དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མ་ནི་རྒྱ་གར་གྱི་སློབ་དཔོན་ལེགས་ལྡན་འབྱེད་(ཕལ་ཆེར་སྤྱི་ལོ་500ལོ་ནས་570ལོའི་བར།)ཀྱིས་མཛད་པའི་མགོན་པོ་ཀླུ་སྒྲུབ་(ཕལ་ཆེར་དུས་རབས་2པའི་སྐབས།)ཀྱི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཡིན། དེ་ནི་ཐེག་པ་ཆེན་པོའི་དབུ་མའི་གཞུང་གི་བསྟན་བཅོས་གལ་ཆེན་ཞིག་ཡིན་པ་མ་ཟད། དབུ་མ་རང་རྒྱུད་པ་དང་དེ་བཞིན་དུས་རབས་6པའི་སྐབས་ཀྱི་རྒྱ་གར་གྱི་མཚན་ཉིད་རིག་པའི་རྩོད་པའི་རླབས་རྒྱུན་མཚོན་པའི་བསྟན་བཅོས་གལ་ཆེན་ཞིག་རེད། ལོ་རྒྱུས་སུ་འདི་ལ་བོད་འགྱུར་དང་རྒྱ་འགྱུར་གཉིས་ཀ་ཡོད་ལ། ལེགས་སྦྱར་སྐད་ཀྱི་མ་ཡིག་ད་དུང་མ་རྙེད། བོད་ཡིག་ལ་བསྒྱུར་མཁན་ནི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་ཡིན་ལ། ཆ་ཚང་ལ་ཤོ་ལོ་ཀ་6000དང་བམ་པོ་20ཡོད། རྒྱ་ཡིག་ཏུ་ཡོད་པ་ནི་ཐང་རྒྱལ་རབས་སྐབས་ཀྱི་ལོ་ཙཱ་བ་པོ་ལོ་ཕའོ་མི་ཏོ་ལའོ་(波罗颇蜜多罗)ཡི་འགྱུར་ཡིན་ལ། ཆ་ཚང་ལ་བམ་པོ་བཅོ་ལྔ་ཡོད། བོད་འགྱུར་དང་བསྡུར་ན། རྒྱ་འགྱུར་མར་ཆད་སྐྱོན་མང་ཞིང་ཚིག་གོ་དཀའ་བས་ད་ལྟ་ང་ཚོས་གོ་བ་ལེན་པར་དཀའ་ངལ་ཆེན་པོ་ཡོད། དེར་བརྟེན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆོས་ལུགས་དང་མཚན་ཉིད་རིག་པའི་སློབ་གླིང་གི་སློབ་དཔོན་ཆེན་མོ་དཔལ་འབར་རྡོ་རྗེ་ལགས་ཀྱི་རེ་བ་ལྟར། ང་ཚོས་ཡིག་བསྒྱུར་ཚོ་ཆུང་བཙུགས་ཏེ། ནང་དོན་ཆ་ཚང་བ་དང་མཆན་འགྲེལ་ཞིབ་ཚགས་ཡིན་པ། དེ་བཞིན་ཅུང་གོ་བདེ་བའི་དེང་རབས་རང་བཞིན་གྱི་འགྱུར་ཡིག་ཅིག་ཡོང་བའི་འདུན་པ་སྔོན་དུ་བཏང་སྟེ། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མ་རྒྱ་ཡིག་ཏུ་བསྒྱུར་བའི་ལས་ཀའི་འགོ་བཟུང་བ་ཡིན།
མ་ཡིག་ནི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བཀའ་བསྟན་དཔེ་བསྡུར་མའི་ཁྲོད་ཀྱི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མ་ཡིན་ལ། མཚམས་ལ་ལར་དགའ་ལྡན་དགོན་པའི་བསྟན་འགྱུར་གསེར་བྲིས་མར་ཟུར་ལྟ་བྱས་ཡོད། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མ་ནི་རྩོད་པའི་རྣམ་པས་བྲིས་པའི་བསྟན་བཅོས་ཤིག་ཡིན་སྟབས། མ་ཡིག་ལ་གོ་བ་ལེན་པར་དཀའ་ངལ་ཧ་ཅང་ཆེ། དེར་བརྟེན་ང་ཚོས་སློབ་དཔོན་ཡེ་ཤེས་སྙིང་པོ་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཡང་འགྲེལ་སྟེ། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་ལ་ཟུར་ལྟ་བྱས་པ་མ་ཟད། ད་དུང་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མའི་སྐོར་གྱི་དཔྱད་འབྲས་དང་འགྱུར་སྣ་ཚོགས་ཀྱང་དཔྱད་གཞིར་བཟུང་། ལྷག་པར་དུ་གཤམ་གསལ་ཝེ་ལེན་ཨེ་མུའུ་སི་(William L.Ames)ཡིས་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མའི་རབ་བྱེད་དང་པོ་ནས་བདུན་པའི་བར་དབྱིན་ཡིག་ཏུ་བསྒྱུར་བའི་འགྱུར་ཡིག་དང་དེའི་མཆན་འགྲེལ་①ལ་ཟུར་ལྟ་བྱས་ཡོད།
William L.Ames,“Bhāvaviveka’s Prajñāpradīpa:A Translation of Chapter One,‘Examination of Causal Conditions’(Pratyaya),Part One”,Journal of Indian Philosophy,vol.21(1993),pp.209-259;“Part Two”,Journal of Indian Philosophy,vol.22(1994),pp.93-135;vol.23(1995),pp.209-259.
William L.Ames,“Bhāvaviveka’sPrajñāpradīpa:A Translation of Chapters Three,Four and Five,Examining the Āyatanas,Aggregates and Elements[from the Tibetan]”,Buddhist Literature,vol.1(1999),pp.1-119.
William L.Ames,“Bhāvaviveka’s Prajñāpradīpa:A Translation of Chapter Six,Examination of Desire and the One Who Desires,and Chapter Seven, Examination of Origination,Duration and Cessation”,Buddhist Literature,vol.2(2000),pp.191.
ད་ཐེངས་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མ་རྒྱ་ཡིག་ཏུ་བསྒྱུར་མཁན་ནི་དཔལ་འབར་རྡོ་རྗེ་དང་། འབྲུག་ལྷ། སུན་ཝུའུ་ཧུའུ། གསར་བརྗེ་བཅས་ཡིན་ལ། སོ་སོས་འགན་འཁུར་པའི་རབ་བྱེད་ནི་གཤམ་གསལ་ལྟར།
དཔལ་འབར་རྡོ་རྗེ། རབ་ཏུ་བྱེད་པ་25པ།(ཁག་ཅིག)རབ་ཏུ་བྱེད་པ་26པ།
འབྲུག་ལྷ། རབ་ཏུ་བྱེད་པ་8-14བར། རབ་ཏུ་བྱེད་པ་21-23བར། རབ་ཏུ་བྱེད་པ་25པ། (ཁག་ཅིག)རབ་ཏུ་བྱེད་པ་27པ།
སུན་ཝུའུ་ཧུའུ། རབ་ཏུ་བྱེད་པ་15-19བར།
གསར་བརྗེ། རབ་ཏུ་བྱེད་པ་1-7བར། རབ་ཏུ་བྱེད་པ་20པ། རབ་ཏུ་བྱེད་པ་24པ།
ང་ཚོའི་ཡིག་བསྒྱུར་གོ་རིམ་དང་ཐབས་ལམ་ནི། ཐོག་མར་གོང་ལྟར་ལས་བགོས་བྱས་ཏེ་བསྒྱུར་ཅིང་། དེ་ནས་བརྡ་ཆད་གཅིག་གྱུར་དང་། དེང་རབས་རྒྱ་སྐད་ཀྱི་ལམ་ནས་བསྒྱུར་ཅི་ཐུབ་བྱས་ལ་དགོས་ངེས་ཀྱི་མཚམས་སུ་མཆན་འགྲེལ་བཀོད་ཡོད། ང་ཚོ་ཐུན་མོང་གིས་བསྒྱུར་བ་ཡིན་སྟབས། ཡིག་བསྒྱུར་གྱི་གོ་རིམ་ཁྲོད་གནད་དོན་གང་མང་ཞིག་ལ་འཕྲད་ན་ཡང་མཇུག་མཐར་ད་ལྟའི་རྣམ་པ་འདི་ལྟ་བུ་གྲུབ་ཐུབ་པ་བྱུང་། ད་ལྟ་པར་དུ་བསྐྲུན་ལ་ཉེ་བའི་སྐབས་འདིར། ང་ཚོས་ཡིག་བསྒྱུར་བྱས་པའི་བརྒྱུད་རིམ་དང་དེར་འཕྲད་པའི་གནད་དོན། དེ་བཞིན་གནད་དོན་དེ་དག་ཐག་གཅོད་བྱེད་ཐབས་བཅས་ཀྱི་ཐད་ནས་ཅུང་ཟད་བརྗོད་ན།
ཐོག་མར་ང་ཚོའི་འགྱུར་གྱི་ཁྱད་ཆོས་ལ་མཚོན་ན། བསྒྱུར་མཁན་མི་འདྲ་བས་བསྒྱུར་བ་ཡིན་སྟབས། སོ་སོས་བསྒྱུར་བའི་འགྱུར་ཡིག་གི་ཁྱད་ཆོས་མི་མཚུངས་ཏེ། འགྱུར་ཡིག་ལ་ལ་གནའ་རབས་རྒྱ་ཡིག་དང་དེང་རབས་རྒྱ་ཡིག་ཟུང་དུ་འབྲེལ་བའི་ཐབས་ལམ་སྤྱད་པ་དང་། ལ་ལ་དེང་རབས་རྒྱ་ཡིག་དང་ཅུང་མཐུན་ཆེ། སྤྱིར་འདི་ལྟ་བུའི་འགྱུར་ཡིག་གནའ་ཡིག་དང་བསྟུན་པའམ་ཡང་ན་ད་ལྟའི་ཕལ་སྐད་དང་བསྟུན་དགོས་མིན་ཐད་ལ་འདོད་ཚུལ་འདྲ་མིན་སྣ་ཚོགས་ཡོད་རུང་། ང་ཚོས་གཙོ་བོ་རྒྱ་ཆེའི་ཀློག་པ་པོ་རྣམས་དེང་རབས་རྒྱ་ཡིག་ལ་རྒྱུས་ཆེ་བའི་གནས་ཚུལ་ལ་གཞིགས་ཏེ། ད་ལྟའི་བསྒྱུར་སྟངས་འདི་ལྟར་འཇོག་རྒྱུ་ཐག་གཅོད་བྱས་ལ་ཆ་ཚང་གཅིག་གྱུར་བཟོས་མེད། ད་དུང་གསལ་བཤད་བྱ་རྒྱུ་ཞིག་ནི། ཀློག་པ་པོས་གོ་བདེ་བའི་ཆེད་དུ། ནང་ཆོས་ཀྱི་ཐ་སྙད་ཁག་ཅིག་དང་ལྷག་པར་དུ་ཚད་མའི་བརྡ་ཆད་དག་རབ་བྱེད་ཁ་ཤས་སུ་ང་ཚོས་གང་ཐུབ་ཀྱིས་དེང་རབས་ཀྱི་ཐ་སྙད་བཀོལ་གང་ཐུབ་བྱས། དེ་དང་ཆབས་ཅིག་གུག་རྟགས་ནང་དུ་དེའི་གནའ་བོའི་འགྱུར་ཡིག་གི་ཐ་སྙད་བཀོད་ཡོད། དཔེར་ན། བསྒྲུབ་བྱ།(དམ་བཅའ།)སྒྲུབ་བྱེད།(རྟགས།)དཔེ་བརྗོད།(དཔེ།)རིགས་འདེད།(རྗེས་དཔག)སོགས་ལྟ་བུ། ཐེངས་མང་པོར་བྱུང་བའི་བརྡ་ཆད་དག་གཅིག་གྱུར་ཡོང་ཆེད། མ་ཡིག་ཆ་ཚང་བསྒྱུར་ཚར་རྗེས། ང་ཚོ་ཡིག་བསྒྱུར་ཚོ་ཆུང་གིས་འགྱུར་ཡིག་ཆ་ཚང་བམ་ཀློག་བྱས་ནས་བརྡ་ཆད་བཀོལ་སྟངས་ཞུ་དག་བྱས་པ་ཡིན། དེའི་ཐད་ལ་ད་དུང་ཀློག་པ་པོ་རྣམས་ཀྱིས་སྐྱོན་བརྗོད་དང་དགོངས་འཆར་ཡོད་པར་ཞུ།
དེ་ནས་མཆན་འགྲེལ་གྱི་སྐོར་ལ། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཐོག་མའི་མ་ཡིག་ནི་ལེགས་སྦྱར་ཡི་གེ་ཡིན་སྟབས། ནང་དོན་ལ་ལ་ལེགས་སྦྱར་མ་ཡིག་གི་ཁྲོད་ནས་ད་གཟོད་གོ་བ་གསལ་པོ་ལེན་ཐུབ། དེ་བས་ང་ཚོས་གང་ཐུབ་ཀྱིས་འགྲེལ་བཤད་དགོས་སར་མཆན་བཀོད་པ་དང་། མཆན་འགྲེལ་ཁྲོད་ཀྱི་ལེགས་སྦྱར་དང་དེ་བཞིན་བོད་ཡིག་གི་ཐ་སྙད་དང་ལུང་འདྲེན་ཡི་གེ་ཚང་མ་ལ་ཏིང་ཡི་གེའི་འབྲི་ཚུལ་སྤྱད་ཡོད། སྤྱིར་བཏང་གི་ཀློག་པ་པོ་རྣམས་ཀྱི་དགོས་མཁོ་ལ་གཞིགས་ན། འདི་འདྲའི་མཆན་འགྲེལ་མང་མི་རུང་མོད། འདིར་རབ་བྱེད་སོ་སོའི་མཆན་འགྲེལ་མང་ཉུང་ཡང་འདྲ་མིན་སྣ་ཚོགས་ཡིན་པས། རྒྱ་ཆེའི་ཀློག་པ་པོ་རྣམ་པས་བསམ་ཤེས་གནང་རོགས་ཞེས་ཀྱང་ཞུའོ། །
དེ་ནས་འབྲི་ཐབས་ཀྱི་ཚད་གཞི་སྐོར་ཡིན་ཏེ། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མ་ནི་རྩོད་པའི་རྣམ་པས་བྲིས་པའི་བསྟན་བཅོས་ཤིག་ཡིན་སྟབས། ཚད་མའི་འགྲེལ་ངག་གི་ཚིག་སྦྱོར་ཐད་ནས་ཀྱང་མི་འདྲ་བ་མང་པོ་ཡོད་ལ། རྒོལ་ཕྱི་རྒོལ་ཐུན་མོང་གི་ལྟ་བའི་སྐབས་ལ་ལར་ཚིག་སྦྱོར་གྱི་ཁྲོད་ནས་མངོན་པས། གསལ་བཤད་མེད་ཚེ་དེའི་ཁྲོད་ཀྱི་ཚིག་སྦྱོར་ལ་གོ་བ་ལེན་དཀའ། ང་ཚོས་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་འགྲེལ་བར་ཟུར་ལྟ་བྱས་པ་ཡིན་ལ། དགོས་ངེས་ཀྱི་སྐབས་སུ་མཚམས་དེའི་བརྗོད་བྱ་གོང་འོག་གུག་རྟགས་ནང་དུ་ཁ་སྐོང་བྱས་ཡོད། མ་ཡིག་ནང་གི་དབུ་མ་རྩ་བ་ཤེས་རབ་ཀྱི་ཚིགས་བཅད་དག་སྐབས་ལ་ལར་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་འགྲེལ་པ་དང་སྦྲགས་ནས་གོ་བ་ལེན་དགོས་པས། ང་ཚོས་གནའ་བོའི་འགྱུར་དང་ཡང་ན་གཞན་པའི་འགྱུར་མ་བཀོལ་བར་ཚེག་བར་བདུན་མའི་སྒོ་ནས་བསྐྱར་དུ་བསྒྱུར་བ་དང་། དེ་ཡིག་གཟུགས་མི་འདྲ་བས་མཚོན་ཡོད། ད་དུང་རབ་བྱེད་ཀྱི་གྲངས་ཀ་དང་ཚིགས་བཅད་ཀྱི་གྲངས་ཀ་ཡང་བཀོད་ཡོད་དེ། ཤོ་ལོ་ཀ་གཅིག་ལ་ཚིག་རྐང་བཞི་ཡོད་པ་ང་ཚོས་abcdལྟར་མཚོན་ཡོད། དཔེར་ན། 1-3cdཡིས་རབ་བྱེད་དང་པོའི་ཤོ་ལོ་ཀ་3པའི་ཚིག་རྐང་3པ་དང་4པ་མཚོན། འདི་ལྟར་མཚོན་ན་ཀློག་པ་པོས་ལས་སླ་པོའི་ངང་ནས་དེའི་མ་ཡིག་གི་ཤོ་ལོ་ཀ་ཐད་ཀར་ངོས་འཛིན་ཐུབ། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མའི་མ་ཡིག་ཏུ་མདོའི་ལུང་དྲངས་པ་དང་། ལྷག་པར་དུ་རབ་བྱེད་སོ་སོ་རྫོགས་པའི་མཚམས་སུ་ལུང་དྲངས་པ་དག་ང་ཚོས་རྒྱ་ཡིག་ཡིག་གཟུགས་མི་འདྲ་བས་མཚོན་ཡོད་ལ། དེའི་ལུང་ཁུངས་ཀྱི་ལེགས་སྦྱར་མ་ཡིག་དང་རྒྱ་བོད་འགྱུར་མའི་མ་ཡིག་ཀྱང་འཚོལ་གང་ཐུབ་བྱས་ཡོད་པས། ཀློག་པ་པོར་ལྟ་བདེ་པོ་བཟོས་ཡོད། བོད་འགྱུར་མའི་མ་ཡིག་ནི་སྡེ་དགེ་པར་མའི་བཀའ་བསྟན་འགྱུར་ལས་དྲངས་པ་དང་། དབྱིན་ཡིག་གི་གསལ་བྱེད་Dཡིས་མཚོན། ཆོས་ཚན་གྱི་མཚོན་གྲངས་ནི་འཇར་པན་དཀར་ཆག་②ལྟར་བཀོད་པ་དང་། ཤོག་ངོས་མདུན་རྒྱབ་རིམ་པ་བཞིན་གསལ་བྱེད་aདང་bཡིས་མཚོན་ཡོད་དེ། དཔེར་ན། D 14 82b2-83a5ཡིས་སྡེ་དགེ་པར་མའི་ཆོས་ཚན་14པ། ཤོག་ངོས་82པའི་རྒྱབ་ངོས་ཐིག་ཕྲེང་2པ་ནས་ཤོག་ངོ་83པའི་མདུན་ངོས་ཐིག་ཕྲེང་5པ་མཚོན།
ང་ཚོས་ལས་བགོས་བྱས་ནས་བསྒྱུར་བ་དང་། སྐབས་ལ་ལར་ལྷན་དུ་འཛོམས་ནས་ཡིག་བསྒྱུར་གོ་རིམ་ཁྲོད་འཕྲད་པའི་གནད་དོན་དང་དེ་ཐག་གཅོད་ཐབས་བགྲོ་གླེང་བྱས་པ་ཡིན་ལ། ད་དུང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཁན་པོ་གདན་དྲངས་ཏེ་སློབ་ཁྲིད་ལ་ཉན་ནས་འདིའི་སྐོར་གྱི་དཀའ་གནད་དང་དོགས་གཞི་སེལ་ཐབས་བྱས། ཡོངས་རྫོགས་བསྒྱུར་ཚར་རྗེས་འབྲུག་ལྷ་དང་གསར་བརྗེ་ཡིས་ཆ་ཚང་བཀླགས་པ་ཡིན་ལ། གསར་བརྗེ་དང་སུན་ཝུའུ་ཧུའུ་ཡིས་དབུ་མ་རྩ་བ་ཤེས་རབ་ཀྱི་ཚིགས་བཅད་ཀྱི་ཐ་སྙད་གཅིག་གྱུར་བྱས་ལ། དཔལ་འབར་རྡོ་རྗེ་ཡིས་ཆ་ཚང་བམ་ཀློག་བྱས་ཏེ་ནང་གི་བརྡ་ཆད་ཁག་ཅིག་གཅིག་གྱུར་བྱས།
འདིར་དམིགས་བསལ་ཞུ་རྒྱུ་ཞིག་ལ། རྒྱ་འགྱུར་གྱི་གོ་རིམ་ཁྲོད་ཐོན་པའི་ལེགས་སྦྱར་ཡི་གེ་དང་བོད་ཡིག་དག་ལ་ཏིང་ཡི་གེའི་འབྲི་ཚུལ་སྤྱད་ཡོད། འདི་ནི་གཙོ་བོ་རྒྱལ་སྤྱིའི་རིག་གཞུང་སྤྱི་འགྲོས་ལ་བསྟུན་ནས་ཀློག་པ་པོ་མང་པོ་ལ་ཁ་ཕྱོགས་པ་ཞིག་ཡིན་པ་མ་ཟད། ཡིག་རིགས་སྣ་ཚོགས་ལྷན་དུ་འགོད་སྐབས་སྒྲིག་སྟངས་རྙོག་འཛིང་ཅན་དུ་མི་འགྱུར་བ་དང་ནོར་འཁྲུལ་མི་འབྱུང་བའི་ཆེད་ཀྱང་ཡིན།
ཡིག་བསྒྱུར་གང་ཡིན་རུང་སྐྱོན་ཀུན་བྲལ་ཞིག་ཡོང་དཀའ། ཕྱོགས་གཅིག་ནས་མ་ཡིག་དང་འགྱུར་ཡིག་ཕན་ཚུན་བསྟུན་དགོས་པ་དང་། ཕྱོགས་གཞན་ཞིག་ནས་བསྒྱུར་མཁན་དང་ཀློག་པ་པོའི་བར་ལའང་དོ་སྣང་དགོས་པས། ཡིག་བསྒྱུར་གོ་རིམ་ཁྲོད་སྐབས་ལ་ལར་ནང་དོན་མང་དྲགས་པ་དང་སྐབས་ལ་ལར་ནང་དོན་ཆ་ཚང་བསྒྱུར་མ་ཐུབ་པ་སོགས་ཀྱི་གནད་དོན་འབྱུང་སྲིད་པས། དོན་དངོས་སུ་འགྱུར་ཡག་པོ་ཞིག་ཡོང་ཡོད་མེད་ནི་རྗེས་ཕྱོགས་རྒྱ་ཆེའི་ཀློག་པ་པོ་རྣམ་པ་དང་ཡུན་རིང་གི་དུས་ཚོད་ཀྱིས་ཐག་གཅོད་དགོས་པ་ཞིག་གོ །
①ཝེ་ལེན་སི་ཡིས་དེའི་རྗེས་ཀྱི་རབ་ཏུ་བྱེད་པ་8-12ཡང་བསྒྱུར་ཡོད་ཅིང་། དེབ་ William L . Ames , The Lamp of Discernment : A Translation of Chapters 1-12 of Bh ä viveka ' s Prajnapradipa , University of Hawai ' i Press ,2019.ཞེས་པ་འདི་པར་དུ་བསྐྲུན་ཡོད་མོད། གུས་པའི་ལག་ཏུ་མ་རྙེད་པས་ཕངས།
②宇井伯寿、铃木宗忠、金仓圆照、多田等观编:《西藏大藏经总目录》,仙台:东北帝国大学,1934年(东京,名著出版社,1970年重印)。[Hakuju Ui, Munetada Suzuki,Yenshō Kanakura,and Tōkan Tada,eds. Chibetto Daizōkyō Sōmokuroku/A Complete Catalogue of the Tibetan Buddhist Canons(Bkaḥ-ḥgyur and Bstan-ḥgyur),Sendai:TōhokuImperialUniversity,1934.]
གསར་བརྗེ་ནས།
2023ལོའི་ཟླ་6པའི་ཚེས་8ཉིན།