ་སོགས་ཀྱི་རྐྱེན་པས་དེ་དག་གི་སྐབས་སོ་སོར་ནཱ་ལེནྡྲར་ཉམས་ཆག་ཐེངས་མང་བྱུང་ཡོད། སྐྱེས་སར་ཀླུ་སྒྲུབ་ཀྱིས།“རྒྱལ་པོ་ཟེར་བ་དེ་ནི་འགྱུར་ལྡོག་འགྲོ་སླ་བ་ཙམ་དུ་མ་ཟད། སུས་ཀྱང་ཐོབ་རྩོད་ཀྱི་ཡུལ་ཞིག་ཡིན་སྟབས། རྒྱལ་པོའི་དར་རྒུད་དང་སངས་རྒྱས་ཆོས་ལུགས་ཀྱི་ཚེ་སྲོག་གཤིབ་ནས་ཡོད་སྟབས་དུས་ཕྱིས་སངས་རྒྱས་ཆོས་ལུགས་ལ་ལྷག་བསམ་ཆེན་པོ་ཡོད་པའི་སྟོབས་ལྡན་གྱི་རྒྱལ་པོ་མ་བྱུང་བ་དང་། རྒྱ་གར་ལ་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་པོ་དེ་ཚོ་མཐའ་གཅིག་ཏུ་ཁ་ཆེའི་ཆོས་ལུགས་ལ་དད་འདུན་དང་གུས་བརྩི་བྱེད་མཁན་ཡིན་སྟབས་སངས་རྒྱས་ཆོས་ལུགས་པ་རྣམས་ལ་སྦྱིན་བདག་བྱེད་རྒྱུ་ཕར་ཞོག་རྒྱ་གར་ནང་སངས་རྒྱས་ཆོས་ལུགས་མཇུག་སྡུད་ལྟ་བུ་བརྒྱབ་པ་རེད་” ﹙47﹚ཅེས་གསུངས་པ་ལྟར། དེ་ལྟ་བུའི་རྒྱུ་རྐྱེན་གྱིས་ནང་པའི་ཆོས་ལུགས་ལ་མཇུག་སྡུད་ལྟ་བུ་བརྒྱབ་ཅིང་། རྡོ་རྗེ་གདན་ལ་སོགས་པའི་གཙུག་ལག་ཁང་འགའ་རེ་མ་འཇིག་ཙམ་དུ་ཡོད་པ་རྣམས་ཀྱི་སྒོ་དང་གྱང་གོག་ལ་ཕྱི་རོལ་པའི་ལྷ་དང་རི་མོ་བྲིས་ནས་སྒོ་སྲུང་བ་རྣམས་ཀྱིས་གནས་དེ་ཁོ་ཆོའི་སྟོན་པའི་བཞུགས་གནས་དང་ལྷ་ཁང་ཡིན་པའི་ལོ་རྒྱུས་དགོད་སློང་བ་མང་པོ་བཤད་རྒྱུ་ཡོད་སྐད། གནའ་བོའི་རྒྱ་གར་དུ་ནང་པའི་ཆོས་ལུགས་ལ་མཇུག་སྡུད་ལྟ་བུ་བརྒྱབ་པ་དེ་བཞིན་བོད་དུ་ཡང་འདྲ་སེ་བ་ཞིག་བྱུང་ཡོད་དེ། བནྡྷེ་ཆེན་པོ་དང་། ཉང་ཏིང་འཛིན་བཟང་པོ་དང་། རྨ་རིན་ཆེན་མཆོག་ལ་སོགས་པ་ཆོས་སྲིད་གང་ལའང་བློ་དཀར་བ་རྣམས་བསད། བཙུན་པའི་རྟགས་བོར་དུ་མི་འདོད་པ་དག་རྔོན་པ་ལ་བཏང་། མི་ཉན་པ་རྣམས་བསད། གཙུག་ལག་ཁང་རྣམས་ཀྱི་སྒོ་ལ་བཙུན་པ་ཆང་འཐུང་གི་རི་མོ་བྲིས། པོ་ཏི་ཐམས་ཅད་མེད་པར་བཏང་བ་སོགས་ཀྱི་ལོ་རྒྱུས་ཡོད་པ་ལས་ཤེས་ཐུབ།
གཞན་ཡང་སངས་རྒྱས་ཤཱཀྱ་མུ་ནེའི་རིང་ནས་བཟུང་སྟེ་སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་ཇི་སྙེད་ཅིག་རིམ་པར་བྱུང་ཡོད་ན་ཡང་། དེ་ཚོ་ཚང་མར་རྒྱལ་པོའི་བང་མཛོད་ནས་འགྲོ་གྲོན་གཏོང་དགོས་པ་དང་། རྒྱལ་པོའི་ཕོ་བྲང་ནས་འགྲོ་སོང་ཅི་ཙམ་ཆེ་བ་གཏོང་བ་དེའི་ཚོད་ཀྱིས་མང་ཚོགས་ཀྱི་ཁུར་པོ་ལྕི་རུ་འགྲོ་སྲིད་ཕྱིར། མཐར་ནང་པའི་དགོན་པ་ཁག་ལ་དཔལ་འབྱོར་གྱི་རྒྱས་སྤྲོས་ཆེན་པོ་བྱས་པ་ལས་གཞི་རིམ་མང་ཚོགས་ཀྱི་དཔལ་འབྱོར་གྱི་གཉའ་གནོན་ལྕི་དྲག་ཏུ་ཕྱིན་པའི་དབང་གིས་སངས་རྒྱས་ཆོས་ལུགས་འདི་བཞིན་རྒྱ་གར་གྱི་སྤྱི་ཚོགས་ནས་འཇའ་ཡལ་བ་ལྟར་ཕྱིན་པ་རེད། དེ་ལྟའི་གནས་ཚུལ་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་ཡང་བྱུང་མྱོང་སྟེ། རབ་ཏུ་བྱུང་བ་ལ་ཆབ་སྲིད་ཕུལ། ཁྱིམ་དུད་བགོས། བཙན་པོས་ཀྱང་དབུ་སྐྲ་གདན་དུ་གདིང་། ཞབས་སྤྱི་བོར་ལེན་པ་སོགས་ལ་བརྟེན། མཐར་རྒྱལ་པོའི་སྲིད་མ་བདེ། བློན་པོའི་སེམས་ཁ་མ་མཐུན། མང་ཚོགས་ཀྱི་འཚོ་བ་མ་སྐྱིད། ལྷ་སྲས་ཡུལ་ནས་སྤྱུགས། བན་ཆེན་པོ་བཀུམ། བཙུན་མོ་ལྕེབས། བཙན་པོ་ཡང་བཀྲོངས་པ་ལ་སོགས་ཀྱི་གནས་ཚུལ་བྱུང་བ་དེའི་རྒྱབ་ལྗོངས་ལ་གཞིགས་ནའང་གནའ་བོའི་རྒྱ་གར་དང་འདྲ་བར་ནང་པའི་ཆོས་ལ་དད་པ་བྱེད་མཁན་གྱི་མང་ཚོགས་ཀྱི་བསམ་བློ་ལ་འགྱུར་ལྡོག་བྱུང་བ་ཞིག་གི་ལོ་རྒྱུས་གསལ་པོར་མ་ཞུས་ཀྱང་ཞར་ལ་གོ་འོང་བ་ལྟ་བུ་རེད།
དེ་མིན་སྐབས་དེའི་རྒྱ་གར་དུ་གསང་སྔགས་ཀྱི་ཆོས་གསང་སྔགས་ཀྱི་སར་མ་གནས་པར་སྤྱོད་པ་ལོག་པ་རྒྱ་ཆེར་སྤེལ་བས། མང་ཚོགས་ལ་དད་ལོག་བྱུང་བ་ཡིན། 《རྒྱ་གར་ཆོས་འབྱུང་》དུ། “སྔོན་གྱི་སྐྱེས་བུ་རྣམས་ཤིན་ཏུ་སྒོམ་ཞིང་གསང་བ་སྲུང་བ་ཡིན་པའི་ཕྱིར་དེ་དག་རིག་པ་འཛིན་པ་མ་གྲུབ་ཀྱི་བར་དུ་སུས་ཀྱང་གསང་སྔགས་སྤྱོད་པ་ཡིན་པར་མི་ཤེས་ཏེ། གང་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་མཁའ་ལ་གཤེགས་པའམ་མི་སྣང་བར་གྱུར་པ་ན། ཀྱེ་མ་དེ་དག་ནི་སྔགས་ཀྱི་སྤྱོད་པ་ཅན་ཡིན་ནོ་སླད་ནས་རིག་པར་འགྱུར་བ་ཤ་སྟག་གོ་”﹙48﹚ཞེས་སོགས་གསུངས་པ་ལྟར་ཡིན་མོད། སྐབས་དེ་དུས་ཙ་ན་གསང་སྔགས་ཀྱི་ལུགས་འཛིན་པར་གྲགས་པ་འགའི་སྤྱོད་པ་ཡ་མ་ཆ་ནི་བློ་གྲོས་ཀྱི་མིག་ཅུང་ཟད་ཙམ་ལྡན་པ་ཞིག་ཡིན་ན་དད་པ་ཕར་ཞོག མི་དོན་ལྡན་ཞིག་གི་གྲལ་དུའང་མི་བརྩི་བའི་ཚོད་དུ་སླེབས་ཡོད། དེ་ལྟར་ནང་པའི་ཁོར་ཡུག་ཀུན་ཏུ་ལྟ་གྲུབ་སྣ་ཚོགས་བྱུང་ནས་ཕན་ཚུན་འགལ་ཟླ་ཤུགས་ཆེན་ཆགས་པ་བཅས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་རིམ་གྱིས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཉམས་ཆག་སོང་བ་ཞིག་ཡིན་པ་ནི། རྟགས་དང་མཐུན་ཕྱོགས་མང་པོ་འགོད་མི་དགོས་པར་དངོས་མཐོང་བོད་ཀྱི་ལོ་རྒྱུས་ཀྱི་དཔེས་ཀྱང་མཚོན་ནུས་ཏེ། བོད་དུ་བསྟན་པ་ཕྱི་དར་གྱི་དབུ་ཙམ་ལ་ལྷ་བླ་མ་ཁུ་དབོན་གྱིས་དཀའ་བ་ཆེན་པོ་དང་དུ་བཞེས་པ་ཡང་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་སྒོས་སུ་འདུལ་བའི་བསྟན་པ་ཉམས་པ་གསོ་ཕྱིར་ཡིན་པ་དེ་ལས་རྟོགས་ཐུབ།
ཡང་ཕྱོགས་གཞན་ཞིག་གི་ངོས་ནས་ཞུས་ན། སྐབས་དེའི་རྒྱ་གར་གྱི་གཞི་རིམ་མང་ཚོགས་ཀྱི་བསམ་བློ་ནི་བོད་དང་འདྲ་བར་རང་གི་ཆོས་བརྒྱུད་གང་དེའི་བླ་མའམ་སློབ་དཔོན་གང་རུང་ཞིག་ལ་དད་འདུན་ཁོ་ན་ཙམ་འཆང་བར་བྱེད་པའི་གནས་སྟངས་འོག་ཡོད་པ་མ་ཟད། སྐྱབས་བཅོལ་ཡུལ་གྱི་ཁྱད་ཆོས་དང་སྐྱབས་སུ་བཅོལ་བའི་དགོས་པ་སོགས་གང་ལའང་བསམ་བློ་མི་གཏོང་བར་དད་ཞེན་རྐྱང་པ་འབའ་ཞིག་ལ་བརྟེན་པ་ཡིན། སྒོས་སུ་མང་ཚོགས་རྣམས་ནི་སྲོལ་རྒྱུན་གྱི་བསམ་བློའི་ཤུགས་རྐྱེན་གྱི་བྲན་གཡོག་ལྟ་བུར་གྱུར་ནས་གནས་ལུགས་འཚོལ་བའི་ཕྱག་སྲོལ་མེད་པ་ལྟ་བུར་གནས་ཡོད། དཔེར་ན། ཡུལ་མཉན་ཡོད་ནས་སངས་རྒྱས་ཤཱཀྱ་མུ་ནེས་མུ་སྟེགས་པའི་སྟོན་པ་རྫོགས་བྱེད་སོགས་དྲུག་དང་རྫུ་འཕྲུལ་འགྲན་པས། མུ་སྟེགས་པ་རྣམས་ཕམ། མཐར་རང་ཤི་བརྒྱབ་པ་དེ་ཚོའི་སློབ་མ་མང་པོ་སངས་རྒྱས་ཆོས་ལུགས་སུ་ཞུགས་པ་དང་། ཕྱིས་སུ་སློབ་དཔོན་རྟ་དབྱངས་ཁོང་སློབ་དཔོན་ཨརྱ་དེ་བའམ་སློབ་དཔོན་པར་སཱི་བས་བཏུལ་སྐབས་སློབ་དཔོན་རྟ་དབྱངས་རང་ཉིད་དང་ལྷན་དུ་ཁོང་གི་སློབ་མ་དང་། དད་ལྡན་མང་ཚོགས་ཁྲི་སྟོང་མང་པོ་སངས་རྒྱས་ཆོས་ལུགས་སུ་ཞུགས་པ་དང་། དེ་མཚུངས་སུ་ནང་པའི་པཎ་གྲུབ་མང་པོ་མུ་སྟེགས་པའི་མཁས་པ་དང་རྩོད་དུ་ཕེབས་པ་རྣམས་མུ་སྟེགས་པའི་ལག་ནས་ཕམ་སྟེ། པཎ་གྲུབ་དེའི་མངའ་ཞབས་ཀྱི་གཙུག་ལག་ཁང་དང་སློབ་མ་ཡོངས་རྫོགས་མུ་སྟེགས་པའི་ཆོས་སུ་བསྒྱུར་དགོས་བྱུང་བ་སོགས། དེ་དག་གི་ཐོག་ནས་མངའ་ཞབས་ཀྱི་མང་ཚོགས་རྣམས་གནས་ལུགས་ཚད་མའི་རྗེས་སུ་འབྲངས་ཏེ་ཆོས་ལུགས་དེའི་སྐོར་ཞུགས་པ་མིན་པར། བཙན་པོའི་དབང་ཤུགས་དང་དད་ཞེན་རྐྱང་པ་ཙམ་གྱི་རྗེས་སུ་འབྲངས་ནས་པཎ་གྲུབ་གང་ཡང་རུང་བའི་ཕྱོགས་བཟུང་བ་ཙམ་ཡིན་པ་གོ་ནུས། ཁ་ནང་དུ་བསྐོར་ནས་བསམ་གཞིག་བགྱིས་ན། ད་ལྟའི་བོད་དུའང་རབ་ཏུ་བྱུང་བའི་མིང་འཛིན་པ་འགའ་ཞིག་བཞུགས་ས་དགོན་པ་ན་མི་བཞུགས་པར་འདོད་ཡོན་རྒྱས་ས་གང་ཡིན་དུ་སྦྲང་མ་མེ་ཏོག་ལ་འཁོར་བ་བཞིན་གནས་ལ། དེ་ལྟའི་ངང་དུ་ཐམས་ཅད་སྔགས་པ་བཅོས་མ་ཞིག་ཏུ་ཆགས།“གྲུབ་རྟགས་མེད་མཁན་མེད་ཅིང་། མངོན་མཁྱེན་མེད་མཁན་ཡང་མེད་པའི་ཆོས་པ་”མང་པོ་ནམ་མཁའི་སྐར་ཚོགས་བཞིན་འཕེལ་ཏེ། མཐར་གང་ལ་འབྱོར་པ་ཡོད་པ་དེ་རུ་སངས་རྒྱས་ཀྱི་བསྟན་པའང་དེའི་དབང་བཙན་པོའི་མངའ་ཞབས་སུ་གྱུར་བའི་སྣང་ཚུལ་མཆིས་པ་ནི་བསྟན་པ་འདོད་ཡོན་གྱིས་འཇིག་པའི་སྔ་ལྟས་ཤིག་ཏུ་སྣང་། ནམ་ཞིག་རང་རིགས་ཀྱི་མང་ཚོགས་འབྱོར་པས་དབེན་པ་དག་ལ་དོན་དམ་འཆི་ལམ་སྟོན་མཁན་གྱི་འདུན་པ་བཅོལ་ཡུལ་གཅིག་རྙེད་དཀའ་བའི་ཚོད་ལ་སླེབས་ཚེ། ཆོས་པ་རྣམས་ལ་ལྡོག་འདྲི་མང་པོ་ཞིག་དབང་མེད་དུ་འབྱུང་ངེས། དེ་ལྟ་བུའི་བསླབ་བྱ་ནི་སྐབས་འདིའི་གླེང་བྱའི་ལོ་རྒྱུས་ཀྱི་དངོས་དོན་དག་ལས་ཤེས་ནུས་པས། སེསྒེའི་ཕུང་པོ་ལ་འབུ་སྲིན་ཤོར་བ་ན་གཞི་ལམ་འབྲས་གསུམ་དུས་གཅིག་ཏུ་གཞོམ་རྒྱུ་ལས། བརླ་ཤ་དོར་ནས་མགོ་ཤ་སྐྱོར་བའི་བླང་དོར་གྱི་གོ་སྐབས་ཤིག་ཡོང་མི་སྲེད་པ་ཤེས་གལ་ཆེ།
དཔལ་ནཱ་ལེནྡྲའི་མཐའ་མའི་འཇིག་རྐྱེན་གྱི་སྐོར་ལ་སྐྱེས་སར་ཀླུ་སྒྲུབ་ཀྱིས། “དུས་ཚོད་ཀྱི་ཆ་དང་། འགྲན་རྩོད་ཀྱི་ཆ། ཁོར་ཡུག་གི་ཆ། རྒྱབ་རྟེན་གྱི་ཆ། ཆོས་དང་ཆོས་པ་རང་ངོས་ཀྱི་ཆ། མང་ཚོགས་ཀྱི་ཆ་བཅས་ཕྱོགས་མང་པོ་ནས་བལྟས་ཚེས་ངས་རྒྱས་ཆོས་ལུགས་ཡུན་རིང་གནས་མི་ཐུབ་པའི་རྨང་གཞི་རྒྱུ་རྐྱེན་ཆེས་འཛོམ་བསྡད་པའི་སྐབས་སུ། གློ་བུར་དུ་དྲག་དམག་གི་འཕྲལ་རྐྱེན་ཞིག་བྱུང་བ་ནི། གཅིག་ནས་སངས་རྒྱས་ཆོས་ཀྱིས་མཚོན་པའི་རྒྱ་གར་གྱི་ཆོས་ལུགས་གཏན་སྣུབ་བྱས་ཏེ་འཛམ་གླིང་ཚང་མར་ཁ་ཆེའི་ཆོས་ལུགས་ཀྱིས་དབང་བསྒྱུར་བྱེད་འདོད་ཀྱི་ཧམ་སེམས་དང་། གཉིས་ནས་རྒྱ་གར་གྱི་དཔལ་ཡོན་ལ་འདོད་སྲེད་མེ་ལྟར་མཆེད་པའི་རྒྱུ་རྐྱེན་འོག་ཁ་ཆེའི་དམག་དཔུང་རིམ་བསྟུན་སླེབས་ནས་མཐར་རྒྱ་གར་ཁ་ཆེའི་དབང་འོག་ཏུ་ཤོར་ཏེ་རྒྱ་གར་འཕགས་པའི་ཡུལ་གྱི་སྣོད་བཅུད་གཉིས་ཀའི་པགས་པ་དམར་བཤུ་བརྒྱབ་པ་རེད་”﹙49﹚ཅེས་གསུངས་པ་ལྟར། ཁ་ཆེའི་དམག་ཤུགས་ཀྱིས་རྒྱ་གར་འཕགས་པའི་ཡུལ་གྱི་སྣོད་བཅུད་གཉིས་ཀ་ཁ་ཆེའི་དབང་དུ་བསྡུས་པས་ཡིན་པ་བདེན་མོད། དེ་ལྟའི་མཇུག་འབྲས་ནི་ཕྱི་ནང་གི་རྐྱེན་དུ་མ་ཚོགས་པ་ལས་རིམ་གྱིས་སྨིན་པ་ཞིག་ཡིན། གང་ལྟར་ཁ་ཆེའི་དྲག་ཤུགས་ཀྱིས་རྒྱ་གར་འཕགས་པའི་ཡུལ་གྱི་རྒྱུ་ནོར་དཔལ་འབྱོར་ཐམས་ཅད་བཙན་འཕྲོག་བྱས་པའི་ཁར། རྒྱ་གར་རང་གི་ཆོས་ལུགས་ཐམས་ཅད་གཏན་དུ་བསྣུབས་པ་དེ་ཉིད་ནང་པའི་རྣལ་འབྱོར་བ་ཕོ་མོའི་གྲུབ་རྟགས་དང་། མཁས་པ་དང་པཎྜི་ཏའི་བགྲོ་གླེང་། རྒྱལ་པོའི་དམག་དཔུང་། ཕྱུག་པོའི་རྒྱུ་ནོར་གང་གིས་ཀྱང་བཟློག་མ་ཐུབ་པར། མཐར་སངས་རྒྱས་ཆོས་ལུགས་རང་ཉིད་རང་གི་ཕ་ཡུལ་ནས་ནམ་མཁའི་འཇའ་ཚོན་བཞིན་ཡལ་བར་གྱུར་ཏོ།
རྒྱ་གར་རང་ལ་མཚོན་ན། ཁ་ཆེ་བཙན་འཛུལ་རིང་ལུགས་པས་རྒྱ་གར་གྱི་ཆོས་ལུགས་ཚང་མར་རྒྱུག་པ་ལེབ་རྡུང་བཏང་བ་ལས་མཐའ་གཅིག་ཏུ་སངས་རྒྱས་ཆོས་ལུགས་ཁོ་ན་ལ་འཁོན་སེམས་བྱས་པ་ཞིག་མ་ཡིན་ཏེ། ཁོ་པ་ཚོའི་དམིགས་ཡུལ་འགྲུབ་ཆེད་རང་གི་ཕ་མ་ཉེ་དུ་ཐམས་ཅད་ལའང་གཅིག་མཚུངས་སུ་མི་ཆོས་ལས་རིང་དུ་འདས་པའི་ཡ་ངའི་སྤྱོད་པས་དྲག་གནོན་བྱས་ཡོད་པ་ནི། སྐྱེས་སར་ཀླུ་སྒྲུབ་ཀྱིས། “སྐབས་དེའི་གསོད་རྡུང་གི་བྱེད་བབ་ལ་མཚོན་ན། ཁ་ཆེ་བས་རྒྱ་གར་ནང་བཙན་འཛུལ་བྱེད་སྐབས་མའི་མིག་སྔར་བུ་ཕྲུག་བསད་ནས་བུའི་སྙིང་ཨ་མའི་ཁར་རྫོང་བ་དང་། ད་དུང་ཁ་ཆེའི་རྒྱལ་པོ་མོཧཱམ་མཏ་བྱ་བས་རང་ལ་རྒྱལ་ཁྲི་ཐོབ་ཆེད་ཕ་བསད། ཐེངས་ཤིག་ཁོ་རང་ལ་ཁ་གཏོང་མཁན་གྱི་ཡུལ་མི་ཆ་ཚང་བཟུང། མགྲིན་པར་ཞ་ཉེ་ཞུན་མ་བླུགས་པ་དང་། པགས་པ་གསོན་པོར་བཤུ་བ། ལྟོ་བ་ལྕགས་ཐུར་གྱིས་དཀྲུག་པ། རུས་པ་རྡུང་བ་སོགས་གསོད་ལུགས་ལྟ་མི་བཟོད་པ་མང་དུ་བྱས་་་་་་་རང་གི་སྤུན་བཧོདེན་གྱིས་ངོ་ལོག་གྲབས་བྱས་པ་བཟུང་ནས་གསོན་པོར་པགས་པ་བཤུས། ཤ་རྣམས་འབྲས་དང་མཉམ་དུ་བཙོས་ཏེ་གླང་པོ་ཆེ་ལ་བྱིན། དེའི་ལྷག་མ་རྣམས་ཁོའི་བུ་དང་ཆུང་མ་ལ་སྤྲད། པགས་པའི་ནང་དུ་རྩ་བརྒྱང་སྟེ་བུ་དང་ཆུང་མའི་གཉའ་བར་བཞག་ནས་གྲོང་ཁྱེར་ཆེན་པོ་རྣམས་བསྐོར་དུ་བཅུག་པ་སོགས་བློ་ཡུལ་ལས་འདས་པ་མང་དུ་བྱུང་ཡོད་”﹙50﹚ཅེས་གསུངས་པ་ལས་ཤེས་ནུས་སོ།
མཇུག་བསྡུ་བའི་གཏམ།
དེ་ཡང་སྤྱིར་དུས་རབས་མང་པོ་དང་ལོ་རབས་མང་པོའི་དར་རྒུད་རིང་མོའི་ལོ་རྒྱུས་འཚོལ་བ་ནི་ཆེས་ཤིན་ཏུ་དཀའ་ཁག་ཆེ་བའི་ལས་ཤིག་ཡིན་ལ། སྒོས་སུ་ལོ་རྒྱུས་ཡིག་ཚང་དང་། རྒྱལ་རབས་ལོ་རྒྱུས་སོགས་ཀྱི་རྒྱུ་ཆ་དོན་དངོས་མཚོན་པ་ཞིག་མ་རྙེད་ཚེ་དུས་སྐབས་དེ་དང་དེའི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱ་རྒྱུ་ནི་ལས་སླ་པོ་ཞིག་མ་ཡིན། རྩོམ་ཡིག་འདིར་མཚོན་ན། རྒྱ་གར་རང་གི་ལོ་རྒྱུས་ལ་གསལ་ཁ་ཡོད་པའི་རྒྱ་གར་གྱི་མཁས་པ་རྣམས་ཀྱིས་བྲིས་པའི་ལོ་རྒྱུས་ཡིག་ཆ་དགོས་གལ་ཆེ་ཡང་། གནའ་བོའི་རྒྱ་གར་ལ་རང་གི་མཁས་པས་བྲིས་པའི་ལོ་རྒྱུས་རྣམས་ནི་ངོ་མཚར་བའི་གཏམ་ཐ་མལ་ཡིད་འགུག་གི་རྟོག་བཏགས་དང་། རིག་བྱེད་ཀྱི་གཏམ་རྒྱུད་ལྟ་བུའི་ངོ་མཚར་ལྷང་ངེ་བ་སྐྱེད་བྱེད་འབའ་ཞིག་ཙམ་ལས་དོན་དངོས་མཚོན་པའི་ལོ་རྒྱུས་འབྲི་བའི་སྲོལ་ཧ་ལམ་མེད་པ་འདྲ་འདུག་སྟེ། མཁས་དབང་དགེ་ཆོས་ཀྱིས། “རྒྱ་གར་རིགས་པའི་འབྱུང་གནས་ལྟ་བུ་འདི་ལ་མི་ཟད་པའི་ཉམ་ཐག་པ་ཆེན་པོ་ཞིག་བྱུང་བ་ནི། འདི་ལྟར་སྔོན་གྱི་ཚེ་སྐྱེས་བུ་ཆེན་པོ་སའི་རྒྱན་དུ་གྱུར་བ་ཇི་སྙེད་ཅིག་བྱུང་ཡང་དེ་དག་ལ་རིས་དང་། རྒྱུད་པ་དང་། བྱ་བ་ན་ཚོད་སོགས་མིའི་ལུགས་སུ་བྱས་ནས་དུས་བསྒྲིགས་པའི་རྒྱལ་རབས་རྒྱ་ནག་དང་ཏ་ཟིག་དང་རོ་མན་སོགས་ཀྱིས་བྲིས་པ་དེ་ལྟ་བུ་ཀསྨིར་རྒྱལ་རབས་རཛཏརངྒིནི་བྱ་བ་གོ་དཀའ་བའི་སྙན་དངགས་ཀྱི་ཚིགས་བཅད་དུ་བྱས་པ་ཀླ་ཀློ་སླེབས་ཀྱི་བར་ཁ་ཆེའི་ཡུལ་དུ་གང་བྱུང་བྲིས་པ་འདི་གཅིག་བུ་མ་གཏོགས་ཡེ་མ་བྱུང་བ་ཡིན་ནོ། །འདིའི་ཆ་ནས་རྒྱ་གར་རྒན་པོ་དེ་རྣམས་རྒྱ་ནག་དང་། ཏ་ཟིག་སོགས་ལས་སྨོས་ཅི་དགོས། བོད་ལས་ཀྱང་ཅུང་ངན་ཏེ། བོད་རྣམས་གཉའ་ཁྲི་བཙན་པོ་ནས་མངའ་རིས་ཆོས་རྒྱལ་ཡབ་སྲས་ཀྱི་བར་སྒྲོ་འདོགས་ཅི་རིགས་པར་བསྲེས་སུ་ཟད་མོད། རྒྱལ་རབས་ཀྱི་མིང་བཏུ་ནུས་པ་ཙམ་ཡོད་པ་ཡིན་ལ། ཆོས་རྒྱལ་མྱ་ངན་མེད་དང་། ཟླ་བ་སྦས་པ་ལྟ་བུ་ཡང་རྒྱལ་ཐོག་རེ་གཉིས་ཙམ་ལས་སྔར་གང་བྱུང་དང་། ཕྱིས་གང་དུ་སོང་མི་ཤེས་པ་ཡིན་ནོ། །དེ་ཡང་ཤིང་གི་ཀ་ཆེན་ཞིག་མི་ལྔ་བཅུས་དྲངས་ཏེ་ལྷ་ཁང་དེ་བཞེངས་བྱ་བ་སོགས་གཏམ་དཀྱུས་མར་བསམ་སྟེ་རྩིས་མེད་དུ་བཞག་ནས། ལྕགས་ཀྱི་ཀ་བ་རི་བོང་མཇུག་མར་བཏགས་ཏེ་དྲངས་པའི་ལོ་རྒྱུས་སོགས་ལ་ཆེས་ཡིད་འཕྲོག་པ་བྱིས་པ་ཆུང་ངུའི་གཤིས་ལུགས་དེ་གོང་དུ་འཕེལ་ཏེ་རྒྱལ་རབས་རྣམས་རྩ་མེད་དུ་བོར་བ་བྱུང་ཞིང་། རམ་དང་། སྐྱ་སེང་བུ་ལ་སོགས་པའི་གཏམ་རྒྱུད་འབུམ་གྱི་མང་ཉུང་ལས་ཀྱང་ལྷག་པར་དག་བྲིས་པར་ཡང་། ཆེད་དུ་གཉེར་ཏེ་སྐྱེ་བོ་བླུན་པོ་རྣམས་ངོ་མཚར་བའི་སླད་དུ་མཐུ་རྩལ་ཆེ་ཤོས་ཀྱི་སྲིན་པོ་དང་། ཆུང་ཤོས་ཀྱི་སྤྲེའུ་རྣམས་གཡུལ་བཀྱེས་ཏེ་སྔ་མ་ཕམ་པར་བྱས་པ་སོགས་བྲིས་པས་སྒྲུང་གི་མིང་ལས་རྒྱལ་རབས་ཀྱི་མིང་ཐོགས་པའི་གནས་མ་མཆིས་ཤིང་། དེ་ཉིད་ལ་ཚད་མར་བྱས་ཚེ་སྐྱེ་བོ་འབུམ་ཕྲག་དུ་མ་དག་གི་ཤེས་རབ་འཆལ་ཏེ་ཕྱིས་འདི་ལྟ་བུའི་ངོ་མཚར་དང་མ་བསྲེས་པ་དག་ཚྭ་མེད་པའི་ཚོད་མ་བཞིན་དུ་མྱང་མི་འདོད་པ་བྱུང་བ་ཡིན་ནོ་”﹙51﹚ཞེས་གསུངས་པ་ལྟར། རྒྱལ་རབས་ལོ་རྒྱུས་སོགས་ནི་གཏམ་དཀྱུས་མར་བསམ་སྟེ་རྩིས་མེད་དུ་བཞག་ཡོད། ད་ཡོད་《ཆག་ལོ་ཙཱ་བའི་ལམ་ཡིག་》དང་། བུ་སྟོན་རིན་པོ་ཆེས་བརྩམས་པའི་《བུ་སྟོན་ཆོས་འབྱུང་》དང་། ཏཱ་ར་ནཱ་ཐས་བརྩམས་པའི་《རྒྱ་གར་ཆོས་འབྱུང་》 ཐུབ་བསྟན་མཆོག་སྒྲུབ་ཀྱིས་བརྩམས་པའི་《འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་》ཞེས་བྱ་བ་འདི་དག་ལས་བོད་ཀྱི་སྐད་དུ་བྲིས་པའི་འཕགས་པའི་ཡུལ་གྱི་བྱུང་རབས་རྒྱས་པ་ཞིག་མིག་སྔར་མེད་པ་ལྟ་བུར་ཆགས་ཡོད། དེས་ན་ཁོ་བོས་འདི་དག་གཞིར་བྱས་ཤིང་། རྒྱའི་བཙུན་པ་ཧྥ་ཤཱན་གྱིས་བརྩམས་པའི་《ཆེན་པོ་ཧན་ཀུར་གྱི་བཙུན་པ་ཕཱ་ཧྱེན་འཕགས་པའི་ཡུལ་དུ་འགྲིམས་པའི་རྣམ་ཐར་རྒྱལ་བསྟན་འབྱུང་ཁུངས་ཀུན་གསལ་འཕྲུལ་གྱི་མེ་ལོང་》ཞེས་པ་དང་། རྒྱའི་བཙུན་པ་ཐང་སན་ཙང་གིས་བརྩམས་ཤིང་། གུང་མགོན་པོ་སྐྱབས་ཀྱིས་བོད་ཡིག་ཏུ་བསྒྱུར་བའི་《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་》ཅེས་པ་དང་། 《བཙུན་པ་ཨུ་ཅིང་གི་ལམ་ཡིག་》དང་། རག་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་དང་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་ཆོས་རྒྱལ་རྣམ་གཉིས་ཀྱིས་དབྱིན་སྐད་ནས་བསྒྱུར་བའི་《སངས་རྒྱས་པའི་རྒྱལ་ས་རྣམས་ཀྱི་དེབ་ཐེར་》དང་། སྐྱེས་སར་ཀླུ་སྒྲུབ་ཀྱིས་བརྩམས་པའི་《ནཱ་ལཱནྡཱ་ཞིབ་འཇུག་》ཅེས་པ་བཅས་དཔྱད་གཞིར་བཟུང་ནས་བྲིས་པ་ཡིན། དེ་ཡང་འུ་ཅག་ཁ་བ་གངས་ཅན་གྱི་ལྗོངས་སུ་དར་བའི་ནང་པའི་བསྟན་པ་རིན་པོ་ཆེ་འདིའི་ཁུངས་དང་། གདན་ས་གསང་ཕུའི་རྩོད་པའི་ལག་ལེན་གསེར་གྱི་ཕྱག་རྒྱུན་དང་། སྒོས་སུ་རི་བོ་དགའ་ལྡན་པའི་ཚད་མ་རྣམ་འགྲེལ་གྱི་རྩོད་པའི་ལག་ལེན་དང་རྒྱུན་འཛིན་སྐོར་ལ་ཞིབ་འཇུག་བྱེད་རྒྱུའི་སྔོན་འགྲོར་ཆུ་འགོ་གངས་ལ་ཐུག་པའི་དཔེ་ལྟར་ནང་པའི་རྩོད་རིགས་ཀྱི་ལོ་རྒྱུས་ཤེས་དགོས་པའི་དགོས་པ་མཐོང་སྟེ། མཁས་པ་སྔ་མ་རྣམས་ཀྱི་སྐུ་ཡོན་དཔང་དུ་བཞག་ནས་བྲིས་པ་མ་གཏོགས་ཁོང་རྣམ་པའི་དགོངས་པ་ལས་བརྒལ་ཏེ་ལྟ་བ་གསར་པ་ཞིག་བྲི་བའི་ནུས་པ་ནི་རི་བོང་རྭ་ཡི་སྤུན་ཟླར་གྱུར། གཙོ་བོ་དགའ་ཞེན་འདྲིས་པ་གསུམ་གྱི་སྣང་ཤེས་རགས་ཙམ་བཀོད་པས། མི་བདེན་མི་འགྲིག་པའི་གནས་ཡོད་སྲིད་ན། མཁས་པ་རྣམ་པའི་སྤྱན་སྔར་བཤགས་སོ། །
མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
① དཔལ་ནཱ་ལེནྡྲ་ཞེས་པའི་མཚན་གྱི་འབྲི་སྟངས་ལ། ནཱ་ལེཎྚ། ནཱ་ལ་གྷ། ནཱ་ལ་གྷ་གྷི་ར་མ། ནཱ་ལནྡ། ནཱ་ལ་ད། ན་ལེནྡ། ནཱལཱནྡཱ། ནཱ་ལེནྡྲ། ན་ལནྡྲ། ནཱ་ལེན་དྲ་ཟེར་བ་སོགས་སྣ་ཚོགས་པ་ཞིག་སྣང་ཡང་། ལུང་ཁུངས་འགོད་སྐབས་ལུང་གང་ཡིན་ན་ཇི་ལྟར་བྲིས་ཡོད་པ་དེ་ལྟར་རང་སོར་བཞག་ཡོད།
②⑾⒁⒂⒇﹙29﹚﹙43﹚﹙44﹚﹙51﹚《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས་》པོད་གཉིས་པ། གསེར་ཐང་སྟོད་ཆ། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་། ༢༠༠༥ལོར་ཕྱོགས་བསྒྲིགས་བྱས། ཤ་༢༦༦ ༢༦༨ ༢༦༡ ༢༦༦ ༢༦༧ ༢༦༦ ༢༧༡ ༡༡༡ ༡༥༠ནས་༡༥༡ན་གསལ།
③ རྒྱའི་བཙུན་པ་ཧྥ་ཤཱན་ནི་ཅིན་ཤར་མའི་རྒྱལ་པོ་བཅུ་པ་སི་མ་ཏེ་ཙུང་གི་ཁྲི་ལོ་གསུམ་པའི་སྐབས་ཏེ། སྤྱི་ལོ་༣༩༩ལོར་འཕགས་ཡུལ་དུ་ཕེབས།
④ རྒྱའི་བཙུན་པ་ཧྥ་ཤཱན་དུས་རབས་བཞི་པའི་ནང་གི་མི་ཡིན་སྟབས། སློབ་དཔོན་འཕགས་པ་ཐོགས་མེད་དང་། དབྱིག་གཉེན། ཀུ་མ་ར་ཇི་བ་གསུམ་དང་དུས་མཉམ་ཡིན་ཚུལ་ཧྥ་ཤཱན་ལམ་ཡིག་གི་ཟིན་ཐོ་ངོ་སྤྲོད་དུ་གསུངས་ཡོད། 《ཧྥ་ཤཱན་ལམ་ཡིག་》 ལྭར་ཎ་དཔེ་མཛོད་ཁང་། ༢༠༡༠ལོའི་ཟླ་དང་པོར་དཔར། ཤ་༢ན་གསལ།
⑤⑥⑿《ཧྥ་ཤཱན་ལམ་ཡིག་》ལྭར་ཎ་དཔེ་མཛོད་ཁང་། ༢༠༡༠ལོའི་ཟླ་དང་པོར་དཔར། ཤ་༢ ༢ ༣ན་གསལ།
⑦ མཁན་ཆེན་བོ་དྷི་ས་ཏྭ་ནི་རྒྱལ་པོ་ཁོང་ཆུ་རྟ་༧༤༢ལོར་འཁྲུངས་པའི་དགུང་ལོ་ཉི་ཤུ་པ་ལྕགས་གླང༧༦༡ལོར་ནང་པ་སངས་རྒྱས་ཀྱི་ཆོས་མཛད་པའི་ཁྲིམས་ཁྱབ་བསྒྲགས་གནང་རྗེས་སུ་བོད་དུ་གདན་དྲངས་པ་ཡིན་ཚུལ་ཏུན་ཧོང་གཏེར་ཡིག་ཏུ་གསལ།
⑧ སྐབས་འདིའི་ལུགས་གསུམ་ཞེས་པར། བཟོ་ལུགས་རྒྱ་གར་དང་། རྒྱ་ནག ལི་ཡུལ་གསུམ་གྱི་ལུགས་དང་། ཡང་བརྩིག་ལུགས་འདུལ་བ་དང་མཐུན་པ། རྒྱུད་རིས་མདོ་སྡེ་དང་མཐུན་པ། ལྷ་ཚོགས་གསང་སྔགས་དང་མཐུན་པ་ཞེས་སོགས་བརྩི་སྲོལ་མི་འདྲ་བ་ཡོད། ཁ་ཅིག་གིས་ཟན་ཡང་མི་འགྱུར་ཞེས་པའི་ཟན་ཡང་ནི་རྒྱ་སྐད་ཀྱི་“三样”དང་འདྲ་ཟེར་ཡང་། དབུ་རྩེ་རྒྱ་གར་ལུགས་སུ་ཤིང་དང་། བར་ཐོག་རྒྱ་ནག་ལུགས་སུ་སོ་ཕག འོག་ཐོག་བོད་ཀྱི་ལུགས་སུ་རྡོ་རྩིག་ཅེས་པའི་ལུགས་གསུམ་བརྩི་ལུགས་ནི་ཆེས་དོན་ལ་གནས་པའོ།
⑨⑩﹙46﹚བུ་སྟོན་རིན་ཆེན་གྲུབ། 《བུ་སྟོན་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང། ༡༩༨༨ལོའི་ཟླ་༩པར་དཔར། ཤ་༢༠༠ ༢༠༢ ༡༩༣ན་གསལ།
⒀⒅《ཐང་སན་ཙང་གི་ལམ་ཡིག་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ་༤པར་དཔར། ཤ་༢༢༦ ༢༢༧ན་གསལ།
⒃⒄﹙30﹚﹙49﹚ཆོས་དཔལ་དར་བྱང་གིས་མཛད། 《ཆག་ལོའི་རྣམ་ཐར་》༡༩༨༡ལོའི་ཟླ་༡༡པར་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ལག་བྲིས་མ། ཤ་༡༣༢ ༡༤༨ ༡༣༣ ༥༠ན་གསལ།
⒆《ཐང་སན་ཙང་གི་ལམ་ཡིག་》ནང་ནཱ་ལཱཎྡྲ་ཐོག་མར་གསར་དུ་འདེབས་མཁན་ནི། “རྒྱལ་པོ་ལོཀཱཏེཇ་སྟེ་འཇིག་རྟེན་ཉི་མ་ཟེར་བ་སངས་རྒྱས་ཀྱི་ཆོས་ཁོ་ན་དོན་དུ་གཉེར་ཞིང་། ལྷག་པར་དུ་ཐེག་ཆེན་ལ་མོས་པ་ཞིག་ཡོད་པ་དེས་ས་གཞི་བཟང་པོ་ཞིག་བཙལ་ཏེ་དགེ་འདུན་གྱི་ཆོས་གྲྭ་འཛུགས་པར་འདོད་ནས་ཆོས་ལུགས་རིས་མེད་ཀྱི་ས་དཔྱད་མཁས་པར་ས་འཚོལ་བའི་རེ་བཅོལ་བྱས་སྟབས། གྲངས་ཅན་པའི་ས་དཔྱད་མཁས་པ་ཞིག་གིས་ནཱ་ལཱཎྡྲ་རྙེད་ནས་འདི་ལྟ་བུའི་ས་དཔྱད་ལེགས་པ་ཞིག་རྒྱ་གར་གྱིས་ཕྱོགས་གང་དུ་ཡང་མེད་པས་འདིར་དགོན་པ་ཞིག་བཏབ་ན་དགེ་འདུན་རྣམས་ཐུགས་མཐུན་ཞིང་མཁས་པ་དང་པཎྜི་ཏ། དེ་མཚུངས་བསྟན་པའི་སྦྱིན་བདག་སོགས་རྒྱུན་མི་ཆད་དུ་འབྱུང་བར་ཞུས་པས་རྒྱལ་བས་ཀྱང་དེ་བཞིན་གནས་དེར་དགོན་པ་གསར་བཞེངས་བྱས། ཐོག་མའི་ཨར་ལས་སྐབས་ཀླུ་རིགས་ཤིག་ལ་གནོད་ཕོག་པའི་རྐྱེན་གྱིས་ཡུན་རིང་པོར་དགེ་འདུན་པར་ཁྲག་སྐྱུག་པའི་ན་ཚ་བྱུང་”ཞེས་སྐྱེས་སར་ཀླུ་སྒྲུབ་ཀྱི་དེབ་ཏུ་དྲངས་པའི་ཚིག་རིས་དང་ཅུང་མི་འདྲ།
﹙21﹚ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ་༦པར་དཔར། ཤ་༥༩ན་གསལ།
﹙22﹚མཁས་པ་ལྡེའུ། 《རྒྱ་བོད་ཆོས་འབྱུང་རྒྱས་པ་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ་༦པར་དཔར། ཤ་༩༩ན་གསལ།
﹙23﹚དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ་༣པར་དཔར། ཤ་༥༤ན་གསལ།
﹙24﹚﹙25﹚﹙26﹚﹙32﹚﹙33﹚﹙35﹚﹙48﹚ཏཱ་ར་ནཱ་ཐ། 《རྒྱ་གར་ཆོས་འབྱུང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོའི་ཟླ་༦པར་དཔར། ཤ་༨༧ ༨༨༩༢ ༡༠༦ ༡༢༡ ༡༢༢ ༡༢༦ ༡༣༥ན་གསལ།
﹙27﹚﹙36﹚﹙39﹚﹙45﹚﹙47﹚﹙49﹚﹙50﹚སྐྱེས་སར་ཀླུ་སྒྲུབ། 《ནཱ་ལཱནྡཱ་ཞིབ་འཇུག་》ཤོག་ངོས་༡༡༧ ༡༡༢ ༡༡༤ ༡༢༤ ༡༢༥ ༡༢༨ ༡༢༩ན་གསལ།
﹙28﹚རྭ་ཡེ་ཤེས་སེང་གི 《རཱ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་རྣམ་ཐར་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ལོའི་ཟླ་༥པར་དཔར། ཤ་༦༧ན་གསལ།
﹙31﹚《རྒྱ་གར་ཆོས་འབྱུང་》གི་ཤོག་ངོས་༡༠༦ན་གསལ་བ་འདི་བཞིན་སྐྱེས་སར་ཀླུ་སྒྲུབ་ཀྱིས་ལུང་དྲངས་པ་དང་ཅུང་མི་མཐུན་པས་དོན་བསྡུས་ཏེ་དྲངས་པ་གང་ཡིན་དཔྱད།
﹙37﹚ཆག་ཆོས་རྗེ་དཔལ་སྤྱི་ལོ་༡༢༢༤ལོར་དཔལ་ནཱ་ལེནྡྲར་བཞུགས་ཤིང་། སྐབས་དེའི་གནས་ཚུལ་དངོས་བྲིས་འདུག
﹙38﹚﹙41﹚《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས་》པོད་གསུམ་པ། གསེར་ཐང་སྨད་མ ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་། ༢༠༠༥ལོར་ཕྱོགས་བསྒྲིགས་བྱས། ཤ་༣ནས་༤ ཤ་༤ན་གསལ།
﹙40﹚《ཆག་ལོའི་རྣམ་ཐར་》གྱིཤོག་ངོས་༡༣༥ན། ཁོང་སྤྱི་ལོ་༡༢༢༤ལོར་དཔལ་ནཱ་ལེནྡྲར་བཞུགས་ཤིང་། སྐབས་དེའི་གནས་ཚུལ་དངོས་བྲིས་འདུག