ཁྲེང་ཀོན་ཆུས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྔར་བས་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འགན་བཅོལ་སྲིད་ཇུས་དོན་འཁྱོལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རྒྱ་ཆེའི་གྲོང་མིས་སྨན་བཅོས་འགན་བཅོལ་གྱི་འབྲེལ་ཡོད་སྲིད་ཇུས་ཤེས་ཚད་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱ་ཆེད། ཁྲེང་ཀོན་ཆུས་སྨན་བཅོས་འགན་བཅོལ་ཅུས་ཀྱིས་དོན་དངོས་དང་ཟུང་འབྲེལ་གྱིས། སྔ་སྣུར་ནས་གྲ་སྒྲིག་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་རིགས་ཁག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཀོན་ཆུས་སྨན་བཅོས་འགན་བཅོལ་ཅུས་ཀྱིས“དམངས་ཆེད་སྨན་བཅོས་དང་དམངས་འཚོ་འགན་ལེན”གྱི་བྱེད་སྒོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། སྔ་སྣུར་ནས་ཇུས་འགོད་དང་འཆར་འགོད་བཟོ་བ་དང་། དྲིལ་བསྒྲགས་དཔུང་ཁག་འཛུགས་པ། སྐུལ་སློང་ཚོགས་འདུ་འཚོགས་པ། སྒྲོག་འགྲེལ་ནང་དོན་ལེགས་སྒྲིག་ཡག་པོ་བྱེད་པ་དང་ལྷག་པར་དུ་སྲིད་ཇུས་གསར་པ་དང་། རིགས་ཁག་གི་དཔེ་མཚོན་གྱོད་དཔེ། གྲོན་དངུལ་སྤྲོད་སྟངས་སོགས་ཀྱི་ནང་དོན་ལ་སྔར་བས་འགྲེལ་བཤད་རྒྱག་པ་དང་སྔ་སྣུར་ནས་གྲ་སྒྲིག་ཡག་པོ་བྱས་ཏེ། བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བའི་འགན་ལེན་བྱས་པ་རེད།
ཁྲེང་ཀོན་ཆུས་སྨན་བཅོས་འགན་བཅོལ་ཅུས་ཀྱི་འགོ་ཁྲིད་ཚན་ཁག་དང་དེ་བཞིན་རྐང་འཛིན་པས་འཕྲལ་དུ་སྡེ་ཁུལ(གྲོང་ལྷན)51ཏུ་བསྐྱོད་ནས། ཁོངས་གཏོགས་ཁུལ་གྱི་གྲོང་མི་སྒྲིག་འཛུགས་བྱས་ཏེ་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་གསར་ཤོས་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་ཚོགས་འདུའི་ཐོག་སྒྲོག་འགྲེལ་རུ་ཁག་ཁག་གིས་ས་གནས་ས་ཐོག་ཏུ་དྲི་བར་ལན་བརྒྱབ་པ་དང་སྲིད་ཇུས་འགྲེལ་བཤད་བརྒྱབ་ནས། སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་གི་ཐོབ་ཐང་དང་། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི། གཅོང་ནད་ཐོབ་ཐང་། ནད་ཁང་དུ་སྡོད་པའི་ཐོབ་ཐང་། བུ་བཙའི་ཐོབ་ཐང་། སྨན་བཅོས་རོགས་སྐྱོབ། ཡུལ་གཞན་དུ་སྨན་བཅོས་ཀྱི་ཐོ་འགོད་སྙན་སེང་གི་བརྒྱུད་རིམ་སོགས་ཚུད་པའི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐོབ་ཐང་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་བརྒྱབ་པ་དང་ཆབས་ཅིག དཔེ་མཚོན་གྱོད་དཔེར་འགྲེལ་བཤད་བརྒྱབ་ནས་ཚང་མར་འགན་བཅོལ་ལ་ཞུགས་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་རྟོགས་སུ་བཅུག་པ་རེད། བྱེད་སྒོར་ཞུགས་པའི་མི་གྲངས་ཁྲི་1ལྷག་ཙམ་ཟིན་པ་དང་། རིགས་ཁག་གི་སྲིད་ཇུས་སྒྲོག་འགྲེལ་ཤོག་ལྷེ་ཁྲི་3ལྷག་ཙམ་སྤྲད་པ། དྲིལ་བསྒྲགས་དངོས་ཟོག་ཁྲི་1ལྷག་ཙམ་སྤྲད་ཡོད་པ་རེད།
ཁྲེང་ཀོན་ཆུས་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཏང་ཀྲི་པུའུ་ཡིས་དམངས་ཡོངས་འགན་བཅོལ་ལ་ཞུགས་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་འཆར་གཞི་གཞིར་བཟུང་། གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཚད་ཀྱི་ལས་ཀའི་བླང་བྱ་སྔར་བས་ནན་དུ་གཏོང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་མི་སེམས་ལ་གཏིང་ཟབ་ཟུག་པའི་འབོད་སྐུལ་དང་ཟུང་འབྲེལ་བྱས་ཏེ། “དམངས་ཆེད་སྨན་བཅོས་དང་དམངས་འཚོ་འགན་ལེན”གྱི་སྤུས་ཚད་མཐོ་བའི་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་ནས། སློབ་གྲྭར་སྨན་བཅོས་འགན་བཅོལ་སྲིད་ཇུས་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་ཧུར་ཐག་སྤེལ་བ་རེད། 2023ལོའི་ཟླ་11ཚེས་14ཉིན་ལྷ་ས་གྲོང་ཁྱེར་མཐོ་རིམ་དགེ་འོས་ཆེད་སྦྱོང་ཚན་ཁག་གི་སློབ་གྲྭར་སྨན་བཅོས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་བར། སློབ་གྲྭའི་དགེ་སློབ་ཀྱི་འཐུས་མི་200ལྷག་ཙམ་ཞུགས་ཡོད། གསོན་ཉམས་དོད་ལ་ཞིབ་ཅིང་ཕྲ་བའི་དཔེ་མཚོན་གྱོད་དཔེ་བརྒྱུད་འགན་བཅོལ་ལ་ཞུགས་པའི་འགྲོ་སོང་རྩིས་ཞུ་བྱེད་སྟངས་དང་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ལེན་སྟངས་སོགས་ཀྱི་གནད་དོན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། 《སློབ་མ་ཚོར་སྤྲིངས་པའི་འཕྲིན་ཡིག་གཅིག》དང《གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་འགྲེལ་བཤད》སོགས་ཀྱི་དྲིལ་བསྒྲགས་དཔྱད་གཞི་200ལྷག་ཙམ་དང་དྲིལ་བསྒྲགས་ལག་རྟགས་200ལྷག་ཙམ་སྤྲད་ཡོད་པ་རེད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན། སྲིད་ཇུས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དེས་རྒྱ་ཆེའི་མང་ཚོགས་ཚོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་ཀྱི་འགྲོ་སོང་རྩིས་ཞུའི་འབྲེལ་ཡོད་སྲིད་ཇུས་ལ་སྔར་བས་རྒྱུས་མངའ་ལོན་པ་མ་ཟད། མང་ཚོགས་ཚོས་འགན་བཅོལ་ལ་ཞུགས་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ཡང་རྟོགས་ཐུབ་པ་བྱུང་ཡོད།
“གོམ་སྟབས་རྗེས་མར་ངེད་ཅུས་ཀྱིས་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དྲིལ་བསྒྲགས་དེ་སྨན་བཅོས་འགན་བཅོལ་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། སྲིད་ཇུས་དྲིལ་བསྒྲགས་དཔུང་ཁག་སྒྲིག་འཛུགས་ཧུར་ཐག་བྱེད་པ་དང་སྨན་བཅོས་འགན་བཅོལ་སྲིད་ཇུས་དགོན་སྡེ་དང་ཁེ་ལས་སུ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་མུ་མཐུད་སྤེལ་ཏེ། སྨན་བཅོས་འགན་བཅོལ་སྲིད་ཇུས་སྒྲོག་འགྲེལ་བྱེད་སྒོ་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་ནས། གྲོང་མི་ཚང་མས་སྲིད་ཇུས་ཤེས་ཐུབ་པ་དང་ཡག་པོ་སྤྱོད་ཐུབ་པ་བྱས་ཏེ་རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་འདིང་རྒྱུ་ཡིན”ཞེས་ཁྲེང་ཀོན་ཆུས་སྨན་བཅོས་འགན་བཅོལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་བཤད།
རྩོམ་སྒྲིག་པ། མང་ག་མཚོ།