ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > གསར་ཤོས།

«ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས»གསར་པ་པར་སྐྲུན་བྱས་འདུག

སྤེལ་དུས 2024-01-24 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།
         ཉེ་ལམ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲིག་གནང་ཞིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་ཞེས་པའི་དེབ་ལྔའི་བདག་ཉིད་ཅན་གྱི་དེབ་ཚོགས་འདི་ཉིད་ད་ལྟ་དངོས་སུ་སྤྱི་ཚོགས་སོ་སོར་བཀྲམ་ཡོད་པ་དང་། དེབ་སོ་སོའི་ནང་དོན་ཐད་བརྩམས་སྒྲུང་དང་ལྷུག་རྩོམ། སྙན་ངག ཡུལ་སྐོར་རེག་ཟིག་སོགས་རྩོམ་ལུས་དང་བརྗོད་གཞི་མི་འདྲ་བ་སྣ་ཚོགས་ཀྱིས་གྲུབ་ཡོད་དོ། །
  «ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས»ལས་དེབ༩—༡༣བར།

  «རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»
(ལྷུག་རྩོམ་དེབ།)
རྩོམ་པ་པོ། གངས་དབང་།
         དེབ་འདི་ནི་རང་ཡུལ་རང་གིས་སྐོར་མཁན་གངས་དབང་གི་མུ་འབྲེལ་རིག་གནས་ལྷུག་རྩོམ«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»དེབ་གསུམ་པ་ཡིན་ལ། རྩོམ་པ་པོས་ལོ་ངོ་གསུམ་གྱི་རིང་ལ་ཆུ་བོ་ཆེན་པོའི་ཆུ་གཞུང་ནས་ཆུ་འགོ་དེད་པའི་རིང་ལ་མཇལ་བའི་ལོ་རྒྱུས་ཀྱི་རྒྱབ་གཟུགས་དང་། དཔའ་བོའི་ལུང་པར་ཁེར་རྐྱང་ངང་བཞད་མྱོང་བའི་མེ་ཏོག གཡུང་དྲུང་གི་རི་མོར་འཁོར་བའི་རྣམ་ཤེས་དང་ཁྱུང་རི་ལས་བྱ་རྒྱལ་ཁྱུང་ཆེན་ཞིག་རྒྱལ་ཁམས་ཀྱི་མཁའ་དབྱིངས་སུ་འཕུར་ཚུལ། འཕྲེད་དུ་ཉལ་བའི་རྡོ་རིང་ཞིག་ཀློག་སྟངས། དེ་མིན་ཕ་ལྟར་འགྱིང་བའི་གངས་ཏི་སེ་དང་མ་ལྟར་བཞུགས་པའི་མཚོ་མ་པང་གི་དྲུང་དུ་རྡོག་བྲོ་འཁྲབ་ཚུལ། ཇོ་མོ་གླང་མའི་མདུན་དུ་རྨི་ལམ་རྨིས་ཚུལ་བཅས་གཞུ་མོ་གྲིམ་ལྷོད་རན་པ་ལ་མདའ་མོ་འཇམ་རྩུབ་འཚམས་པ་སྤྲད་དེ་རི་ཆུའི་སྐྱིད་སྡུག་དང་མི་སྒེར་གྱི་དགའ་སྐྱོ་ལྷུག་ལྷུག་ཏུ་བརྗོད་ཡོད་དོ། །

         གངས་དབང་། ཁམས་ཉག་ཆུ་རྫོང་གི་རོང་ས་ཞིག་ནས་སྐྱེས། སློབ་ཆེན་ལས་མཐར་ཕྱིན་རྗེས། ལོ་བཅོ་ལྔའི་རིང་ལ་དར་རྩེ་མདོ་ར་རྔ་ཁའི་བོད་ཡིག་སློབ་འབྲིང་དུ་དགེ་རྒན་བྱས། བོད་ཡིག་དུས་དེབ་སོ་སོར་ལྷུག་རྩོམ་གཙོ་བོར་བྱས་པའི་བརྩམས་ཆོས་མང་ཙམ་སྤེལ་མྱངས། ད་བར་རིག་གནས་ལྷུག་རྩོམ«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»དེབ་དང་པོ་དང་གཉིས་པ། གསུམ་པ། ལྷུག་རྩོམ«གངས་རི་ལ་དབང་བའི་ཁ་བའི་འདབ་མ»དང«ཕྱིར་ལོག་པའི་ལམ་དུ»ཞེས་པ་བཅས་པར་དུ་བསྐྲུན། 2018ལོ་དང2021ལོར་སི་ཁྲོན་ཞིང་ཆེན་གྱི་སྐབས་བདུན་པ་དང་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་བྱ་དགའ་ཐོབ། ད་ལྟར་མི་ཉག་དར་རྩེ་མདོ་རུ་ཚགས་པར་དང་དུས་དེབ། དྲ་བ་བཅས་ཀྱི་ལས་ཀ་སྒྲུབ་ཞོར་དུ་མུ་མཐུད་ནས«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ཅེས་པའི་མུ་འབྲེལ་རིག་གནས་ལྷུག་རྩོམ་འབྲི་བར་འབད་བཞིན་ཡོད། །

«སྒེའུ་ཁུང་།»
(བརྩམས་སྒྲུང་དེབ།)
རྩོམ་པ་པོ། ཆོས་དབྱིངས་རྒྱ་མཚོ།

         «སྒེའུ་ཁུང»ཞེས་པའི་དེབ་འདི་ནི། «མིག་ཆུ་རྡོག་པོ་ཞིག»དང«གསང་བའི་མགྲོན་པོ» «ཆང་དང་མཚན་མོ» «འདྲ་པར» «རྨི་ལམ་འཁྲུགས་པ»སོགས་སྒྲུང་ཐུང་ཉེར་བརྒྱད་ཀྱིས་གྲུབ་པའི་སྒྲུང་ཐུང་ཕྱོགས་བསྡུས་ཀྱི་དེབ་ཅིག་ཡིན། རྩོམ་པ་པོ༢༠༡༨ལོར་སྒྲུང་གཏམ་གསར་རྩོམ་ལ་ཞུགས་པ་ནས༢༠༢༢ལོའི་བར་དུ་སྒྲུང་ཐུང་ལྔ་བཅུ་ལྷག་བྲིས་པ་དང་། དེབ་འདིར་སྦྱངས་རྩོམ་དེ་དག་ལས་ཅུང་ལེགས་ཤོས་རྣམས་བདམས་ཡོད། རྩོམ་པ་པོས་རང་ཉིད་ཀྱི་འཚོ་བ་དང་ལས་དོན། སློབ་སྦྱོང་བཅས་ཀྱི་བརྒྱུད་རིམ་ཁྲོད་ནས་རྙེད་པའི་གཏམ་རྒྱུད་ཀྱི་ཁུངས་སྣེ་དང་ཡང་ན་རྟོག་བཟོའི་ཐབས་ལམ་སོགས་ལ་བརྟེན་ནས་སྒྲུང་ཐུང་འདི་དག་བརྩམས་པ་ཡིན། དེབ་འདིའི་ནང་གི་སྒྲུང་ཐུང་ཕལ་མོ་ཆེ་ནི་གཞུང་སྒེར་གྱི་དུས་དེབ་དང་ཚགས་པར། རྩོམ་རིག་དྲ་བ་སོགས་སུ་བཀོད་མྱོང་ལ། འགའ་ཞིག་ལ་རྩོམ་སྒྲིག་ཁང་སོགས་ཀྱིས་གཟིགས་བཟོས་བྱ་དགའང་སྤྲད་མྱོང་ངོ་། །

         ཆོས་དབྱིངས་རྒྱ་མཚོ། དགུ་བཅུའི་དཀྱིལ་དུ་ཁམས་བྲག་འགོའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། དཀར་མཛེས་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། «གངས་དཀར་རི་བོ»དུས་དེབ་ཀྱི་རྐང་འཛིན་རྩོམ་པ་པོ་སོགས་ཡིན། སྔ་གཞུག་ཏུ་སྒྲུང་ཐུང«ལོ་མང་པོ་ཞིག་གི་རྗེས་སུ»ཞེས་པ་སོགས་བརྩམས་ཆོས་ཁག་ཅིག«གངས་དཀར་རི་བོ»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ» «ཟླ་ཟེར» «ཁམས་པའི་ཚགས་པར» «བོད་ལྗོངས་ཉིན་རེའི་ཚགས་པར» «མཚོ་སྔོན་བོད་ཡིག་གསར་འགྱུར» «མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ»སོགས་དུས་དེབ་དང་ཚགས་པར། དྲ་བ་ཁ་ཤས་སུ་བཀོད་མྱོང་།

«གངས་ཆབ།»
(སྙན་ངག་དེབ།)
རྩོམ་པ་པོ། རྫོགས་ཆེན་ཀུན་བཟང་ཉི་མ།

         དེབ་འདིའི་བརྗོད་བྱ་ནི། བོད་གངས་ཅན་ལྗོངས་ཀྱི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས། ཤེལ་ལྟར་དཀར་པའི་གངས་རི། གཡུ་ལྟར་སྔོ་བའི་མཚོ་མོ། ཡིད་དུ་འོང་པའི་རྩྭ་ཐང་། དྭངས་ཤིང་གཙང་པའི་ཆུ་བོ། དཀར་དམར་མཛེས་པའི་མེ་ཏོག སྔོ་ཞིང་དྭངས་པའི་ནམ་མཁའ་སོགས་ཀྱི་རང་བཞིན་གཙོ་བོར་བརྗོད་ཅིང་། དེ་ཡང་འཛམ་གླིང་ཡུལ་བསྐོར་བ་མང་པོས་མཐོང་ནས་གནས་འདིར་ལྟད་མོ་ཕེབས་རྒྱུའི་དགོས་དོན་དང་། འབྲི་ལུགས་ཀྱང་གནའ་རྩོམ་གྱི་འགྲོས་དང་བསྟུན་ནས་ཚིགས་བཅད་དང་ཚིག་ལྷུག་གཉིས་ཀྱི་རྣམ་པས་བྲིས་པ་གཙོ་བོ་ཡིན། གཞན་ཡང་སྙན་ངག་སྨྲ་བའི་ལྷ་མཆོག་ལྷ་མོ་དབྱངས་ཅན་མ་སོགས་ལ་བསྟོད་པ་དང་། ཁྱད་པར་ཕ་ཡུལ་གྱི་རི་ཆུ་ལུང་གསུམ། གླིང་གེ་སར་རྒྱལ་པོའི་རྣམ་ཐར་རྟོག་བརྗོད། གླིང་གི་དམག་དཔོན་དང་ས་གནས་སོགས་ཀྱི་བརྗོད་ཚུལ་དམིགས་བསལ་བ། ད་རུང་སྲོལ་རྒྱུན་སྙན་ངག་གི་དར་ཚུལ་དང་དེ་ཡང་སྙན་ངག་མེ་ལོང་མ་དང་། སྤྲིན་གྱི་ཕོ་ཉ། ར་མ་ཎའི་རྟོགས་བརྗོད་སོགས་ཀྱིས་བོད་ཀྱི་སྙན་ངག་ལ་བཞག་པའི་ཤན་ཤུགས་སོགས་དང་། ཁྱད་པར་ཨ་མ་ཞིག་གི་ངོ་མཚར་བའི་ལོ་རྒྱུས་སྲོལ་རྒྱུན་ལྟར་བྲིས་ཤིང་འདི་ནི་རྗེས་རབས་པ་ཚོས་རང་ལ་ཆེས་བྱམས་བརྩེ་ཆེ་བའི་ཕ་མ་སོགས་ལ་དྲིན་ལན་བཟང་པོ་མཇལ་ཕྱིར་ཡིན་པ་སོགས། མདོར་ན་དེབ་འདིའི་བརྗོད་བྱ་རྗོད་བྱེད་སོགས་གང་ཡིན་ཡང་ཁྲིམས་ལུགས་དང་མཐུན་ཞིང་འཆམ་མཐུན་དང་བདེ་སྐྱིད། འཕེལ་རྒྱས་དང་མཛེས་སྡུག་རང་བཞིན་ཅན་ཞིག་ཡིན་པ་བཅས་སོ། །

  རྫོགས་ཆེན་ཀུན་བཟང་ཉི་མ། ཕ་ཡུལ་སྡེ་དགེ་རྫོགས་ཆེན་སྡེ་བར་སྐྱེས། ཤྲཱི་སེང་ཆོས་གྲྭའི་གཞུང་ཆེན་མཁན་པོ་དང་། རྫོགས་ཆེན་དགོན་གྱི་ལས་ཐོག་མཁན་པོ། སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཕུལ་བྱུང་རྩོམ་པ་པོ། སྡེ་དགེ་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱི་བློ་འདྲི་ཡུལ་དང་གདན་ཞུས་ཕུལ་བྱུང་རྩོམ་པ་པོ་བཅས་ཡིན། ཁོང་གིས་དེ་སྔོན་ཤེར་ཕྱིན་གྱི་འགྲེལ་བ། དབུ་མ་འཇུག་པའི་འགྲེལ་ཆེན། སུམ་རྟགས་སྙན་གསུམ་གྱི་འགྲེལ་བ། ཐེག་ཆེན་ས་ལམ་གྱི་རྣམ་གཞག་སོགས་རྒྱ་བོད་ཀྱི་དེབ་བརྒྱད་ཙམ་འགྲེམས་སྤེལ་བྱས་ཡོད།

«ཕྱོགས་འགྲུལ།»
(སྙན་ངག་དེབ།)
རྩོམ་པ་པོ། ཐོ་ཡོར།

         «ཕྱོགས་འགྲུལ»ཞེས་པའི་དེབ་འདི་ནི། སྙིགས་མའི་ཤེས་པ་སོགས་ཚན་པ་དྲུག་གིས་གྲུབ་པའི་སྙན་དེབ་ཅིག་ཡིན་ལ། སྙན་ངག་ཕལ་ཆེར་རང་མོས་སྙན་ངག་ཏུ་གཏོགས། རྩོམ་པ་པོས་ལོ་ངོ་དུ་མའི་རིང་བྲིས་པའི་སྙན་ངག་དག་ལས་བདམས་ཏེ་དཔར་སྐྲུན་བྱས་པ་ཡིན།

         ཐོ་ཡོར། དངོས་མིང་ལ་དཔལ་གྱི་བློ་གྲོས་ཟེར། གསེར་རྟ་ཆུ་སྟོད་མའི་འབུམ་ཤུལ་སྡེ་བར་སྐྱེས། སྙན་ངག་འགའ་ལ«མི་རིགས་ཀྱི་རྩོམ་རིག»དང«ཟླ་ཟེར» «གངས་དཀར་རི་བོ»ཡི་ལོ་འཁོར་བྱ་དགའ་ཐོབ།

«ཆར་ཟམ་ཟིམ།»
(ལྷུག་རྩོམ་དེབ།)
རྩོམ་པ་པོ། མ་བྱན།

         «ཆར་ཟམ་ཟིམ»ནི་གུས་པའི་ལྷུག་རྩོམ་གྱི་དེབ་དང་པོ་ཡིན་ལ། བསྡུས་དེབ་འདིར་ཁོ་བོའི་ཕྱིར་འོང་མེད་པའི་བྱིས་དུས་ཀྱི་ལོ་ཟླ་དང་སློབ་གྲྭར་སོང་བའི་གཏམ་རྒྱུད་ཕྲ་མོ། ཡུལ་ལ་ལོག་པའི་སྣང་བ་ཟ་ཟི། ཉེ་རིང་ཆགས་སྡང་གིས་བཞེངས་པའི་དྲན་པ་དེ་དག་དབྱངས་གསལ་གྱི་སྐུད་པར་བརྒྱུས་ནས་ལྷུག་རྩོམ་ཡིན་ལ་ལྷུག་རྩོམ་མ་ཡིན་པའི་དེབ་འདི་ཀློག་པ་པོ་ཁྱེད་ཅག་གི་མདུན་སྔར་བཤམ་ལ་ཉེ་བའི་དུས་འདིར་ཁོ་བོ་དགའ་མགུས་ཡོངས་སུ་བརྟས་ཡོད།

         མ་བྱན། དངོས་མིང་ལ་ངག་དབང་བློ་གྲོས་ཟེར། ཕ་ཡུལ་བྲག་མགོའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་སློབ་ཚོགས་ཀྱི་ཁོངས་མི། དཀར་མཛེས་ཁུལ་རྩོམ་པ་པ་པོ་མཐུན་ཚོགས་ཀྱི་ཁོངས་མི། 2020ལོར«གངས་དཀར་རི་བོ»དུས་དེབ་ཀྱི་ལོ་མཇུག་ཕུལ་བྱུང་བྱ་དགའ་ཐོབ། སྔ་ཕྱིར་བརྩམས་ཆོས་ཁག་ཅིག «མི་རིགས་ཀྱི་རྩོམ་རིག» «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «གངས་དཀར་རི་བོ» «རང་གྲོལ» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ» «ཟླ་ཟེར» «མཚོ་སྔོན་བོད་ཡིག་གསར་འགྱུར» «ཁམས་པའི་ཚགས་པར»སོགས་དུས་དེབ་དང་ཚགས་པར་དུ་སྤེལ།