ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > གསར་ཤོས།

རྟོགས་བརྗོད་དངུལ་གྱི་མེ་ཏོག

སྤེལ་དུས 2017-08-29 ཡོང་ཁུངས། ཚེ་ཏན་ཞབས་དྲུང་གི་གསུང་འབུམ་ལས་བཤུས། རྩོམ་པ་པོ། ཚེ་ཏན་ཞབས་དྲུང་།
          ན་མོ་ཨ་མི་ཏ་བྷཱ་ཡ། བློ་བཟང་མཁྱེན་པའི་མེ་ལོང་དྲི་མེད་ངོས། །རྒྱལ་ཀུན་གསང་གསུམ་གྲགས་པའི་གཟུགས་མཚར་བཀྲ། །རིགས་གསུམ་སྒྱུ་མའི་འཕྲུལ་འཛིན་ཐུབ་དབང་གི  །བྱིན་རླབས་བདུད་རྩིའི་གཟེགས་མ་ཆར་དུ་ཕོབ། །མདོ་རྒྱུད་རིག་པའི་གཡུ་རལ་གནམ་དུ་གསིག །ཕས་རྒོལ་གཟིར་བའི་གད་རྒྱངས་འབྲུག་སྟོང་ལྡིར། །ལོག་སྨྲའི་དོན་སྙིང་ལྐོག་མར་འབྱིན་མཛད་པ། །མཁས་གྲུབ་སྨྲ་བའི་སེང་གེ་བསྔགས་པའི་ཕུལ། །དུས་མཐར་བསྟན་ལ་གཅེས་པའི་སྲིད་མིག་གི  །འོད་རླབས་འཇིག་རྟེན་གསུམ་གྱི་ཁོངས་བརྒལ་བ། །སྣང་བ་མཐའ་ཡས་ཆོས་ཀྱི་རྒྱལ་མཚན་མཆོག །རིས་མེད་འགྲོ་འདིའི་གཙུག་གི་ལྷུན་པོར་མཆོད། །འོད་དཔག་མེད་མགོན་མི་ཡི་གར་ཟློས་པས། །ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་དར་བོ་ཆེ། །འཛམ་གླིང་ཁྱོན་དུ་སྒྲེང་བའི་ཐུགས་བསྐྱེད་ཅན། །ལྷ་མིའི་བསོད་ནམས་ཞིང་དུ་བྱོན་འདི་རྨད། །གང་ཡང་ཕྱོགས་བཅུ་ནམ་མཁའི་མཐར་གཏུགས་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ཞེས་པའི། །མཚན་རབ་བརྗོད་པའི་རྡོ་རྗེའི་གསུང་དབྱངས་འདིས། །མགོན་ཁྱོད་ལུང་དུ་བསྟན་པར་སྙིང་ནས་སེམས། །མཚན་དཔེ་ལྡན་པའི་སངས་རྒྱས་ཀུན་གྱིས་ཀྱང་། །སཱལའི་ལྗོངས་འདི་ཅི་དགར་བོར་བ་ན། །ཐུགས་རྗེའི་གཏེར་མཛོད་ཟླ་བྲལ་ཁྱོད་གཅིག་པུས། །སྦྱན་རས་བཙས་བའི་བཀའ་དྲིན་བསམ་ལས་འདས། །དྲག་པོ་ཞེས་བྱ་གསེར་སྦྱངས་སྤྲེའུའི་ལོར། །གཡར་མོ་ཐང་གི་ནོར་འཛིན་ཐིག་ལེའི་གཞིར། །ཞབས་མཐིལ་འཁོར་ལོའི་རི་མོ་རྩིབས་སྟོང་བ། །འཕོས་པའི་དགེ་མཚན་གཏམ་གྱི་སྙིང་བོ་སྟེ། །ཁྱད་པར་དངོས་སུ་མཐོང་ཞིང་ཐོས་པ་ཡི། །མཛད་ཆེན་གངྒཱའི་རླབས་འཕྲེང་ལས་ཐོན་པའི། །བསྟན་དང་འགྲོ་ལ་ཡོངས་སྨིན་བདུད་རྩིའི་ཆབ། །བདག་བློའི་བུམ་བཟང་ལྟོ་བར་ཡོངས་སུ་བསྐྱིལ། །ཡན་ལག་བརྒྱད་ལྡན་འཆི་གསོའི་ཐིགས་ཕྲེང་དེ། །རང་དང་སྐལ་མཉམ་གཞན་ལའང་འགྱེད་སླད་དུ། །ཡི་གེའི་ཟེའུ་འབྲུ་ཆགས་པའི་ཨུཏྤལ་གྱི། །རྣ་ལོང་ཕྱོགས་ཀྱི་བུ་མོར་བདག་གིས་སྦྱིན། །འདི་ནི་མ་བརྟགས་ཉམས་དགའི་གླུ་ངག་མ་ཡིན་ལྷ་ཆེན་ཚངས་པའི་གྲེ་འགྱུར་ཏེ། །གང་བྱུང་ཚིག་སྡེབ་བཅོས་མའི་ངག་རྩོམ་མ་ཡིན་མཚོ་བྱུང་སྒེག་མོ་དགྱེས་པའི་དབྱངས། །འབྲེལ་མེད་བྱུང་རྒྱལ་སྨྲ་བའི་ཅ་ཅོ་མ་ཡིན་འཕགས་ཆེན་དམ་པའི་རྟོགས་པ་བརྗོད། །རབ་བཏགས་ཕུལ་བྱུང་ཚིག་གིས་འུད་སྒྲོགས་མ་ཡིན་བདེན་དོན་ལྷུགས་པོའི་བརྗོད་བྱས་ཕྱུག །〔བསྙོན་དོར་གཟུགས་ཅན་གྱི་རྒྱན〕རོ་འཛིན་གློག་ཞགས་འཁྱུག་པ་དོན་ཡོད་ཕྱིར། །ཐམས་ཅད་གཟིགས་པའི་རྟོགས་བརྗོད་ཆ་ཙམ་ཞིག།དབྱངས་ཅན་ཕང་འགྲོའི་རྒྱུད་དུ་དྲངས་པ་ལ། །དད་ལྡན་རྣ་བས་ཡུད་ཙམ་གསན་པར་རིགས། །ཞེས་བྱ་བ་ནི་དམ་པའི་ཞིང་ལ་མཆོད་པར་བརྗོད་པ་དང་བརྗོད་བྱ་ཕུན་སུམ་ཚོགས་པའི་གླེང་སློང་བའི་ངོ་མཚར་བའི་གཏམ་སྟེ་དང་པོའོ། །། །

          འཛམ་བུའི་འཁྲི་ཤིང་ལྡེམ་པའི་གསེར་ལྡན་ཁྱོན། །མིའུ་ཐུང་གོམ་པས་གཞལ་དཀའི་གྲྭ་གཅིག་ན། །དགེ་བཅུ་ཚང་བའི་ཡུལ་གྲོང་སྐབས་གསུམ་གནས། །གཅིག་ལས་གཅིག་ལྷག་གླིང་འདིའི་རྒྱན་དུ་ངོམ། །གངས་རིའི་ཕྲེང་བ་ཚར་དུ་དངར་བའི་དབུས། །ཆོལ་ཁ་གསུམ་དུ་བཅད་པའི་བསིལ་ལྡན་ལྗོངས། །དེ་ལས་མདོ་སྨད་མགྱོགས་འགྲོའི་ཆོལ་ཁ་ཞེས། །གྲགས་པའི་མེ་ཏོག་རྣ་བའི་རྒྱན་དུ་དཔྱངས། །ཤར་ན་རི་ཕྲན་སྟོང་གིས་ལེགས་བསྐོར་པའི། །ས་འཛིན་ལྷུན་པོ་རི་རབ་གཉིས་པ་ཞིག།བྱེད་པོ་བློ་གྲོས་རྩལ་གྱིས་བཞེངས་འདྲ་བ། །གཡས་འཁྱིལ་དུང་གི་རི་མོའི་སྙན་པ་འཕུར། །ལྷོ་ན་སྤངས་ལྗོངས་མེ་ཏོག་བརྡལ་བའི་ལྟོར། །གཡུ་འབྲུག་སྔོན་མོ་གསེར་གྱི་ཁྲབ་རིས་ཅན། །ས་ཆེན་མཐིལ་ལ་འཁྱིལ་བའི་འཇོ་སྒེག་གིས། །ཕྱོགས་དེར་དཔལ་དང་འབྱོར་བ་གཡང་དུ་འགུགས། །ནུབ་ན་གསེར་མདོག་ཅོད་པན་འཆང་བ་ཡི། །བླ་རི་ཞེས་གྲགས་ཙོང་ཁའི་ལྷུན་པོ་གང་། །ས་ལས་སྐྱེས་ཀྱང་རི་རྩེ་དགུང་བསྙེགས་པ། །གནམ་སྔོན་གུར་ཁང་འདེགས་པའི་ཀ་བ་ཉིད། །བྱང་ན་རྒྱལ་སྲས་གཞོན་ནུ་དོན་གྲུ་ཀྱིས། །སྦྱིན་པའི་ཕར་ཕྱིན་སྤྱོད་མཆོག་རྫོགས་མཛད་པའི། །དན་ཏིག་ཤེལ་གྱི་རི་བོ་གྲུབ་པའི་གནས། །གནོད་སྦྱིན་ཁྲོས་པའི་ཉམས་བརྒྱ་ལྷུན་གྱིས་གྲུབ། །དེ་དག་དབུས་ན་རྨ་གཡང་ཕྱུག་མོ་ལས། །བབས་པའི་ཆུ་གཏེར་རྨ་ཀླུང་ལྷ་ཡི་ཆབ། །གསེར་འབྲུག་ས་ལ་འཁྱུག་པའི་ཉམས་མཚར་ཅན། །རིས་མེད་སྐྱེ་དགུ་ངལ་གསོའི་རྟེན་དུ་འབབ། །མཛེས་པར་བྱས་སོ་ལྷོ་བྱང་འཛིན་མའི་ཁྱོན། །ཚངས་ཆེན་བློ་གྲོས་མེ་ལོང་ཕང་བར་ཏེ། །མཐོ་རིས་སྐྱེད་ཚལ་སྙིང་དུ་སྡུག་པའི་དཔྱིད། །མདོ་ཁམས་ལྷོ་བྱང་འཛིན་མའི་ཐིག་ལེར་རོ། །〔བྱ་བ་ཐོག་མའི་གསལ་བྱེད་ཀྱི་རྒྱན〕མརྒད་ཐགས་སུ་བཏགས་པའི་གོས་བཟང་དང་། །བེེ་ཌཱུའི་དར་སྐུད་སླས་པའི་སྐ་རགས་ཀྱིས། །ཉེར་མཛེས་བརྗིད་ཆགས་ས་འཛིན་བུ་མོའི་ཚོགས། །ལང་ཚོ་འབར་བ་འགྲན་བཞིན་ཡི་གར་འོང་། །གདུགས་སྲིབ་རི་བོའི་སུལ་དུ་ཁབ་རྩེ་ཡང་། །འཛུགས་པར་དཀའ་བའི་ཚང་ཚིང་གཡུ་ལོ་ཅན། །ནམ་མཁའི་དབྱིངས་སུ་ཟུག་པའི་ཐང་གསོམ་གྱིས། །ཉི་ཟླའི་འོད་ཀྱང་བདེ་བླག་ཉིད་དུ་འགོག།ཡལ་ག་སྟུག་པོར་བྲེས་པའི་གྲིབ་བསིལ་གྱི། །ལྡིང་ཁང་གུར་དུ་ཕིབས་པའི་འཁྲི་ཤིང་ཚོགས། །སོ་གའི་རླུང་དང་འགྲོགས་པའི་དགའ་སྟོན་གྱིས། །འགྲོ་འདིའི་ཡིད་ལ་དགའ་བདེའི་ཁྲེའུ་སྦྲུམ། །སྣ་ཚོགས་ཚོན་རིས་བཀྲ་བའི་མེ་ཏོག་ཕོན། །མིག་གི་གཟི་དཔལ་འཕྲོག་པ་སྙམ་བྱེད་པའི། །གེ་སར་སྟོང་ལྡན་ལྷུགས་པར་བཞད་པ་ན། །སྦྲང་རྩིའི་ངད་ལྡན་དྲི་ཞིམ་ལྷ་ལམ་འགེངས། །ཅི་འདི་སྐབས་གསུམ་དབང་པོའི་ཡུལ་ལྗོངས་སུ། །བདག་ཅག་མཐོ་རིས་སྐས་ཁར་འཛེགས་སམ་ཅི། །ཡང་ན་གདེངས་ཅན་གྲོང་གི་སྐྱེད་ཚལ་གྱི། །གནམ་སྒོ་ཕྱེ་སྙམ་བདག་ཡིད་ཁྱོགས་ལ་འཕྱང་། །〔ཐེ་ཚོམ་གྱི་དཔེ་རྒྱན〕གནས་འདིར་ཉིན་མོ་ཚ་ཟེར་རྒྱུ་བྱེད་ཅིང་། །མཚན་མོ་བསིལ་སྦྱིན་དབང་པོ་འཆར་བའི་ཕྱིར། །ལྷ་ཀླུའི་འཇིག་རྟེན་མཐོང་བ་མ་ཡིན་ཏེ། །རྨ་ཀླུང་ལྷོ་རྒྱུད་འཛིན་མའི་ལྗོངས་སུ་ངེས། །〔གཏན་འབེབས་ཀྱི་དཔེ་རྒྱན〕གངྒཱ་གཉིས་པ་འབབ་པའི་འགྲམ་ངོགས་ན། །སྐྱོར་རའི་མུ་ཁྱུད་དབྱིབས་ལེགས་རི་བོ་དག།ཛ་ལནྔྷ་རའི་རང་བཞིན་མཚོན་པའི་ཕྱིར། །རྩི་ལྗོན་སྐྲ་ལོ་བྱི་བའི་རྣམ་འགྱུར་ངོམས། །དེ་ཡང་གནས་ཡུལ་དཔའ་བོ་མཁའ་འགྲོ་ལ། །མཾ་ས་རཀྟའི་མཆོད་སྤྲིན་དཀྲིགས་པའི་སླད། །ཕལ་བའི་མིག་ངོར་པད་རག་རྩི་ཆགས་པའི། །རང་བྱུང་རི་བོའི་གཏོར་ཚོགས་བཤམས་པ་མཚོན། །རི་བོ་ལ་ལ་ནམ་མཁའི་རུམ་དུ་ཟུག་འདྲ་ཞིང་། །ལ་ལ་དཀན་གཟར་གཡའ་བྲག་རྫ་ཡི་གོ་ཁྲབ་གྱོན། །ལ་ལ་མརྒད་མདངས་འཛིན་གསོམ་པས་ངོས་ཀུན་ཁྱབ། །ཀུན་ཀྱང་མཛེས་སྡུག་ལྡན་པའི་ལྷུན་པོ་འདི་དག་གང་། །བརྗིད་ཆགས་མཛེས་མཚར་མཐོ་ཞིང་དབྱིབས་ལེགས་པའི། །སྟོང་རི་དར་རྒྱལ་གུང་ཡེ་ཁྲེབ་ཆེན་དང་། །འབྲུག་མོ་ཙག་རྡེའུ་གནམ་མཆོངས་ཤ་བོ་སྟེ། །བགྲང་ཡས་ས་འཛིན་ལྗོངས་འདིའི་རྒྱན་དྲུ་གྲུབ། །ཅེས་བྱ་བ་ནི་ལྷ་མིའི་རྣམ་འདྲེན་དམ་པ་ཉིད་སྐུ་འཁྲུངས་པའི་ཡུལ་གྲུ་ལེ་ལག་དང་བཅས་པའི་རི་བོ་དང་ནགས་ཚལ་གྱི་ཁྱད་པར་བརྗོད་པའི་ངོ་མཚར་བའི་གཏམ་སྟེ་གཉིས་པའོ། །

          གནའ་དུས་རྫོགས་ལྡན་བསྐལ་པའི་ཆུ་མཚོ་དབུས། །རྒྱལ་བའི་ལུང་རྟོགས་བསྟན་པའི་པད་དཀར་ལྗོན། །རིས་མེད་སྐྱེ་འགྲོ་སྨིན་ཅིང་གྲོལ་བའི་དཔྱིད། །རྣམ་པར་རྒྱས་པའི་ཕན་བདེ་བརྗོད་ལས་འདས། །གང་དེར་འདུལ་མངོན་མདོ་སྡེའི་སྤྲིན་རུམ་ལས། །དམ་ཆོས་དབྱར་རྔ་ཕྱོགས་སུ་བརྡུངས་པའི་སྒྲས། །སྐལ་བཟང་རྨ་བྱ་མྱོས་པའི་གར་སྟབས་ཀྱིས། །རྒྱན་དྲུག་དུས་ཀྱི་འཕྲིན་ལས་མངོན་པར་མཚོན།བླང་དོར་འཁྲུལ་མེད་འདོམས་པའི་འཆད་པ་དང་། །སྨྲ་ངན་ལོག་རྟོག་དྲུངས་འབྱིན་རྩོད་པའི་དཔལ། །ཆོས་ཀུན་དྲི་ཟའི་ང་རོར་འགུགས་པའི་རྩོམ། །མཁས་པའི་བྱ་བ་རྣམ་གསུམ་འགྲན་བཞིན་འཕེལ། །རྟག་ཆད་མཐའ་གཉིས་སྤངས་པའི་ཡང་དག་ལྟ་། །རང་སེམས་གླང་སྨྱོན་འདུལ་བའི་དཔྱད་འཇོག་སྒོམ་། །བཅས་མཚམས་ཚུལ་བཞིན་སྲུང་བའི་ཀུན་སྤྱོད་དེ། །བསྟན་པའི་མཛད་ཆེན་ཡོད་དགུའི་འཕེལ་ཁ་རྫོགས། །ལ་ལ་གཞུང་ཆེན་པོ་ཏིའི་ཞལ་ཕྱེ་ནས། །འཆད་ཉན་ཐོས་བསམ་ལས་ཀྱིས་སྒྲོ་འདོགས་གཅོད། །དོན་དང་འབྲེལ་བའི་འབེལ་གཏམ་བརྒལ་བརྟགས་ཀྱིས། །ཟབ་དོན་གནས་ལ་བློ་སྒོ་འབྱེད་པར་བརྩོན། །ལ་ལ་དྲང་སྲོང་དགྱེས་པའི་བྲག་སྐྱིབས་སུ། །ལྟོ་གོས་ངན་ངོན་ཙམ་གྱི་འཚོར་བརྟེན་ནས། །སྲིད་འབྱོར་ཟས་ལ་ཞེན་ལོག་ངེས་འབྱུང་གིས། །མཉམ་བཞག་ཏིང་འཛིན་ཞི་བདེའི་ཀློང་ལ་འབྱམས། །དེ་ལྟར་བཤད་སྒྲུབ་ཟུང་འབྲེལ་ཆོས་ཀྱི་སྡེ། །རྒྱུ་སྐར་སྦྲེལ་བའི་ཕྲེང་ཐག་ཆད་འདྲ་བ། །གཙུག་ལག་ཁང་དང་རི་ཁྲོད་སྒྲུབ་པའི་གྲྭ། །མཆོད་འོས་རྟེན་གྱི་མཛོད་བརྒྱ་ས་འདིར་གང་། །ལུང་དང་རྟོགས་པའི་དབྱིག་ལྡན་དམ་པའི་མགོན། །གཞུང་ལུགས་སྡེ་སྣོད་གསུམ་འཛིན་པཎྚི་ཏ། །སྡོམ་ཁྲིམས་སྲོག་ལས་གཅེས་སྤྲས་འདུལ་བ་འཛིན། །ལྷར་བཅས་འགྲོ་བའི་ཡོན་གནས་དད་པའི་ཞིང། །གསང་ཆེན་རྒྱུད་སྡེ་རྣམ་བཞིའི་བུམ་བཟང་ལས། །ཚེ་གཅིག་ཉིད་ལ་སངས་རྒྱས་སར་འགོད་པའི།ཉེ་ལམ་བདུད་རྩི་རོ་བརྒྱས་མྱོས་པའི་ཁྱུ། །མཁའ་སྤྱོད་ཞིང་དུ་ཕུར་བའི་མཐའ་མི་ལང་། །ཞེས་བྱ་བ་ནི་ལྗོངས་འདིར་སྔོན་བྱོན་བསྟན་འཛིན་གྱི་སྐྱེས་བུ་དག་གིས་ཕྱག་རྗེས་རྨད་དུ་བྱུང་བ་བསྐྲུན་པའི་ངོ་མཚར་བའི་གཏམ་སྟེ་གསུམ་པའོ། །  
          ཡ་མཚན་བཟོ་རིག་དགུ་ཕྲག་ཟུང་ལྡན་པའི། །འཇམ་དཔལ་གདུལ་ཞིང་མ་ཧཱ་ཙི་ནའི་གྲོང་། །ཁྱད་འཕགས་གྲགས་པའི་རྫི་རླུང་ནམ་མཁའི་མཐར། །འགོག་མེད་འཕུར་བའི་ངོ་མཚར་རྨད་དུ་བྱུང་། །མ་ངྷུ་མ་ཏི་སྦྲང་རྩིའི་བློ་གྲོས་ལ། །སྙིང་ནས་སྐྱབས་འཚོལ་ཨ་རབ་མི་ཡི་རྒྱུད། །ཀླུང་ཆེན་འགྲམ་དང་ལ་ལུང་ཕྱོགས་ཀུན་ཏུ། །འཁོར་བའི་གྲོང་རྡལ་བདེ་འབྱུང་གདུལ་བར་ཆགས། །གང་ན་ཉམས་དགའི་ནགས་ཚལ་ལྗང་ཕོན་གོས་སུ་བཀླུབས། །རྫ་ཆུ་སིལ་མ་སྔོན་མོ་ལྷུང་ལྷུང་མདུན་དུ་རྒྱུགས། །སྣ་ལྔའི་ལོ་ཏོག་གཡུར་ཟའི་ས་ཞིང་མཐའ་བྲལ་དབུས། །སྐབས་གསུམ་གཞལ་མེད་ཐང་ལ་འཕོས་འདྲ་འདི་དག་ཅི། །དགུང་ལ་བསྙེགས་པའི་རི་འདབས་བགས་ཀྱིས་ཐང་ལ་གཞོལ། །སྔོ་ལྗང་རྩྭ་ལོ་ཆེད་དུ་མལ་སྟན་བཤམས་འདྲ་བ། །རི་སྐྱེས་སྣ་ཚོགས་གར་དུ་འཁྲབ་པའི་བ་གམ་ན། །འཇོག་པོའི་ཕོ་བྲང་ས་ལ་བཞག་གམ་འདི་ནི་ཅི། །གཟུགས་དང་ལང་ཚོའི་མེ་ཏོག་འདབ་བརྒྱ་ཕང་ཕུང་བཞད། །གངས་སུལ་ལས་ཐོན་སེང་གེ་དཀར་མོའི་དཔའ་རྩལ་ངོམ། །སྟོད་སྨད་ལུས་ཀྱི་ཞྭ་གོས་ཆ་བྱད་སྡུག་གུ་མས། །དབང་མེད་ཡིད་རབ་འཕྲོག་པའི་སྐྱེ་འགྲོ་འདི་དག་སུ། །བརྒྱ་བྱིན་གྲོང་ཁྱེར་ཐང་ལ་བབས་འདྲ་ནི། །སྨད་ཀྱི་ཆར་གནས་རྡོ་སྦིས་སེ་ཆང་དང་། །དབུས་ན་གཅུ་འཁོར་བིས་མདོ་ཀ་རིང་སྡེ། །སྟོད་ན་བིས་ཐང་ནས་བཟུང་པྲ་འགྱོང་བར། །གདེངས་ཅན་ཕོ་བྲང་ས་ལ་བཞག་འདྲ་ནི། །ཆོས་རྒྱལ་ཨ་ཤོ་ཀ་ཡི་ཕྱག་རྗེས་ལས། །གྲུབ་པའི་མཆོད་རྟེན་རྣམ་གཉིས་ཉི་ཟླ་ཟུང་། །〔རྡོ་སྦིས་མཆོད་རྟེན་དང་ར་གཤོང་མཆོད་རྟེན་གཉིས〕གང་དུ་བཞུགས་པའི་ལྗོངས་དང་ཡུལ་ཁམས་སོ། །གཞན་སྡེ་ཟིལ་གནོན་སེང་གེའི་དཔའ་རྩལ་ཅན། །རིགས་གཟུགས་ལང་ཚོས་བསྙེམས་པའི་འགྲོ་འདི་དག།ཆོས་རྒྱལ་མེས་དབོན་དུས་སུ་སོ་སྲུང་དུ། །མངགས་པའི་བྷོ་ཊ་རང་གི་འཁྲུལ་མེད་རྒྱུད། །ཅེས་བྱ་བ་ནི་ལྷོ་རྒྱུད་འཛིན་མའི་ཡུལ་གྲུའི་སྣོད་བཅུད་ཀྱི་དཔལ་ལ་བསྔགས་པའི་ངོ་མཚར་བའི་གཏམ་སྟེ་བཞི་བའོ། །

          ཐུབ་བསྟན་དཔལ་འཛིན་བཤད་སྒྲུབ་ཆོས་སྡེ་རྣམས། །དུས་ཀྱི་དམོད་པས་རྒུད་པའི་མཐའ་ལ་སོན། །ཆུ་ཤེལ་མེ་ལོང་ཉི་ཟླའི་དཀྱིལ་འཁོར་དེ། །གནམ་སྟོང་མལ་དུ་ལྷུང་བའི་དཔེ་ཡིས་མཚོན། །རྒྱལ་བའི་འཕྲིན་ལས་གཟི་བྱིན་དར་བ་ན། །བསྟན་འཛིན་འདུས་སྡེ་ཆོས་སྤྱོད་སླར་ཡང་འཕེལ། །ཇི་ལྟར་ཡར་ངོའི་ཚེས་ཟླ་ཞག་རེར་ཡང་། །འོད་དཀར་ལང་ཚོ་རྫོགས་པའི་དཔལ་ལ་ལྟོས། །〔གཉིས་ཀའང་དོན་གཞན་བཀོད་པའི་རྒྱན〕ལྗོངས་འདིའི་གཙུག་ལག་ཁང་ཆེན་བརྟེན་པ་བཅས། །རེ་ཞིག་མིང་གི་ལྷག་མར་གྱུར་ན་ཡང་། །བཀྲ་ཤིས་འབུམ་ལྡན་བགྲང་བྱ་འདི་ཡི་དབྱར། །ལྔ་ཕྲག་ཅིག་ཅར་ཆོས་ཀྱི་སྒོ་མོ་ཕྱེ། །བསླུ་མེད་རྟེན་ཅིང་འབྲེལ་འབྱུང་རྒྱ་མཚོའི་རླབས། །དུས་ལས་ཡོལ་མེད་དགེ་མཚན་སྣང་བ་དཀར། །ཉིན་མོར་བྱེད་པའི་དཔལ་བཞིན་ཤར་བ་ན། །བྱིས་པའི་སྤར་མོ་བགྲད་པས་ཇི་ལྟར་འགེབས། །གང་ཚེ་བདེ་ལྡན་ཞིང་གི་སྟོན་པ་མཆོག།ལྗོངས་འདིའི་བསོད་ནམས་ཞིང་དུ་སྤྱན་དྲངས་ཚེ། །ལྷ་མིའི་མཆོད་བསུ་ཀུན་ཏུ་བཟང་པོའི་སྤྲིན། །ལྷ་ལམ་ཁྱོན་དུ་དཀྲིགས་པའི་ལྟད་མོ་བཤམས། །འཕྲུལ་ལས་བཏོན་པའི་འདོ་ལི་ཡ་མ་ཟུང་། །རླུང་གི་ཤུགས་འཆང་རྟ་མཆོག་འགྲན་པའི་དཔུང་། །རུ་མཚོན་དགུང་ལ་འཕྱར་བའི་སྟག་ཤར་རྣམས། །བརྩེ་ལྡན་མགོན་ཁྱོད་བསུ་བའི་གར་ལ་ཆས། །དེ་ཚེ་མིག་སྟོང་ལྡན་པ་གཟིགས་མོའི་ཕྱིར། །དགུང་སྔོན་སྤྲིན་གྱི་ཡོལ་བ་རྣམ་བསལ་ཏེ། །ཉིན་མོར་བྱེད་པའི་སྒྲོན་མེ་ལག་ཐོགས་ནས། །ས་ཐོག་འགྲིམ་པའི་ཆོ་འཕྲུལ་གཟུགས་སུ་ཤར། །〔ཕེབས་པའི་ཉིན་ཧ་ཅང་གནམ་ཐང་བ་ལ་དམིགས་པའི་རབ་བཏགས་ཀྱི་རྒྱན〕ཁྱོད་ཞལ་ལན་གཅིག་མཐོང་བས་འཁོར་མཚོ་ལས། །ཐར་པའི་ས་བོན་ཐེབས་པའི་ཡིད་ཆེས་བློས། །ཡན་ལག་ལྔ་ག་ས་ལ་གཏུགས་པའི་ཕྱག།ཉེན་དང་མཚན་དུ་འཚལ་བའི་གྲངས་མ་ཟིན། །གླང་བོའི་སྣ་ལྟར་བརྐྱངས་པའི་སྐྱབས་སྦྱིན་གྱི། །ཕྱག་དབང་དཔག་བསམ་ལྗོན་པའི་བསིལ་གྲིབ་ཅན། །ཡན་ལག་མཆོག་ལ་རེག་པ་དེ་སྙེད་པར། །ཕྱིར་མི་ལྡོག་པའི་ལུང་བསྟན་ཐོབ་པ་མཚོན། །གཟུངས་སྔགས་བཟླས་པའི་ཞལ་ཆབ་ཀྱིས་བརླན་པའི། །པད་རག་མདངས་ལྡན་རྡོ་རྗེ་མདུད་པའི་དར། །འདི་ཕྱིར་འཚེ་བའི་དགེགས་ཀྱི་སྲུང་བ་ལ། །དབང་པོའི་ཕྱག་གི་རྩེ་བརྒྱའི་མཚོན་ལས་རྒྱལ། །སྔགས་འཆང་འཇམ་དབྱངས་བློ་གྲོས་སྒྱུ་འཕྲུལ་མཆོག།འཇམ་དབྱམངས་དགེ་འདུན་རྒྱ་མཚོའི་སྤྲུལ་པའི་སྐུའི། །ཐུགས་བསྐྱེད་ཟླ་བ་དཀར་པོའི་འཛུམ་འོད་ཀྱིས། །ཆོས་སྡེ་གསར་བའི་ཀུན་ད་བཞད་པའི་གཞིར།དགེ་འདུན་བགྲེས་གཞོན་ལི་ཁྲིའི་སྟོད་གཡོགས་ཅན། །ཚོགས་མཆོད་རྫས་ཐོགས་པས་མདུན་བསུས་ཏེ། །བཀྲ་ཤིས་རེ་ཁཱས་བརྒྱན་པའི་གུར་ཁང་དུ། །སེང་གེས་བཏེགས་པའི་ཁྲི་ལ་ཞབས་ཟུང་འཁོད། །བྱི་རུའི་ལང་ཚོ་རྒྱས་པའི་ཚེ་ལྷའི་སྐུར། །མངོན་བཞེངས་གྲུབ་རྒྱལ་ལྷ་མོ་ལས་བརྒྱུད་པའི། །ཚེ་དབང་འཆི་བ་མེད་པའི་བདུད་རྩི་ཡིས། །ཉི་ཟླའི་ཚེ་དང་མཉམ་པའི་བྱིན་རླབས་བསྩལ། །ཆོས་ཀྱི་བཀའ་དྲིན་ཐོབ་པའི་གཏང་རག་ཏུ། །དངོས་བཤམས་ཡིད་སྤྲུལ་རྒྱ་མཚོས་མཆོད་དང་ལྷན། །གཡེར་གཤོང་སྤྲལ་པས་སྒྲ་དག་གསལ་གསུམ་གྱི། །མཎ་བཤད་གསུང་གི་མཁས་དགུའི་ཁེངས་པ་བསྙིལ། །ཡུམ་དོན་བདུད་རྩིས་ཕྱུག་པའི་སྡེ་སྣོད་འཛིན། །སྔ་ཕྱི་རྒོལ་བའི་ཚུལ་གྱིས་ཆོས་འཁོར་ལས། །བརྩམས་པའི་བགྲོ་གླེང་ཆོས་ཀྱི་རྔ་ཆེན་སྒྲས། །ཀུན་ཀྱང་རབ་དགའི་སྒྲོ་མདོངས་གུར་དུ་ཕིབས། །སྐུ་མཆོག་གསེར་གྱི་ལྷུན་པོ་མཐོང་བ་དང་། །གསུང་དབྱངས་ཆོས་ཀྱི་གཎྜི་ཐོས་པའི་དགེས། །བགྲང་ཡས་སྐལ་ལྡན་སྐྱེ་དགུའི་ཡིད་ཀྱི་མཚོར། །ལེགས་ཚོགས་པད་མའི་ལྗོན་བཟང་སྐྱེད་དུ་བསྲིངས། །ཞེས་བྱ་བ་ནི་ཆོས་སྡེ་ཆེན་པོ་བིས་མདོ་དཔལ་གྱི་དགོན་ཆེན་ཀུན་གཟིགས་མཆོག་གི་ཞབས་ཟུང་བཀོད་པའི་དགེ་མཚན་ལས་བརྩམས་པའི་ངོ་མཚར་བའི་གཏམ་སྟེ་ལྔ་བའོ། །

          ཚོགས་གཉིས་རིན་ཆེན་ཁམས་ལས་ལེགས་གྲུབ་བཤད་སྒྲུབ་འོད་ཟེར་འབུམ་འཕྲོ་བའི། །ཉི་ཟླའི་རྣ་ལོང་ཟུང་གིས་མཛེས་ལྡན་མཁས་གྲུབ་སློབ་ཚོགས་གསེར་རིས་བསྐོར། །གངས་ཅན་གླིང་བཞིའི་དབུས་ན་མངོན་འཕགས་ཐུབ་པའི་གདུང་འཚོབ་ལྷུན་པོ་ཞིག།བློ་བཟང་རྒྱལ་བསྟན་ཆུ་སྲིན་གྲོང་ཁྱེར་དཔེ་མེད་མཛེས་པའི་མགོན་དེ་སུ། །མི་འཇིགས་བཞི་ལྡན་དྲི་མེད་ནོར་གྱིས་གཏམས། །དམ་པའི་རླབས་ཕྲེང་ཆོས་ཀྱི་ཟེགས་མས་ཕྱུག།རྒྱ་ཆེན་ཡོན་ཏན་གཏིང་དཔག་དཀའ་བའི་ཀློང་། །བསྟན་པའི་མཚོ་ཆེན་གང་དེ་བདག་གི་སྐྱབས། །གང་གི་ཐུགས་བསྐྱེད་སྤྲིན་གྱི་བ་གམ་ལས། །ཐོན་པའི་ཨེ་ཝཾ་དགའ་ཚལ་ཉམས་དགའི་གྲོང་། །འོག་མིན་ས་ལ་འཕོས་འདྲར་བསྔགས་པའི་གཏམ།འཇིག་རྟེནརྣ་བའི་བུ་གར་རིང་ནས་སིམ། །བཀའ་དྲིན་མཚུངས་མེད་བཤེས་གཉེན་ཉིན་མོར་བྱེད། །མྱང་འདས་སྒྱུ་མ་ཆེན་པོའི་ཞིང་ཁམས་སུ། །གཞོལ་བའི་ཐུགས་དགོངས་བཟློག་མེད་ཤར་བ་ན། །ཐུབ་བསྟན་པད་ཚལ་སྐད་ཅིག་ཉིད་ལ་ཉམས། །དེ་ཚེ་བསོད་ནམས་ཞིང་མཆོག་ཤ་རཱི་རཾ། །སྙིང་བོར་གཏམས་པའི་བདེ་གཤེགས་མཆོད་པའི་རྟེན། །ཀླུ་ཡི་གྲངས་ལྡན་བཞུགས་པའི་གཙུག་ལག་ཁང་། །གདུང་སེལ་སྨན་གྱི་གུར་ཁང་ཚལ་དེར་བཞེངས། །བི་ཤྭ་ཀརྨའི་ཚོན་རིས་ལང་ཚོ་ཡང་། །མོག་པོར་བྱེད་པའི་སྐུ་བརྙན་སྣ་ཚོགས་ཀྱི། །ཞལ་ཐང་མཇལ་བས་མི་ངོམས་བགྲང་ཡས་པ། །དད་པའི་ཆུ་གཏེར་འཕེལ་བའི་གསོས་སྨན་ཉིད། །རྒྱལ་བའི་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག།གྲངས་ཅན་མཁས་པའི་ལེགས་བཤད་པུསྟི་ཀ།གླང་བོས་འདེགས་བཟོད་རྨོངས་མུན་སེལ་བའི་སྒྲོན། །བྲག་རི་བརྩེགས་པས་མཚོན་དུ་འོས་པ་ཙམ། །གུར་ཀུམ་དྲི་ངད་ལྡང་བའི་མཆོད་ཡོན་དང་། །ཉིན་མཚན་ཕྱོགས་མེད་གསལ་བའི་སྒྲོན་མེའི་ཚོགས། །བསོད་ནམས་ཞིང་གི་དངོས་འབྱོར་ཀུན་བཟང་སྤྲིན། །བར་མེད་གཏིབས་པའི་དགེ་མཚན་གཟུགས་སུ་བཀྲ།དེ་ལྟ་ན་ཡང་བརྩེ་མེད་དུས་ཀྱི་སྲིན། །ཁྲོས་པའི་ཟ་བྱེད་གནམ་ས་གདངས་པའི་ཁྱོན། །མཆེ་བའི་མཚོན་ཆ་གཙིགས་པའི་གཅོང་རོང་དུ། །བཟློག་མེད་རྔམས་ཟའི་ཚུལ་དེ་ཡ་རེ་ང་། །〔འཇིགས་རུང་གི་ཉམས་ཀྱི་རྒྱན〕ཨེ་མ་དུས་གསུམ་གཟིགས་པའི་འཕྲིན་ལས་ཀྱི། །སྐྱ་རེངས་གཉིས་པ་སླར་ཡང་ཤར་བའི་ཚེ། །བྱིན་རླབས་ཆབ་ཀྱིས་བརླན་པའི་དགའ་ཚལ་དེ། །དཔྱིད་དཔལ་ཡར་ཟླའི་ལང་ཚོ་དར་བར་མརྩོན། །དེ་ཚེ་སངས་རྒྱས་འོད་དཔག་མེད་པའི་མགོན། །མི་ཡི་གར་ཟློས་ངྷརྨ་ངྷ་ཛའི་ཞབས། །གུས་པས་སྤྱན་དྲངས་ཞབས་སོར་པད་མོའི་འདབ། །ཨེ་ལྦཾ་ཚལ་དུ་བཞད་པའི་སྐལ་བཟང་ཐོབ། །ངུར་སྨྲིག་གོས་འཆང་རབ་བྱུང་བཙུན་པའི་སྡེ། །གོས་དཀར་ལྕང་ལོའི་རྒྱན་ལྡན་སྔགས་པའི་སྡེ། །གཤེན་སྟོན་སྲོལ་འཛིན་གཡུང་དྲུང་བོན་པོའི་སྡེ། །ཚར་དུ་དངར་བས་མཆོད་བསུའི་ལས་ལ་བྲེལ། །སེང་གེ་མཇིང་བསྣོལ་བཏེགས་པའི་རྡོ་རྗེ་ཁྲིར། །གསེར་རི་ཇི་བཞིན་བརྗིད་པའི་སྐུ་མཆོག་གིས། །ཟབ་གསང་ཆོས་ཀྱི་རོལ་མོ་འབུམ་དགུའི་གླུ། །གྱེར་བའི་དབྱངས་སྙན་བསྟན་པའི་བཙས་སུ་སྨིན། །ཆོས་ཀྱི་སྤྱན་ལྡན་རྫོང་དཀར་སྤྲུལ་པའི་སྐུ། །མཁས་བཙུན་ལུང་རིགས་རྒྱ་མཚོས་ལྷ་ཡི་དར། །ཕྱག་ཏུ་ཐོགས་ཏེ་ཡིད་ལ་བརྣགས་པའི་དོན། །སྙན་འཇེབས་གསུང་གིས་རྗེས་སུ་འཛིན་པར་གསོལ། །དད་པའི་གཏེར་མཛོད་འཇོག་པོའི་གྲོང་ཁྱེར་ནས། །ཕངས་མེད་བླངས་པའི་གྱ་ནོམ་མཆོད་པའི་རྫས། །ཁྱོད་ཐུགས་མཉེས་ཕྱིར་གུས་པས་ཕུལ་བ་ལ། །དོན་དང་ལྡན་པའི་མཛད་སྒོ་མཁའ་ལྟར་ཡངས། །གཙུག་ལག་ཁང་ཆེན་སྙིང་གའི་དོ་ར་རུ། །ལྷ་ཡི་མེ་ཏོག་ཕྱོགས་བརྒྱར་འགྲེམ་དང་ལྷན། །བླ་སྤྲུལ་ཆེ་དགུའི་འཁོར་སློབ་དང་བཅས་པས། །རྡོ་རྗེ་འགྲོས་ཀྱི་ཞབས་རྗེས་ས་ལ་ཕབ། །རྭ་ཆེན་རྡོ་རྗེ་གྲགས་དཔལ་དངོས་བྱོན་སྐུ། །གྲུབ་དབང་དམ་པ་སྐུ་ཕྲེང་སྔ་ཕྱི་ཡི། །སྲིད་ན་རྙེད་དཀའི་གདུང་རྟེན་ནོར་བུའི་དྲུང་། །དཔག་པར་དཀའ་བའི་ཐུགས་དམིགས་རྒྱ་ཡིས་བཏབ། །ལྷོ་རྒྱུད་བསྟན་པའི་སྲོག་ཤིང་ཆོས་ཀྱི་མགོན། །རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་གང་། །བལྟམས་པའི་ཚལ་དུ་དངོས་ཕེབས་བྱིན་རླབས་ཀྱི། །ཆར་ཆེན་མེ་ཏོག་ཕྲེང་བའི་དོ་ཤལ་དགོད། །སྐུ་ཡི་མཚན་དཔེ་མཛའ་བས་མི་ངོམས་ཤིང་། །གསུང་གི་རྒྱུད་མངས་ཉན་པས་མི་ཚིམ་པ། །འདི་འདྲའི་དགའ་སྟོན་ཁྱོད་མིན་སུ་ཡིས་སྦྱིན། །ད་དུང་ཡང་ཡང་སྤྱོན་དང་ཐུགས་རྗེའི་གཏེར། །〔རེ་བཅས་ཀྱི་དགའ་བའི་རྒྱན〕ཞེས་བྱ་བ་ནི་ཀ་རིང་ལུང་གཡོན་རི་ཁྲོད་ཨེ་ཝཾ་དགའ་ཚལ་དུ་ཕེབས་ཏེ་ཕན་བདེའི་གྲུ་ཆར་དགུང་ནས་ཕབ་པའི་ངོ་མཚར་བའི་གཏམ་སྟེ་དྲུག་པའོ། ། 

          ཇི་ལྟར་རབ་དྭངས་རྫིང་བུའི་མེ་ལོང་དུ། །ཟླ་ཤེལ་གཟུགས་བརྙན་འབད་མེད་ངང་གིས་འཆར། །དེ་བཞིན་དམ་པའི་འཕྲིན་ལས་འོད་དཀར་གྱིས། །དད་པའི་ཀུན་ད་ལྷུགས་པར་འགྲོལ་ལ་ལྟོས། །〔མཚུངས་སྤྱོར་གྱི་དཔེ་རྒྱན〕གནོད་སྤྱིན་ཕྱོགས་ན་བལྟས་པས་མི་ངོམས་ཤིང་། །མཁའ་ལྡིང་འཕུར་བའི་རྩལ་གྱིས་མི་སླེབ་པའི། །བྲག་རི་མཐོན་པོ་གནམ་གྱི་ཀ་བ་ཞིག། །ས་ལ་ཟུག་པའི་སྣང་བ་འདི་ནི་ཅི། །གང་འདི་བགྲང་ཡས་བསྐལ་པའི་སྔོན་རོལ་ཏུ། །ཐུབ་པའི་སྐྱེས་རབས་དོན་ཀུན་གྲུབ་པ་དེས། །ཕྱིན་དྲུག་དང་པོ་མཐར་ཕྱིན་གྲུབ་པའི་གནས། །དན་ཏིག་ཤེལ་བྲག་སྔོན་མོའི་རྫ་རྒྱུད་ལགས། །དེ་ཡི་གཤམ་ན་པིར་ཐོགས་མཁས་པ་ཡིས། །བྲིས་པ་ལགས་སམ་སྙམ་པའི་ཡུལ་ལྗོངས་ཤིག།མཐོ་རིས་མཛེས་ཆའི་སྙིང་བོ་ཀུན་བསྡུས་པའི། །གྲོང་ཁྱེར་མིག་གི་བཅུད་ཀུན་འཕྲོག་འདི་ཅི། །འདི་ནི་གངས་ཅན་ཕྱི་དར་བསྟན་པ་ལ། །ཟླ་མེད་ཕྱག་རྗེས་བསྐལ་པའི་སྲིད་དུ་ཡང་། །གཞོམ་མེད་ཐུགས་བསྐྱེད་རབ་ཡངས་དགོངས་པ་གསལ། །བླ་ཆེན་སྐུ་འཁྲུངས་ལིམྦིའི་དགའ་ཚལ་ཉིད། །དེ་ཡི་ཁོར་ཡུག་ཅོང་ལ་རིང་མོའི་སུལ། །བར་བར་དག་ཏུ་གནས་བཅས་བགྲང་ཡས་པའི། །དད་དང་འབྱོར་བས་རྣམ་ཕྱུག་འགྲོ་ཀུན་ཀྱང་། །མཆོག་གསུམ་སྤྱི་བོར་འཛིན་པ་ཤ་སྟག་སྟེ། །ཁྱད་པར་གསང་སྔགས་དར་རྒྱས་གླིང་བ་ཡི། །དགེ་འདུན་དབུས་བཞུགས་ལྷ་འབངས་དང་བཅས་པས། །ཐམས་ཅད་མཁྱེན་པ་གང་ཉིད་ཕྱོགས་དེ་རུ། །ཇི་ལྟར་ཞུས་ན་འགབ་ཅེས་ཉིན་མཚན་བགྲོས། །བརྩེ་བའི་གཏེར་ཆེན་སྙིང་རྗེའི་གཞན་དབང་དུ། །ཡོངས་གྱུར་འཕགས་ཆེན་དམ་པའི་སྙན་དྲུང་དུ། །སྤྱན་དྲེན་ཞུ་ཚིག་རེ་བའི་སྙིང་བོ་ཅན། །བཏེགས་པའི་མདོ་ལ་ཞལ་བཞེས་བདུད་རྩི་བབས། །འཇིག་རྟེན་བྱེད་པོ་ཚངས་པའི་པིར་གྱིས་གང་འདོད་རི་མོ་མ་བྲིས་ཤིང་། །ས་འདིའི་སྔོན་བྱོན་དཔའ་བོ་སུས་ཀྱང་མནལ་ལམ་དུ་ཡང་མ་རྨིས་པའི། །སྔོན་མེད་འཕྲུལ་མཚར་རྨ་ཀླུང་ཟམ་ཆེན་ཕན་ཚུན་ཐད་ཀར་སྦྲེལ་བ་འདི། །མགོན་ཁྱོད་ད་ལྟ་ཉིད་དུ་འབྱོན་པའི་སྔ་ལྟས་སྐྱ་རེངས་ཤར་མིན་ནམ། །ཟུང་འཇུག་གྲུབ་བརྙེས་ཨ་བྷྱ་དྷྱ་ན་ལ། །གནའ་དུས་ཆེད་བཞེངས་སྒྲུབ་ཁང་ར་བ་དེར། །སྒྱུ་མའི་བློ་ལས་བཏོན་པའི་གུར་ཁང་ཞིག །ལྷ་ཡི་ཁང་བཟང་དང་མཚུངས་ཐོལ་གྱིས་བྱུང་། །སྲིད་པའི་མཐར་ཡང་གཞོམ་གཞིག་རབ་སྤངས་པའི། །རྡོ་རྗེའི་རང་བཞིན་འཕང་དུ་མཐོ་བའི་ཁྲི། །བྱིན་རླབས་ཞུ་བའི་རྟེན་མཆོག་བླ་ན་མེད། །སྐད་ཅིག་ཉིད་ལ་འདོད་འཇོའི་གཏེར་དུ་བཞེངས། །བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས། །འཕགས་པའི་ཉན་ཐོས་ཆེན་པོ་བརྒྱད་ཟུང་གི  །སྐུ་བརྙན་བྱིན་རླབས་སྟོང་འབར་དངོས་ཉིད་དུ། །འཁྲུལ་བར་དོགས་པ་འཛིན་པས་གྲལ་གོང་མཛེས། །སྤྱན་ལ་བཀོད་ལེགས་སྣ་ཚོགས་མཆོད་པའི་རྫས། །སྙན་ལ་ཆེར་འཇེབས་རྔ་སིལ་དུང་གི་སྒྲ  །ཤངས་ལ་དྲི་ཞིམ་ཙན་དན་བདུག་སྤོས་སོགས། །མཆོད་པའི་རྣམ་གྲངས་ཚར་དུ་དངར་བ་ན། །སྨིན་ཟླའི་དཀར་ཕྱོགས་བཟང་བ་གསུམ་པའི་ཉིན། །རླུང་གི་ཤུགས་འཆང་འཕྲུལ་གྱི་ཤིང་རྟའི་ཚོགས། །བསྐྱོད་པའི་སྒྲ་ཆེན་གནམ་ས་འགེངས་པ་བཅས། །དགའ་བ་བརྒྱ་ལྡན་ཅིག་ཅར་ཉམས་སུ་བབས། །ཚོགས་གཉིས་རབ་དཀར་འོ་མཚོ་ལས་འཁྲུངས་སྐུའི། །ཞལ་མཐོང་ཙམ་གྱིས་སྣང་བ་སྒྱུར་བའི་སྤྲིན། །གཡའ་བྲལ་དད་པའི་མཁའ་ལ་དཀྲིགས་གྱུར་པ། །བསམས་ཀྱིན་བདག་ཅག་ཨེ་མ་སྐལ་བ་བཟང་། །དེ་ཚེ་དད་པས་འདུས་པའི་རིས་མེད་འགྲོ  །ཁྲི་ཕྲག་གྲངས་ལས་བརྒལ་བའི་བསུ་སྦྲེང་གིས། །ཡི་གེ་དྲུག་མའི་གདངས་སྙན་ང་རོའི་དབྱངས། །ས་གསུམ་འདར་བ་སྟེར་བའི་གཟི་བྱིན་ངོམ། །སྔོན་དུས་དམར་གཡོ་གཙང་གསུམ་དགོངས་གསལ་གྱིས། །བསྟན་པའི་མེ་རོ་གསོས་པའི་ཉེ་གམ་དེར། །ཀུན་ལ་སྨན་པའི་མཛད་སྒོ་འོད་སྟོང་གིས། །ཕན་དང་བདེ་བའི་པད་ཚལ་འབུམ་དུ་བཞད། །ཕྱག་གཡས་སྐྱབས་སྦྱིན་ཕྱག་རྒྱས་དབུགས་དབྱུང་གི །བྱིན་རླབས་བདུད་རྩི་ཀུན་ལ་འགྲིམས་དང་ལྷན། །སྒྲིབ་གཉིས་བག་ཆགས་རྩད་ནས་འབྱིན་བཟོད་པའི། །ཆོས་ཀྱི་སྒྲ་ཆེན་རྣ་བའི་དབྱིངས་སུ་ལྡིར། །ཐར་ལམ་སྟོན་པའི་ཚིགས་བཅད་གཅིག་ལ་ཡང་། །སྟོང་གསུམ་ནོར་གྱིས་མཆོད་ཀྱང་གཞལ་མིན་ན། །བདག་ཅག་སྐལ་བ་དམན་པས་ཇི་ལྟར་ཡང་། །མཚོན་བྱེད་ཙམ་ལས་བྱས་གཟོའི་ཆར་མི་སྤོབས། །འོན་ཀྱང་རབ་གུས་དད་པའི་ཆུ་མཚོ་ལས། །ཉེ་བར་ཐོན་པའི་ཟང་ཟིང་པདྨའི་ལྗོན། །ཁོ་ལག་ཡངས་པའི་ཡལ་འདབ་མཆོད་པའི་རྫས། །ཞིང་ཁམས་རྒྱ་མཚོར་དམིགས་པ་འདི་ལྟ་སྟེ། །མཚན་དཔེའི་རྒྱུ་སྐར་སྟོང་གི་དྲ་བས་བཀླུབས། །ཕྱག་གཡས་ས་གནོན་ངན་འགྲོའི་འཕྲང་སྒོ་གཅོད། །མཐོང་ན་མི་མཐུན་མེད་པའི་མཛེས་སྡུག་ཅན། །བྱིན་རླབས་གཏེར་མཛོད་སྐུ་ཡི་རྟེན་དུ་ཕུལ། །གངས་ཆེན་རྡོ་རྗེ་ཐེག་པའི་རིམ་གཉིས་དོན། །ལག་པའི་རྫས་བཞིན་སྟོན་པའི་རྒྱུད་འགྲེལ་དང་། །དན་ཏིག་དཀར་ཆག་བླ་ཆེན་རྟོགས་བརྫོད་བཅས། །མུན་སེལ་སྒྲོན་མེ་གསུང་གི་རྟེན་དུ་ཕུལ། །ཆ་ཚད་མ་ནོར་དབྱིབས་ལེགས་བང་རིམ་ཅན། །རིན་ཆེན་ཛྷེེ་ཁྱིམ་ཁམས་ལས་ཡོངས་གྲུབ་པའི། །བདུད་འདུལ་བྱ་ཆུབ་ཆེན་པོའི་མཆོད་པའི་རྟེན། །ཕན་བདེའི་དཔལ་སྟེར་ཐུགས་ཀྱི་རྟེན་དུ་ཕུལ། །ཀརྴ་པ་ནའི་མིང་གིས་བརྫོད་འོས་པ། །སྟོང་ཕྲག་ལྔ་ལྡན་ཚོན་མདངས་ལྔ་བའི་གོས།སྲིད་དུ་རིང་བས་ཐོག་དྲངས་མཆོད་པའི་རྫས། །རྣམ་གྲངས་བརྒྱ་ཕྲག་བརྒལ་བ་སྤྲིན་ལྟར་གཏིབས། །རླུང་གཤོག་ལྡན་པའི་ཅང་ཤེས་བང་རྩལ་འགྲན། །སྐྱེས་གཟུགས་མཐོ་བས་གླང་ཆེན་མཆེད་ཟླར་སྙེམས། །རྔ་རྔོག་དོ་ཤལ་རྒྱན་ཕྲེང་གིས་མཛེས་པའི། །ཆིབས་དང་ཆིབས་རོགས་ཟུང་ལྡན་བཞི་བཅས་ཕུལ། །གང་ཚེ་ལང་ཚོ་ཡོལ་བའི་ཁུར་གྱིས་མནན། །མགྲིན་པའི་ཁུ་བྱུག་མོན་པའི་ནགས་སུ་ཡིབ། །དེ་ལྟ་ན་ཡང་དད་གདུང་ཤུགས་དྲག་བློས། །གསོལ་འདེབས་དབྱངས་ཀྱི་རོལ་མོ་བདག་གིས་དཀྲོལ། །〔ཆ་ཤས་གཟུགས་ཅན་གྱི་རྒྱན〕ཐོག་མར་བླ་ཆེན་གནས་འདིར་འཁྲུངས་ཚུལ་ནས་བརྩམས་ཏེ། །མདོ་སྨད་གྲུབ་པའི་གནས་མཆོག་ཀུན་གྱི་རྩེར་སོན་པ། །རི་བོ་དན་ཏིག་བྲག་གི་ངོ་མཚར་གཏམ་གྱི་ཕྲེང་། །ཆུང་ངུའི་ཚིག་གི་རྔ་ཆེན་སྙན་དྲུང་དལ་བུས་བརྡུངས། །དེ་ནས་སྐབས་བབ་ཡིད་ལ་བརྣགས་པའི་འབྲས། །ཚིག་གི་ལོ་འདབ་སྟུག་པོས་མ་བསྒྲིབས་པར། །གང་ཞུས་གསན་དགོངས་མཛད་པའི་དགའ་སྟོན་གྱིས། །སྐལ་བཟང་ཡིད་ལ་དད་གུས་ཐོབ་པའི་མཐར། །བསྟན་པ་རིན་ཆེན་ཉིན་མོའི་མགོན་ལྟར་གསལ། །འགྲོ་བའི་བདེ་སྐྱིད་པད་ཚལ་ལྟར་རྒྱས་སླད། །སྣང་བ་མཐའ་ཡས་པན་ཆེན་ཐམས་ཅད་མཁྱེན། །སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པར་སྨོན། །ཞེས་པའི་དྲང་སྲོང་བདེན་ཚིག་གྲུབ་པའི་ངག།གཎྜིའི་སྒྲ་དབྱངས་རྗེས་འགྲོས་མདུན་བསུས་ནས། །དུས་བཞི་ཕྱི་མའི་གསང་ཆེན་དཀྱིལ་འཁོར་དུ། །རྗེས་འཛིན་ཞལ་བཞེས་སྩོལ་བར་གསོལ་བ་བཏབ། །དེ་ཚེ་ཀུན་གཟིགས་ཆེན་པོའི་ལེགས་སོའི་དབྱངས། །དཀའ་སྩལ་གསུང་གིས་བསྔགས་བརྗོད་མཛད་དང་ལྷན། །སྣེ་ཚར་ས་ལ་རག་པའི་ལྷ་གོས་ཀྱིས། །བདག་མགྲིན་བརྒྱན་པའི་བཀའ་དྲིན་རྨད་བྱུང་ཐོབ། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་འཕེལ་ཕྱིར་དང་། །ཡངས་པའི་རྒྱལ་ཁམས་དགའ་བདེས་འཚོ་བའི་སླད། །ཕྱོགས་དང་མཚམས་སུ་བཀྲ་ཤིས་མེ་ཏོག་ཆར། །ཅི་དགར་འབབ་པའི་རྟེན་འབྲེལ་ཡིད་བཞིན་འགྲུབ། །ཅེས་བྱ་བ་ནི་མདོ་སྨད་གྲུབ་པའི་གནས་ཀྱི་ཕྱི་མོ་དན་ཏིག་དགོན་དང་ལྷ་འབངས་ཐུན་མོང་གིས་སྤྱན་དྲངས་ནས་རྒྱ་ཞུར་དུ་ཆིབས་བསྐྱོད་གནང་བའི་ངོ་མཚར་བའི་གཏམ་སྟེ་བདུན་པའོ། །

          ཇི་ལྟར་གྲོང་ཁྱེར་བུ་རམ་ཤིང་འཕེལ་དུ། །བཅོམ་ལྡན་འཁོར་བཅས་བྱོན་པའི་རྣམ་ཐར་དེ། །ད་ལྟ་བདག་ཅག་ཕལ་བའི་སྤྱོད་ཡུལ་དུ། །འབྱུང་བར་མི་འགྱུར་གཏམ་དེ་རྫུན་དུ་ཐལ། །གལ་ཏེ་བདེན་ན་བདེ་ལྡན་ཞིང་གི་མགོན། །སྤྲུལ་པའི་སྐུ་མཆོག་དུ་མས་ཡོངས་བསྐོར་ཏེ། །དུས་གཅིག་ཉིད་ལ་བདག་གི་སྐྱེས་ཁྱིམ་དུ། །ལྷན་ཅིག་གདན་འཛོམས་ལྟད་མོ་འདི་ཅི་ཞིག།〔བསྙོན་དོར་གྱི་རྒྱན〕〔དུས་དེར་རྨ་བྱང་ཕྱོགས་ནས་ཕེབས་པའི་སྐུ་འཁོར་གྱི་སྤྲུལ་སྐུ་རྣམས་ནི།འདི་ལྟར།ཡོངས་འཚིན་རྒྱ་ཡགས་རིན་པོ་ཆེ།ཆེ་ཤོས་སྤྲུལ་པའི་སྐུ། །ཨ་ཀྱཱ་སྤྲུལ་པའི་སྐུ།གསེར་ཏོག་སྤྲུལ་པའི་སྐུ།རྗེ་ཆུ་བཟང་རིན་པོ་ཆེ་རྣམས་དང་།རྨ་ལྷོ་རྒྱུད་ཕྱོགས་ནས་ཕེབས་པ་ནི།ཀུན་མཁྱེན་འཇམ་དབྱངས་བཞད་པ།གུང་ཐང་འཇམ་པའི་དབྱངས།མགར་རྩེ་སྤྲུལ་པའི་སྐུ།གཡེར་གཤོང་སྤྲུལ་པའི་སྐུ།ལ་མོ་སྒར་བ་ཚང་།གཙང་པཎྚི་ཏའི་སྤྲུལ་སྐུ་རྣམས་སོ། །〕སྙིང་རྗེ་ཆེན་པོའི་གཞན་དབང་ཁུར་ལྕི་བ། །དགྱེས་འཛུམ་འོད་ཀྱི་དྲ་བས་འཁྱུད་བཞིན་དུ། །ཁང་བཟང་མཆོག་གི་སྟེགས་བུར་བཞུགས་པ་ན། །གནས་དེར་ལེགས་ཚོགས་ཉི་འོད་ལམ་གྱིས་ཕོག།གནའ་དུས་རབ་དཀར་ལས་ལ་བརྩོན་ལྡན་ཅན། །མེས་པོ་དམ་པ་ཚེ་རིང་དོན་གྲུབ་ཀྱི། །གདུང་གི་རྒྱུད་འཛིན་བདག་ཅག་མཆེད་གསུམ་ལ། །ཨེ་མ་ལེགས་བྱས་འདི་ཀོ་གང་ལས་ཐོབ། །ཁྱད་པར་ཤཱཀྱའི་སྲས་སུ་རབ་བྱུང་སྟེ། །ཡོངས་རྫོགས་བསྟན་ལ་མཇལ་བའི་དགེ་སྦྱོང་བདག། །རང་དབོན་སྒྲ་དབྱངས་དམ་པའི་བག་ཆགས་ཅན།ཁུ་དབོན་ཟུང་ཡང་སྲི་ཞུའི་ལས་ལ་བྲེལ། །དཀར་དམར་བཅུད་ཀྱི་སྙིང་བོ་ཀུན་ཚང་བའི། །བཟའ་བཅའ་བཏུང་བའི་ཞལ་ཟས་རོ་བརྒྱ་བ། །རྒྱ་བོད་ཟུང་དུ་འབྲེལ་བའི་གཡོས་སྦྱོར་གྱིས། །བསོད་ནམས་ཚོགས་ཆེན་གསོག་བའི་དགའ་སྟོན་བཤམས། །ཕྱག་དར་མཆོད་འོས་སྐུ་གསུང་ཐུགས་ཀྱི་རྟེན། །བྱིན་རླབས་ཅན་ལ་སྔོན་མེད་གསར་པའི་བྱིན། །འབེབས་པའི་སླད་དུ་རྟེན་འབྲེལ་སྙིང་བོའི་སྔགས། །འོད་ཞུའི་མེ་ཏོག་ཆར་གྱིས་ཅི་ཡང་བརླན། །མཆོག་གསུམ་ནོར་བུའི་ཅོད་པན་ཐོད་དུ་བཅིངས། །གཞན་ཕན་དགེ་བའི་བསམ་པ་མི་འདོར་ངོས། །བུ་རབས་ཚ་རྒྱུད་ཀུན་ཀྱང་རྣམ་དཀར་ལ། །བརྕོན་པའི་བདེན་བརྗོད་ཐུགས་དམིགས་ཡང་དག་བསྐྱངས། །རིག་འཛིན་ཞིང་ཁམས་དཔལ་ལྡན་ཤམྦྷ་ལར། །རིགས་ལྡན་དྲག་པོ་འཁོར་ལོའི་སྐུར་བཞེངས་ཚེ། །འཕོ་མེད་མི་འགྱུར་བདེ་བའི་སྟོང་གཟུགས་སྐུ། །ལག་རྩེར་གཏོད་པའི་གསོལ་འདེབས་སྙིང་ནས་ཞུས། །དཔག་མེད་དྲིན་གྱིས་བསྐྱངས་པའི་ཕ་མ་གཙོས། །མཁའ་མཉམ་རིགས་དྲུག་འགྲོ་བ་འདི་དག་ཀུན། །འཁོར་མཚོའི་ཀློང་ལས་སྒྲོལ་བའི་ཐུགས་རྗེ་ཆེ། །ནམ་ཡང་ལྷོད་མེད་གཟིགས་པ་དར་བར་ཞུས། །འཕགས་ཡུལ་གསལ་རྒྱལ་བུ་མོ་རྡོ་རྗེ་མར། །མི་སྡུག་བཞིན་ངན་སུས་ཀྱང་མི་མཐོང་བའི། །ཁང་སྐྱིབས་ཕག་ཏུ་ཡིབ་དགོས་རྒྱལ་བོའི་བཀའ། །མི་འདོད་དབང་མེད་ཕྲག་ལ་ཕབ་པ་དེས། །སྟོན་པ་ཉན་ཐོས་འཁོར་བཅས་ཉིན་གཅིག་ལ། །གདུགས་ཚོད་འདྲེན་ཕྱིར་ཡབ་ཀྱིས་སྤྱན་དྲངས་ཚེ། །བུ་མོས་ཞལ་མཐོང་རེ་བའི་དད་ཤུགས་ཀྱིས། །སངས་རྒྱས་དངོས་མཐོང་གཏམ་ཙམ་རྣ་བར་འཇགས། །དེ་བཞིན་ཁྱིམ་འདིར་སྲས་མོ་རྡོ་རྗེ་མའི། །ཚུལ་མཚུངས་མིག་ལོང་བུ་མོ་ཉམ་ཆུང་ཞིག།ཕྱག་དབང་ཞུ་བའི་གོ་སྐབས་ཡོལ་ཉེ་བ། །མངོན་སུམ་མཁྱེན་པའི་མཛད་སྒོ་ཅི་ཡང་བསྟན། །སུས་ཀྱང་མ་བསྐུལ་བུ་མོའི་གམ་དུ་བྱོན། །གནས་བབ་མ་ཞུས་གསུང་གིས་དབུགས་དབྱུང་མཛད། །གནང་བར་མ་གསོལ་འཐོར་འབྲུ་གཙུག་ཏུ་བཀོད། །འདི་ཕྱིར་དགེ་བའི་ཕྱག་དབང་བཀའ་དྲིན་སྩལ། །གང་འདི་རང་གིས་དངོས་སུ་མཐོང་མ་གཏོགས། །བརྒྱུད་དེ་སྨྲས་པས་སུ་ཞིག་ཡིད་རྟོན་བྱེད། །འཕགས་ཆེན་མཛད་སྤྱོད་ཕྲ་མོ་འདི་ཙམ་ཡང་། །མངོན་སུམ་མཇལ་བ་བདག་ཅག་སྐལ་བ་སྦོམ། །ཨེ་མ་ཚུལ་འདིས་རྨོངས་པའི་བྲན་གྱུར་ཆུ་བུར་མིག་ཅན་བདག་འདྲ་ལ། །དད་པའི་འོ་མཚོ་སྐད་ཅིག་དེ་རུ་མཁའ་ལ་མི་འཕྱུར་རང་དབང་ཅི། །རྨ་བྱས་བཏེགས་པའི་རིན་ཆེན་ཁྲིར་བཞུགས་བསམ་བཞིན་མི་ཡི་གར་ཟློས་པ། །ཆོས་གྱི་རྒྱལ་མཚན་སྟོབས་བཅུ་མངའ་བས་ཚེ་རབས་ཕྲེང་བར་རྗེས་འཛིན་མཛོད། །སྙིང་དབུས་འདབ་བརྒྱད་ཟེའི་འབྲུར་ཁྱོད་ཀྱི་སྐུ། །ནམ་ཡང་འབྲལ་མེད་སྒོམ་པའི་དལ་འབྱོར་རྟེན། །མགོན་ཁྱོད་དབུས་བཞུགས་སློབ་ཚོགས་སྣང་བརྙན་གྱི། །རི་མོ་རིན་ཐང་མེད་པའི་དད་རྟེན་བཞག།ཞལ་མཐོང་ཙམ་གྱིས་རིས་མེད་འགྲོ་ཀུན་ཀྱང་། །འདྲེན་པ་ཁྱོད་ཀྱིས་བརྩེ་བས་ཉེར་དགོངས་ཏེ། །ཐེག་ཆེན་རིགས་ཀྱི་ནུས་པ་མྱུར་སད་ཅིང་། །གཏན་བདེའི་ས་ལ་རྐང་བ་བཀོད་པར་སྨིན། །ཞེས་བྱ་བ་ནི་ཤཱཀྱའི་བཙུན་གཟུགས་འཇིགས་མེད་རིགས་པའི་བློ་གྲོས་རང་གི་ལྟེ་མཚལ་ཕོ་བའི་གཞི་ཁྱིམ་དུ་སྤྱན་དྲངས་པའི་ཚུལ་གྱི་ངོ་མཚར་བའི་གཏམ་སྟེ་བརྒྱད་པའོ། །

          འདིར་སྨྲས་པ། བསོད་ནམས་དགེ་བའི་ཞིང་མཆོག་ཟླ་མེད་པར། །སྡེབ་ལེགས་རྣར་སྙན་ཚིག་གིས་རབ་བསྔགས་པས། །སྐྱེ་བའི་ཕྲེང་བར་ལེགས་བཤད་སྨྲ་བ་ལ། །མཁས་གྲུབ་སྨྲ་བའི་མགོན་དང་མཚུངས་པར་སྨོན། །ཚངས་སྲས་སྒེག་མོའི་བཻ་ཌཱུའི་རྒྱུད་མངས་ལས། །དྲངས་པའི་བསྟོད་ཚིག་རབ་སྙན་འདི་སྤྲོས་པས། །གསུང་དབྱངས་ཡན་ལག་དྲུག་ཅུའི་རྩལ་རྫོགས་པའི། །དྲི་མེད་ཡོན་ཏན་མཆོག་ལ་དབང་བར་སྨོན། །དྲི་ཟའི་མགུར་གྱི་ལྡིང་ཁང་བ་གམ་ལས། །སྙན་ངག་འགྱུར་ཁུག་ལྡན་པའི་གླུ་བླངས་པས། །ས་གསུམ་སྐྱེ་དགུ་ཡོད་དོ་ཅོག་གི་མགྲིན། །དཔལ་ལྡན་ཚངས་པའི་དབྱངས་ཀྱིས་བརྒྱན་པར་སྨོན། །〔གསུང་གའང་ཤིས་པ་བརྗོད་པའི་རྒྱན〕ཞེས་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མདོ་སྨད་འཁྲུངས་གཞིས་ཕྱོགས་སུ་ཕེབས་པའི་ལེགས་མཛད་ཆ་ཤས་ཙམ་གྱི་ངོ་མཚར་བའི་གཏམ་གྱི་རྟོགས་པ་བརྗོད་པ་དངུལ་གྱི་མེ་ཏོག་ཅེས་བྱ་བ་འདི་ནི།པཎ་ཆེན་གོང་མ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་རེབ་གོང་དུ་ཕེབས་དུས།འཇམ་དཔལ་དབྱངས་དངོས་ཡོངས་འཛིན་པཎྚི་ཏ་རྗེས་སུ་ངྷཱིདཿའི་མཚན་ཅན་གྱིས་མཛད་པའི་རྟོགས་བརྗོད་གསེར་གྱི་མེ་ཏོག་མཚན་དང་ཆ་མཚུངས་པའི་དངུལ་གྱི་མེ་ཏོག་གི་རྟོགས་བརྗོད་འདི་འདྲ་བ་ཞིག་གཞན་གྱིས་སྐུལ་བ་ལ་མ་ལྟོས་པར་རྩོམ་འདུན་གི་ཀུན་སློང་སྐྱེས་པ་ན།ལུང་རྟོགས་བསྟན་པའི་གཏེར་ཆེན་གཡེར་གཤོང་སྤྲུལ་པའི་སྐུ་དང་།རང་དབོན་གསེར་རིའི་མ་ཎིའི་སྐུ་སྐྱེ།དན་ཏིག་པ་འཇིགས་མེད་དོན་གྲུབ་རྣམ་གསུམ་གྱིས་སྣེ་ཚར་རིང་བའི་ལྷ་གོས་ཀྱི་སྐྱེས་དང་བཅས་འཕྲལ་དུ་རྩོམ་དགོས་པའི་རྟིང་སྐུལ་མཛད་པ་དང་བསྟུན།སྙན་ངག་མཁན་དབྱངས་ལྡན་རིག་པའི་འདོད་འཇོ་ཞེས་འབོད་པའི་སྤྲུལ་མིང་པས་མགོ་ཟླའི་ཡར་ཚེས་ལ་གར་འདུག་ལྔ་རིག་དྲི་བསུང་འཐུལ་བའི་ལྡིང་ཁང་ནས་བྲིས་པའི་དགེ་བས་རབ་འབྱངས་རྒྱལ་བའི་གསུང་གི་དབང་ཕྱུག་མྱུར་དུ་གྲུབ་གྱུར་ཅིག།
          སྭ་སྟི།ཁ་བའི་རྡུལ་བརྩེགས་སྤུངས་པའི་ས་འཛིན་གྱིས། །ཁོར་ཡུག་ཁྱུད་མོར་བསྐོར་བའི་ཞིང་ཁམས་སུ། །དཔལ་སྟུག་རིག་གཞུང་པད་ཚལ་རྒྱས་མཛད་པའི། །བདུད་རྩིའི་ཆབ་འདིས་རེ་བ་སྐོང་བར་སྨོན། །།