ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

བོད་ཕྱི་གསོ་རིག་གི་མི་ལུས་ཆགས་ཚུལ་རིག་པའི་ཐད་ཀྱི་བསྡུར་དཔྱོད།

སྤེལ་དུས 2008-06-06 ཡོང་ཁུངས། --༢༠༠༤ལོའི་ཀྲུང་གོའི་བོད་རིག་པ་དེབ་བཞི་བ།-- རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།

 

ལོ་བཅུའི་སྔོན་ཕྲན་གྱིས་བོད་ལྗོངས་ཞིབ་འཇུག་དུས་དེབ་ཏུ་བོད་ལུགས་གསོ་རིག་དང་དེང་རབས་གསོ་རིག་གི་མི་ལུས་ཆགས་ཚུལ་རིག་པ་གཉིས་བསྡུར་ནས་རགས་ཙམ་དཔྱད་པ་ཞེས་པའི་ཆེད་རྩོམ་ཞིག་སྤེལ་ཏེ་བོད་ཕྱི་གསོ་རིག་གི་ཆགས་ཚུལ་རིག་པའི་ནང་དོན་སྐོར་ཐོག་མའི་སྐྱ་ཐིག་ཙམ་ཞིག་འགོ་འབུས་ཚུལ་དུ་བསྡུར་དཔྱོད་བགྱིད་ཁུལ་བྱས་པ་ལས་བོད་ཀྱི་གསོ་རིག་གི་ཆགས་ཚུལ་རིག་པའི་གཞུང་ལུགས་ལ་སྤྱིར་བཏར་མ་ཡིན་པའི་དོན་སྙིང་གལ་ཆེན་ཡོད་པ་ཤེས་རྟོགས་བྱུང་། ད་ལྟ་ཁོ་བོས་ར་གན་གསེར་རྫུས་བཞིན་མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་མིང་འཛིན་ཁུལ་གྱིས་ལོ་དུ་མའི་རིང་གྲུབ་པ་ལུས་ཀྱི་སློབ་ཚན་སློབ་ཁྲིད་བྱས་པ་ལས་བོད་ཕྱི་གསོ་རིག་གི་ཆགས་ཚུལ་རིག་པའི་གཞུང་ལ་ཡང་བསྐྱར་ཅུང་གཏིང་ཟབ་པའི་སྒོ་ནས་ཞིབ་འཇུག་བྱེད་རྒྱུའི་གོ་སྐབས་ལྡན་པ་དང་། དེ་ལས་གཞུང་གཉི་གའི་ཞིབ་ཕྲའི་ནང་དོན་ཐད་འདྲ་མཚུངས་མཆིས་པ་མང་དུ་སྣང་བྱུང་བས་གོམ་གང་མདུན་སྤོས་ཀྱིས་དེ་གཉིས་བསྡུར་དཔྱོད་བྱེད་འདོད་ཀྱི་བློ་སྤོབས་ཆེས་ཆེར་སྐྱེས།

གཤམ་དུ་གངས་ཅན་གསོ་བ་རིག་པའི་གཞུང་ལུགས་ཀྱི་ཕྱོ་མོར་གྱུར་པའི་དཔལ་ལྡན་རྒྱུད་བཞིའི་ཆགས་ཚུལ་རིག་པའི་གོ་རིམ་ལྟར་ཕན་ཚུན་གཤིབ་ཅིང་བསྡུར་པ་ལ།

གཅིག རྒྱུའི་འགལ་རྐྱེན་སྐོར། 

འདིར་རྒྱུའི་འགལ་རྐྱེན་ཞེས་མངལ་ཆགས་པའི་རྒྱུ་ཁུ་ཁྲག་སེམས་གསུམ་པོ་རྒྱུན་ལྡན་མ་ཡིན་པ་སྟེ་རྒྱུ་རྐྱེན་ཡན་ལག་མ་ཚོགས་པ་ལ་བརྗོད་པ་དང་། ཕྱི་ལུས་ལྟར་ན﹙未具备受精条件﹚མངལ་འཛིན་པའི་དགོས་ངེས་ཀྱི་ཆ་རྐྱེན་མ་འཛོམས་པར་བསྙ་དོ།།

ཁུ་ཁྲག་སྐྱོན་ཅན། 

ཁུ་ཁྲག་རླུང་གིས་རྩུབ་ནག་རོ་བསྐ་ལ།། མཁྲིས་པས་རོ་སྐྱུར་མདོག་སེར་དྲི་མ་མནམ།། བད་ཀན་སྐྱ་འབྱར་རོ་མངར་བསིལ་བ་སྟེ།།   ཁྲག་གིས་རུལ་ཏེ་བད་རླུང་དུམ་བུར་ཆད།། ཁྲག་མཁྲིས་རྣག་འདྲ་བད་མཁྲིས་མདུད་པ་ཅན།། རླུང་མཁྲིས་སྐམ་ཞིང་འདུས་པ་བཤང་གཅི་འདྲ།། འདི་དག་སྐྱོན་རེས་ས་བོ་བྱེད་མི་ནུས།། ཞེས་མངལ་ཆགས་པའི་རྒྱུ་ཕའི་ཁམས་དཀར་དང་མའི་ཁམས་དམར་གཉིས་ལ་ཉེས་གསུམ་ལྡན་འདུས་ནད་ཀྱི་སྐྱོན་རེ་རེ་ཙམ་མཆིས་ཀྱང་ས་བོན་གྱི་དོན་ཚུལ་བཞིན་བྱེད་མི་ནུས་པ་སྟེ། གལ་ཏེ་རེ་གཉིས་ཙམ་སྲིད་ཀྱང་ཚུལ་བཞིན་མ་ཡིན་པ་སྟེ་གྲོད་པ་དང་ཤ་ཐུམ་བྱོལ་སོང་སོགས་སྐྱེས་གནས་མི་མཐུན་པ་དང་ཞ་འཐེང་འོན་ལོང་སོགས་གཟུགས་མི་སྡུག་པའི་རིགས་དབང་སྐྱོན་ཅན་དག﹙畸形﹚སྐྱེས་པར་འགྱུར་ཞེས་པའི་དོན་ཡིན་པ་དང་། ཕྱི་ལུགས་གསོ་རིག་ལྟར་ན་མངལ་འཛིན་པའི་ས་བོན ﹙生殖细胞﹚རྒྱུན་ལྡན་མ་ཡིན་པའི་རྟགས་སུ་གཙོ་བོ་དབྱིབས་ས་རྣམ་པའི་﹙形态异常:若巨大型、短小形、双尾、小头、大头、无尾等﹚

སྒོ་ནས་འཇོག་པ་དང་། གཞན་ཁུ་ཁམས་གཉིས﹙精子与卵子﹚ཀྱི་གྲངས་འབོར་ཉུང་ངུར་ཆགས་པའམ་ཟད་པ་ལས་ཀྱང་མངལ་འཛིན་མི་ནུས་པར་སྨྲ། དེ་ལ་གོང་སྨོས་བད་རླུང་གིས་དུམ་བུར་ཆད་པ་དང་བད་མཁྲིས་ཀྱི་མདུད་པ་ཅན་ལྟ་བུར་མཚོན་ན་དེང་རབས་ལུགས་ཀྱི་ཁུ་ཁམས་ཀྱི་གཟུགས་དབྱིབས་སམ་གྲུབ་ཚུལ་རྒྱུན་ལྡན་མ་ཡིན་པའི་རྟགས་དང་། ཕྱི་ལུགས་ཀྱི་ཁུ་ཁམས་ཟད་ནས་གཏན་དུ་མེད་པའམ་གྲངས་འབོར་ཉུང་དུ་ཕྱིན་པ་ནི་དོན་ལ་རང་གཞུང་དུ་གསུངས་པའི་རླུང་མཁྲིས་ཀྱིས་སྐམ་པ་ཞེས་ཉུང་བའམ་ཟད་པ་དང་ཀུན་ནས་འདྲ་བར་མཐོང་ངོ་།། 

2.ལས་མ་འཛོམས་པ།

ལས་མ་མཛོམས་ན་རྣམ་ཤེས་མི་འཇུག་སྟེ། ཞེས་པའི་རྒྱུད་ཚིག་ལ་གོ་བདེ་བར་འགྲེལ་ན་ནི། ཁུ་ཁྲག་ལ་ཉེས་པའི་སྐྱོན་དང་བྲལ་ཞིང་འབྱུང་ལྔ་རྣམས་ཚང་ཡང་ལས་མ་འཛོམས་པ་སྟེ་ཁམས་དཀར་དམར་གཉིས་གཅིག་ཏུ་འདྲེས་པའི་མཐུན་རྐྱེན་ནམ་གོ་སྐབས﹙机遇或命运﹚དང་ལྡན་པར་མ་གྱུར་ན་བར་དོའི་སེམས་མི་འཇུག་པས་མངལ་ཆགས་པར་མི་འགྱུར་ཞེས་པའི་དོན་ཡིན་སྙམ་ཏེ། དེ་ཡང་སྡེ་སྲིད་རིན་པོ་ཆེས་ལས་མ་འཛོམས་ཚུལ་གསུངས་སྐབས། དེ་ལ་རྐྱེན་དང་མི་ལྡན་པ་ཞེས་བྱ་བ་གང་ཞེ་ན་འདི་ལྟ་སྟེ། ཕ་དང་མ་གཉིས་ཀའང་ཆགས་པའི་སེམས་བྱུང་བར་གྱུར། བར་མ་དོའི་ཕུང་པོ་ཡང་མངོན་དུ་གྱུར་ཅིང་སྐྱེ་བའི་གནས་ཡོངས་སུ་འཚོལ་བར་བྱེད་ཀྱང་། ཕ་མ་དེ་དག་གི་འདུ་འཕྲོད་སྔ་ཕྱིར་གྱུར་ཅིང་དུས་གཅིག་ཏུ་བྱུང་བར་མ་གྱུར་པ། ཞེས་ཁུ་ཁམས་གཉིས་ཕན་ཚུན་འདུ་ཞིང་འཕྲད་པར་མ་གྱུར་པ་ལས་རྣམ་ཤེས་མངལ་དུ་མི་འཇུག་ཚུལ་གསུངས་འདུག དེ་ལྟར་སྡེ་སྲིད་རིན་པོ་ཆེས་བེེ་སྔོན་དུ་གསུངས་པའི་ལས་མ་འཛོམས་པའི་ཚུལ་ཁོ་ནས་ཐད་ཕྱི་གླིང་གསོ་རིག་དང་བསྡུར་ཚེ་སྐས་བབས་བརྗོད་དོན་འགྲོས་གཅིག་ཏུ་གྱུར་ཡོད་པ་གསལ་ལ། ཕྱི་ལུགས་པས་མངལ་འཛིན་པའི་དགོས་ངེས་ཀྱི་ཆ་རྐྱེན་དུ་རྒྱུན་ལྡན་གྱི་ཁུ་ཁམས་གཉིས་ཕན་ཚུན་ངོ་འཕྲད་མ་ཐུབ་པ﹙受精的必备条件之一即正常精子与正常卵子未能相结合﹚

དེ་ཆ་རྐྱེན་གཙོ་བོ་ཞིག་ཏུ་བགྲང་ཡོད་ཅིང་། རྒྱུ་མཚན་ནི་ཕྱི་ལུགས་ལྟར་ན་བསམ་བསེའུས་ཟླ་གཅིག་ནང་དུ་ཁམས་དམར་ཐེངས་གཅིག་མ་གཏོགས་གཏོང་གི་མེད་ལ། ཐེངས་རེར་ཟགས་ཐོན་བྱས་པའི་ཁམས་དམར་གྱི་གྲངས་གཅིག་ལས་མེད་ཅིང་དེའང་མངལ་གནས་སུ་དུས་ཚོད་ཉེར་བཞི་ལས་འཚོ་མི་ཐུབ་པས། གལ་ཏེ་མངལ་འཛིན་དགོས་པ་བྱུང་ཚེ་ཁུ་ཁམས་གཉིས་དུས་ཚོད་ཉེར་བཞིའི་ནང་ངེས་པར་དུ་ཕན་ཚུན་འཕྲད་དགོས་ཏེ། ཕའི་ཁམས་དཀར་ལ་མཚོན་ནའང་བུད་མེད་ཀྱི་སྐྱེ་ལམ་དུ་དུས་ཚོད་ཉེར་བཞི་མ་གཏོགས་འཚོ་གནས་བྱེད་མི་ཐུབ་པས་སོ་།། དེ་བས་ཕྱོ་གླིང་གི་གཞུང་ལས排出的卵子细胞的命运取决于否受精ཞེས་གསུངས་པའང་དེ་བཞིན་ནོ།།

དགའ་བོ་མངལ་འཇུག་ཏུ་ལས་མ་འཛོམས་ན་རྣམ་ཤེས་མི་འཇུག་པའི་ཚུལ་གསུང་སྐབས་མངའ་སྒོ་རྔ་མོའི་ཁ་འདྲ་བ། མངལ་དབུས་གྲོག་མའི་རྐེད་པ་འདྲ་བ། མངལ་ཡོ་བའམ་ཐུང་ཞིང་དོག་པ་ཞེས་མངལ་གྱི་སྐྱོན་བཤད་ཡོད་པ་དེ་དག་ནི་ཕྱི་ལུགས་ཀྱིས་གསུངས་པའི་མངལ་འཛིན་པའི་དགོས་ངེས་ཀྱི་ཆ་རྐྱེན་གཞན་ཞིག་སྟེ་བུད་མེད་ཀྱི་སྐྱེ་ལམ་དུ་ཁམས་དཀར་ཐོགས་མེད་རང་བགྲོད་ཐུབ་དགོས་པའི﹙生殖管道必须畅通﹚ལྟ་བ་དང་ཆ་འདྲའོ།།

གཞན་ལས་མ་འཛོམས་ན་རྣམ་ཤེས་མི་འཇུག་སྟེ་ཞེས་མངལ་ཆགས་པའི་རྒྱུ་གསུམ་གྱི་ཡ་གྱལ་དུ་རྣམ་ཤེས་གསུངས་པ་ནི་ཕྱི་ལུགས་དང་གཏན་ནས་མི་མཐུན་པའི་བོད་རང་གཞུང་གི་ཐུན་མིན་ཁྱད་པར་བའི་ལྟ་བ་ཞིག་སྟེ། རྩོད་སྒྲུབ་ཀྱི་འབྲེལ་བ་ལྟར་ན། བོད་ལུགས་ཀྱི་རྣམ་ཤེས་མ་ཞུགས་ན་ཕྱི་ལུགས་ཀྱི་ཁུ་ཁམས་གཉིས་མ་འདྲེས་པ་དང་། ཕྱི་ལུགས་ཀྱི་ཁུ་ཁམས་གཉིས་མ་འདྲེས་ན་ནི་བོད་ལུགས་ཀྱི་རྣམ་ཤེས་མ་ཞུགས་པ་ཡིན་ལ། དེ་བཞིན་བོད་ལུགས་ཀྱི་རྣམ་ཤེས་ཞུགས་པས་ཕྱི་ལུགས་ཀྱི་ཁུ་ཁྲག་འཕྲད་པ། ཕྱི་ལུགས་ཀྱི་ཁུ་ཁྲུག་འདུ་འཕྲོད་བྱུང་བས་བོད་ལུགས་ཀྱི་རྣམ་ཤེས་ཞུགས་པ་ཡིན་པར་དོན་གྱི་ངོ་བོར་ངོས་འཛིན་བྱས་ཀྱང་འགལ་ཆ་མེད་དམ་སྙམ་སྟེ་གཟུར་གནས་དག་གིས་དཔྱད་པར་འཚལ་ལོ།།

3.འབྱུང་ལྔ་མ་ཚང་བ།

ས་མེད་མི་འགྲུབ་ཆུ་མེད་སྡུ་མི་ནུས། མེ་མེད་མི་སྨིན་རླུ་མེད་འཕེལ་མི་འགྱུར།། ནམ་མཁའ་མེད་པར་འཕེལ་བའི་གོ་མི་ཕྱེད། སྐབས་འདིར་བཤད་པའི་ས་ཆུ་མེ་རླུང་ནམ་མཁའ་བཅས་ནི་འབྱུང་བ་ལ་འབྱུང་བ་དང་འབྱུང་གྱུར་ཞེས་གཉིས་སུ་དབྱེ་བའི་ཕྱི་མ་སྟེ། ས་ཁམས་ཞེས་པར་མཚོན་ན་ཕྱིའི་འབྱུང་བ་སའི་ཕུང་པོ་ཙམ་གྱི་གོ་དོན་ལས་རྣམ་པར་བརྒལ་ཏེ་རྫས་གང་འགྲུབ་བྱེད་ཀྱི་རྒྱུ་ཕྲ་མོ་སྲ་བའི་ཆ་ཤས་གཟུགས་ཀྱི་རང་བཞིན་ཞིག་ལ་གོ་དགོས་པ་དང་དེ་བཞིན་ཆུ་ཁམས་ཞེས་པ་གཟུགས་ཉིད་གཅིག་ཏུ་བསྡུ་བའི་གཤེར་སའི་ཆ་ཤ་ཀྱི་རྣམ་པ་ཞིག་དང་།   མེ་ཁམས་ཞེས་པ་རྫས་གང་སྨིན་ནམ་འཚར་བར་བྱེད་པའི་དྲོད་ཀྱི་ཆ་ཤས་དང་། རླུང་ཁམས་ཞེས་པ་གཡོ་བ་སྟེ་འགུལ་སྐྱོད་ཀྱི་ནུས་པའི་རང་བཞིན་ཞིག་དང་། ནམ་མཁའི་ཁམས་ཞེས་པ་གཟུགས་སུ་འགྲུབ་པར་གོ་འབྱེད་པའི་ནུས་པ་ཐོན་པ་ཞིག་ཏུ་ཤེསཔའི་རྨང་གཞིའི་སྟེང་ནས་ད་གཟོད་མངལ་ཆགས་པའི་རྒྱུའི་འགལ་རྐྱེན་འདིའི་ཚིག་དོན་ལ་བསམ་བློ་གཏོང་དགོས་ཤིང་། དེ་ལྟར་བྱུང་ཚེ་གཞི་ན་བོད་ཕྱི་གཉི་གའི་དབར་བསྡུར་དཔྱོ་ཀྱི་མཚུངས་ཆོས་རྙེད་ཐུབ།

གོང་དུ་ཚིག་རྐང་གསུམ་གྱིས་བསྟན་པའི་རང་གཞུང་གི་གོ་དོན་ནི། རྒྱུ་ཁུ་ཁྲག་སེམས་གསུམ་པོ་གཞི་གཅིག་ཏུ་འདུས་ཀྱང་དེར་རང་ཆས་སུ་ཡོད་པའི་ཤིན་ཏུ་ཕྲ་བའི་འབྱུང་ལྔའི་ཆ་ཤས་གཅིག་ཙམ་མ་ཚང་ཞིང་འདུས་པར་མ་གྱུར་ནའང་མངལ་གནས་ཀྱི་ལུས་འགྲུབ་པར་མི་འགྱུར་ཞེས་པའོ།། དེ་ཡང་སྤྱིའི་སྒོ་ནས་བཤད་ན། ཕྱི་ལུགས་ཀྱི་ཁུ་བར་གནས་པའི་རྡུལ་རྫས་ཕྲ་ཕུང་གི་འབོར་གྲངས་ཇེ་ཉུང་དུ་སོང་བ་སྟེ་དོན་ལ་རྒྱུན་ལྡན་གྱི་གྲངས་ཚད་དུ་མ་སླེབས་པས་མ་ཚང་བ་སྟེ་རང་རེའི་འབྱུང་ལྔའི་ཆ་ཤས་མ་ཚང་བ་དང་ཅུང་མཚུངས་པར་བལྟས་ཆོག་ལ། བྱེ་བྲག་ཏུ་བཤད་ན། ས་མེད་མི་འགྲུབ་པ་དང་ཆུ་མེད་སྡུད་མི་ནུས་པ་ཞེས་ཕུང་པོ་གང་ཞིག་འགྲུབ་བྱེད་ཀྱི་གཞི་རྟེན་རྫས་ཀྱི་ངོ་བོར་འབབ་དགོས་ཏེ། ཕྱི་ལུགས་ཀྱི་ཁུ་ཁམས་གཉིས་འགྲུབ་བྱེད་ཀྱི་རྒྱུའམ་ཕྲ་ཕུང་གི་གྲུབ་ཆ་སྟེ高尔基复合体、线立体、放射冠、透明带སོགས་དང་ཅུང་འདྲ་བར་སྣང་ལ། མེ་མེད་མི་སྨིན་ཞེས་པ་ཕྱི་ལུགས་ཀྱིས་བཤད་པའི་རྒྱུ་རྐྱེན་དུ་མའི་དཔང་གིས་མངལ་འཛིན་པའི་ས་བོན་ལ་སྨོན་ཚེ(因某种原因生殖细胞未成熟)མངལ་འཛིན་མི་ཐུབ་པའི་རིག་པ་དང་ཆ་འདྲ་སྟེ། རྒྱུ་རྐྱེན་དུ་མ་ཞེས་པ་དོན་ལ་བོད་ལུགས་ལྟར་ན་མེའམ་དྲོད་ཀྱི་ནུས་པ་འཛིན་པ་ཞིག་ཡིན་དགོས་ཤིང་། ལྷག་པར་དུ་ཕྱི་ལུགས་ཀྱིས་གསུང་པའི་ཁམས་དཀར་རྡུལ་རྫས་ཀྱི་གྲུབ་ཆར་གནས་པའི་རྫས顶体酶ཞེས་པ་དང་མཚུངས་སྟེ། ཅིའི་ཕྱིར་ན་ཕྱི་ལུགས་ཀྱིས་བཤད་པའི་ཞེསཞེས་པའི་རྫས་དེ་ག་གི་སྐབས་སུའང་བོད་ལུགས་ལྟར་ན་མེ་དྲོད་ཀྱི་རང་བཞིན་ཞིག་ཏུ་གཏོགས་པས་དེའི་ཐད་ནས་བོད་ཕྱི་གཉིས་འདྲ་ཚུངས་སུ་བལྟས་ཆོག དེ་བཞིན་ཕྱི་ལུགས་ཀྱི་ཆགས་ཚུལ་རིག་པའི་བརྡ་བྱེད་དེ进行细胞分裂、分化、逐步发育成新个休体ཞེས་པ་ལྟ་བུར་མཚོན་ན།   བོད་ལུགས་ཀྱི་རླུང་གི་བྱེད་ནུས་ཡིན་པ་རྟོགས་སླ་སྟེ་གལ་སྲིད་རླུང་གི་འགུལ་སྐྱོད་དམ་གཡོ་བའི་ཆ་དང་བྲལ་ཚེ་ཆེར་འཕེལ་བའི་གོ་སྐབས་དབེན་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རོ། དེ་མིན་ནམ་མཁའི་ཁམས་ནི་དོན་བྱེད་མི་ནུས་ཤིང་སྟོང་བའི་ཆ་ལ་བལྟས་ནས་བཏགས་པ་སྟེ་སྤྱིར་བཏང་འབྱུང་བཞི་ཞེས་བསྙ་བཞིན་པའང་གནད་དེར་ཐུག་གོ།

གཉིས། རྒྱུའི་མཐུན་རྐྱེན་སྐོར།

རྒྱུའི་མཐུན་རྐྱེན་ཞེས་གོང་བསྟན་ནང་དོན་ལ་བལྟ་ནས་བཏགས་པ་སྟེ། ཕྱི་ལུགས་ལྟར་ན་མངལ་འཛིན་པའི་དགོས་ངེས་ཀྱི་ཆ་རྐྱེན་འཛོམས་པ་ལ་བརྗོད་དོ།།

1.ཁུ་ཁྲག་སྐྱོན་མེད་པའི་མཚན་ཉིད། 

ཁུ་བ་དཀར་ལྕི་མངར་ལ་མང་བ་དང་།། ཟླ་མཚན་ཚོས་ཁུ་རི་བོང་ཁྲག་འདྲ་བ། བཀྲུས་ན་དག་འགྱུར་སྐྱོན་མེད་མངལ་ཆགས་བྱེད་།། ཅེས་ཕ་མའི་ཁམས་དཀར་དམར་གཉིས་ལ་ཉེས་པསི་སྐྱོན་དང་བྲལ་ཞིང་འབྱུང་ལྔ་ཚང་བའི་རྟགས་ཏེ་དཀར་ལྕི་སོགས་ཀྱི་ཁྱད་ཆོས་ལྡན་པ་ནི་མངལ་ཆགས་ནུས་ཀྱི་ས་བོན་རྒྱུན་ལྡན་པའི་མཚན་ཉིད་ཡིན་པར་བསྟན་པ་སྟེ། ཕྱི་ལུགས་ལྟར་ན་ཁུ་ཆུའི་ཁ་དོག་དཀར་པོར་འབྱུང་བ་ནི་དེའི་ནང་དུ་མདུན་ཆགས་གཤེར་རྨེན་དང་ཁམས་འཛིན་གཤེར་རྨེན་གཉིས་ཀྱིས་སོ་སོར་ཟགས་ཐོན་བྱས་པའི་乳白色液体(因含纤蛋白、磷酸酶等物质)与淡黄色液体(内含果糠、是白色结晶)混合物。དེ་གཉིས་འདུས་པ་ལས་བོད་ལུགས་ཀྱིས་བཤད་པའི་སྦྲང་རྩི་ལྟ་བུའི་དཀར་པོ་མངོན་པ་དང་། དེ་བཞིན་རོ་མངར་བསྐ་ཞེས་ཕྱི་ལུགས་ལྟར་ན弱碱性དང་གཞན་果糖ལས་ཐོན་པའི་རོ་མངར་བའི་རྫས་དེ་གཉིས་ལས་བྱུང་བར་བཞེད་པ་དང་། 

ལྕི་ཞེས་ངོ་བོའི་ཆ་ནས་བཤད་པ་སྟེ་ཕྱི་ལུགས་ལྟར་ན་ཁམས་དཀར་ལ་ཡོད་པའི་རྡུལ་རྫས་སྤྱི་དང་གཞན་ཁམས་དཀར་སྦལ་ལྕོང་གི་དབྱིབས་ཅན་དེའི་གྲངས་མང་བས་སྐྱོན་མེད་པའི་མཚན་ཉིད་དུ་འགྲོ་སྟེ་བོད་ལུགས་ཀྱིས་འདོད་པའི་ཁུ་བ་ལྕི་བ་ཡིན་པར་དོན་དངོས་ཀྱིས་གྲུབ་བོ།

དེ་མིན་ཟླ་མཚན་བཀྲུས་ན་དག་པར་འགྱུར་བ་ནི་ཕྱི་ལུགས་ཀྱིས་རྒྱུན་ལྡ་གྱི་ཟླ་མཚན་ནང་དུ་རྫས་གང(正常经血含纤维蛋白溶酶原激活物,因此经血不会凝固)ཡོད་པའི་སྟབས་ཀྱིས་བཤད་པ་དང་། དེས་རང་གཞུང་གི་བཤད་སྟངས་དེ་ཡང་དག་ཡིན་ཚུལ་བདེན་དཔང་གང་ལེགས་བྱས་པ་རེད།

2ཟླ་མཚན་འབྱུང་བའི་དུས། 

བུད་མེད་བཅུ་གཉིས་ལོན་ནས་ལྔ་བཅུའི་བར།། དྭངས་མ་ལས་བྱུང་ཟླ་རེར་བསགས་པའི་ཁྲག། རྩ་ཆེན་གཉིས་ནས་ནག་ཅིང་དྲི་བྲལ་བ།། རླུང་གིས་མངལ་གྱི་སྒོར་འབྱིན་ཞག་གསུམ་འཛག དེའི་གོ་དོན། བུད་མེད་གང་ལུས་ཟུངས་དང་དབང་པོ་སོགས་སྟོབས་རྣམས་འཕེལ་ཞིང་སྨིན་པ་སྟེ་སྐྱེ་འཕེལ་ནུས་པའི་སྟོབས་རྫོགས་མཚམས་ནས་འབྱུང་སྟོབས་བྲི་བའི་འགོ་མ་བརྩམ་པའི་ཚུན་དུ་ཟ་སྐོམ་གྱི་དྭངས་མ་ལས་རིམ་བཞིན་བྱུང་བའི་ཁམས་དམར་ཉིད་ཟླ་རེ་བཞིན་བསམ་བསེའུ་དང་བུ་སྣོད་བརྒྱུད་ནས་མཚན་སྒོར་ཉུང་མཐའ་ཡང་ཞག་གསུམ་རིང་འཛག་པ་དང་། དེ་ལྟར་ཟླ་མཚན་ལྡན་པ་ནི་མངལ་ཆགས་པའི་དུས་ལ་འཁེལ་ཞིང་བུ་བཙའ་ནུས་ཀྱི་མཚོན་རྟགས་ཡིན་པར་བསྟན་པ་སྟེམངལ་ཆགས་ཚུལ་གྱི་སྐབས་སུའང་ཟླ་མཚན་འབྱུང་བའི་དུས་འདི་དག་གཤམ་དུ་འཆད་འགྱུར་གྱི་ཟླ་མཚན་གྱི་འབབ་རྟགས་སོགས་གསུང་པའི་རྒྱུ་མཚན་འདི་ལ་ཐུག་གོ ཟླ་མཚན་འབྱུང་བའི་དུས་འདི་ཕྱི་ལུསག་ཀྱི་月经期ཞེས་དེང་དུས་སྡོམ་རྩིས་བྱས་པ་ལྟར་ན། རང་རྒྱལ་གྱི་བུད་མེད་ཕལ་ཆེ་བ་ལོ13དང་15ནས་བཟུང་ཟླ་མཚན་འབབ་འགོ་ཚུགས་པ་དང་། ལོ་45དང་50ལ་སླེབས་དུས་ཟླ་མཚན་ཆད་འགྲོ་བ། དེཡང་ཏག་ཏག་བོད་ལུགས་སུ་བཤད་པའི་གཉིས་ཉིན་༣ནས་༥དབར་འཛག་གི་ཡོད་པ་བཅས་དེ་ལྟར་བོད་ཕྱི་གཉིས་ཉིན་དང་ལོ་གྲངས་སོགས་གཅིག་མཚུངས་བྱུང་ཡོད་པ་རེད།

3.ཟླ་མཚན་འབབ་པའི་རྟགས། 

དེ་རྟགས་ཉམས་ཆུང་བཞིན་རས་ངན་པ་དང་། ནུ་མ་རྐེད་པ་མགུལ་བ་མིག་དཀུ་གཡོ། སྐྱེས་པ་འདོད་པ་ཟླ་མཚན་ལྡན་པའི་རྟགས། ཞེས་དེང་རབས་སུ་བཤད་པའི月经的临床表现ཞེས་པའི་དོན་དང་ཕལ་ཆེར་གཅིག་པ་སྟེ། དེ་ཡང་ཁམས་སྨིན་ཞིང་མངལ་ཆགས་ནུས་པའི་རྟག་སུ་ཟླ་མཚན་འབྱུ་བ་དང་།ཟླ་མཚན་འབབ་པའི་རྟགས་སུ་མཁ་རྐེད་ན་ཞིང་ཅུང་གཟེར་ལ་ཐང་ཆད་པ་སོགས་སྐྱེ་ལུགས་རང་བཞིན་གྱི་རྒྱུན་ལྡན་སྣང་ཚུལ་རྣམས་བུད་མེད་ཕལ་ཆེ་བར་འབྱུང་བ་ཡིན་ཚུལ་བསྟན་པའོ། འདིར་ཟླ་མཚན་ལྡན་པའི་རྟགས་སུ་སྐྱེས་པ་འདོད་པར་བཤད་པ་ནི་ང་ཚོ་བལྟས་འཕྲལ་བློ་ལ་ཅུང་མི་བདེ་ཡང་། ཞིབ་ཏུ་བམས་ན། སྤྱིར་ཟླ་མཚན་ལྡན་པ་ནི་ཁམས་དབང་སྨིན་པའི་མཚོན་རྟགས་ཏེ་བསམ་བསེའུ་ཁམས་དམར་གཏོང་ཞིང་སྐུལ་རྩི་ཟགས་ཐོན་གྱི་བྱེད་ནུས་རྗོགས་པ་ཡིན་ལ་དེ་ལས་སྐུལ་རྩི་རིགས་གཅིག་ལ་ཆགས་འཕེལ་གྱི་ནུས་པ་ཡོད་པར་ངོས་འཛིན་བཞིན་མཆིས་སྟབས། (卵巢分泌的泚激素还能促进性欲བོད་ལུགས་ཀྱི་ཟླ་མཚན་ལྡན་པའི་རྟགས་སུ་སྐྱེས་པ་འདོད་པར་བཤད་པ་དེར་དེང་རབས་ཚན་རིག་གིས་བདེན་དཔང་བཙན་པོ་སྤྲད་པ་ཞིག་གོ། 

4.མངལ་ལེན་པའི་དུས།

དང་པོའི་ཞག་གསུམ་བཅུ་གཅིག་བུ་མི་ལེན། མངལ་ཁ་བྱེ་ནས་ཞག་ནི་བཅུ་གཉིས་བར། གཅིག་གསུམ་ལྔ་བདུན་དགུ་ལ་བུར་འགྱུར་ཏེ། གཉིས་དང་བཞི་དྲུག་བརྒྱད་པ་བུ་མོར་འགྱུར། ཉི་མ་ནུབ་པས་པདྨའི་ཁ་ཟུམ་བཞིན།། བཅུ་གཉིས་འདས་ནས་ཁུ་བ་མངལ་མི་སྡོད། ཅེས་པ་ལ་དེང་དུས་ཀྱི་གསོ་རིག་སྨྲ་བའི་ཁྱུ་མཆོག་སློབ་དཔོན་རིན་པོ་ཆེ་ཁྲོ་རུ་ཚེ་རྣམ་གྱི་དགོངས་པ་བཞིན་རྒྱུད་ཀྱི་ཚིག་རྐང་སྔ་ཕྱི་ཅུང་ཟད་བསྒྱུར་ནས་འཆད་པས་དངོས་པོའི་གནས་ལུགས་རང་དང་མཐུན་པ་སྟེ། དང་པོའི་ཞག་གསུམ་སྟེ་ཟླ་མཚན་ལྡན་པའི་དུས་དང་དེ་ནས་བརྩིས་པའི་བསྡོམས་ཞག་བཅུ་གཅིག་བར་དུ་མངལ་ཆགས་པར་མི་འགྱུར་ལ། དེ་ནས་ཞག་བཅུ་གཉིས་པ་དེ་དང་པོར་བརྩིས་པའི་ཞག་བཅུ་གཉིས་རིང་དུ་བུད་མེད་གང་མངལ་དུ་ཁམས་དཀར་འཛིན་ཅིང་བུ་ལེན་པའི་དུས་ཡིན་ཞེས་དེང་རབས་དང་མཐུན་པའི་ངོས་འཛིན་གསལ་པོ་བྱས་ཡོད་པ་སྟེ། དེང་གི་འཆར་ལྡན་བུ་སྐྱེས་ཀྱི་སྐབས་སུ་ཟླ་མཚན་བབས་པ་ནས་བརྩིས་པའི་ཐོག་མའི་ཞག་བཅུ་གཅིག་ལ་ཕྲུ་གུ་འགོག་པའི་བདེ་འཇགས་ཀྱི་དུས་སྐབས(经后安全期11天)ཞེས་འབོད་པ་དང་། དེའི་རྗེས་ཀྱི་ཉིན་ཞག་བཅུ་ལ་མངལ་འཛིན་པའི་དུས་སྐབས(怀孕期10天)ཞེས་བོད་ལུགས་དང་ཉིན་ཞག་གཉིས་ཀྱི་ཁྱད་པར་མ་གཏོགས་ཅི་ཡང་མེད་པ་དང་། དེའི་འཕྲོའི་ཉིན་ཞག་དགུ་ལ་ཟླ་མཚན་སྔོན་གྱི་བདེ་འཇགས་དུས་སྐབས(经前安全期9天)ཞེས་བོད་ཕྱི་གཉིས་ཀྱི་མངལ་ལེན་པའི་ངོས་འཛིན་གྱི་དགོངས་པའི་ཆུ་བོ་གཅིག་ཏུ་འདྲེས་ཡོད་།

གཞན་རྒྱུད་ཚིག་ལས་གཅིག་གསུམ་ལྔ་བདུན་དགུ་ལ་བུར་འགྱུར་ཏེ་གཉིས་དང་བཞི་དྲུག་བརྒྱད་པ་བུ་མོར་འགྱུར་ཞེས་པ་ནི་རྟེན་འབྲེལ་དབང་གིས་གསུངས་པ་སྟེ། ཆ་གྲངས་ལ་བུ་མོ་དང་ཡ་གྲངས་ལ་བུ་ཕོར་སྐྱེས་པར་འགྱུར་བ་ཡིན་ཞེས་པས་ན་ཕྱི་ལུགས་དང་བསྡུར་ཐབས་དབེན་ཞིང་། གཞན་ལ་མེད་པའི་བོད་ཀྱི་གསོ་རིག་གི་ཐུན་མོང་མ་ཡིན་པའི་བཤད་སྒྲོས་ཤིག་རེད།

གསུམ། གསུགས་ཀྱི་འགྱུར་ཚུལ་སྐོར། 

ཟུགས་ཀྱི་འགྱུར་ཚུལ་འདིའི་ནང་དུ་ཕོ་མོའི་འགྱུར་ཚུལ་དང་། མཚེ་མ་རུ་འགྱུར་ཚུལ། དབང་པོ་སྐྱོན་ཅན་ཏེ་ནིང་ངམ་གཟུགས་མི་སྡུགས་པའི་འགྱུར་ཚུལ་བཅས་སྤྱིའི་ནང་དོན་གསུམ་དུ་འདུས་ལ། དེའང་ཁུ་བ་མང་བ་བུ་རུ་སྐྱེ་འགྱུར་གྱིས།། ཟླ་མཚན་མང་བ་བུ་མོར་སྐྱེ་བར་འགྱུར།།   ཞེས་པ་ནི་ཕོ་མོའི་འགྱུར་ཚུལ་ཏེ། ཁུ་ཁྲག་ལ་ཕོ་མོར་སྐྱེ་འགྱུར་གྱི་ཁམས་ཀྱི་ཆ་གང་ཞིག་མང་ན་དེ་རུ་སྐྱེ་བར་འགྱུར་བ་ཡིན་ཞེས་པའི་དོན་ལགས་ཤིང་། ཕྱི་ལུགས་སུ་གཙོ་བོ་ཕོ་མོར་འགྱུར་བྱེད་ཀྱི་རྫས(性染色体)དི་དང་། དེ་ལ་རྐྱེན་ཕོ་མོ་སོ་སོར་ཆེན་དུ་ཡོད་པའི་རྫས雄、雌激素འདི་གཉིས་ཀྱི་ཤུགས་ཆེ་ཆུང་དང་ནུས་པ་ཐོན་མ་ཐོན་ལས་ཕོ་མོར་འགྱུར་ཚུལ་བཤད་པ་སྟེ་དེ་ལྟར་བོད་ཕྱི་གཉིས་ཀའི་སྤྲོས་ཚུལ་གྱི་རྣམ་པ་མི་འདྲ་བ་ཙམ་ལས་དོན་གྱི་སྙིང་པོ་གཅིག་ཏུ་བབས་འདུག་པ་ང་ཚོས་མ་དཔྱད་ཀྱང་ཤེས་སོ།། དེ་བཞིན་མཚེ་མའི་འགྱུར་ཚུལ་ལྟ་བུར་མཚོན་ན། བྱེ་ལས་མཚེ་མར་འགྱུར་ཞེས་ཁུ་ཁམས་ལྷན་དུ་འདྲེས་པ་ཐོག་མའི་འཚ་འཕེལ་གྱི་གོ་རིམ་ནང་རླུང་གི་བྱེད་པས་དུམ་བུ་གཉིས་སམ་གསུམ་དུ་ཕྱེས་པ་ལས་དེ་དང་དེའི་མཚེ་མར་འགྱུར་བའི་དོན་ཏེ། ཕྱི་ལུགས་སུ་མཚེ་མའི་འགྱུར་ཚུལ་ལ་སྤྱིའི་དབྱེ་བ་གཉིས་སུ་དགར་(单卵性、双性)བཞིན་པའི་སྔ་མ་སྟེ་འཚོ་བ་དངོས་ནང་ཅུང་མཐོང་མང་བའི་མཚེ་མའི་འགྱུར་ཚུལ་དང་ཁྱད་པར་ཏིལ་འབྲུ་ཙམ་ཡང་མི་འདུག་སྙམ། དབང་པོ་སྐྱོན་ཅན་དུ་འགྱུར་ཚུལ་ལ་རྒྱུད་ལས། སྐྱེ་གནས་མི་མཐུན་པ་དང་གཟུགས་མི་སྡུག།   འདི་དག་གནོད་པའི་དྲི་མས་སྐྱེ་བར་འགྱུར།། ཞེས་ཁུ་ཁྲག་ལ་ཉེས་པའི་སྐྱོན་གྱི་དྲི་མ་ཙམ་འགྲོས་ཞིང་ས་བོ་ཚུལ་བཞིན་བྱེད་མ་ནུས་པར་བརྟེན་ནས་བྱུང་བ་སྟེ་སྤྱིའི་ཆ་ནས་བལྟས་པས་ཕྱི་ལུགས་ཀྱིས་བཤད་པའི་基因突变དང་染色体组型异常ཞེས་དབང་པོ་སྐྱོན་ཅན་དུ་འགྱུར་བའི་རྒྱུ་གཙོ་བོ་དང་ཕལ་ཆེར་འདྲ་ལ། དེའང་འདྲ་བའི་རྒྱུ་མཚན་རེ་རེ་བཞིན་འཆད་པར་ཡིག་ཚོགས་ཀྱིས་འཇིགས་ཏེ་མ་བཀོད་པས་ཞིབ་ཏུ་ཤེས་འདོད་པ་དག་གིས་བོད་ཕྱི་གསོ་རིག་གི་ཆགས་ཚུལ་རིག་པའི་གཞུང་གཉིས་བསྡུར་ནས་བལྟས་པས་རྟོགས་སླའོ།།

བཞི། རྒྱུ་ལས་འབྲས་བུ་སྐྱེ་ཚུལ་སྐོར།

དེ་ཡང་རྒྱུད་ལས། ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད། ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་སྐྱེད།། མེ་ས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད།། རླུང་ལས་དབུགས་དང་པགས་པ་རེག་བྱ་སྐྱེད། མཁའ་ལས་བུ་ག་རྣ་བ་སྒྲ་སྐྱེད་འགྱུར།  ཞེས་ཁུ་ཁྲག་སེམས་གསུམ་གྱི་ཆར་གནས་པའི་འབྱུང་བའི་ངོས་ཐད་ནས་འབྲས་བུ་སྐྱེད་ཚུལ་གསུངས་པ་སྟེ། འབྱུང་བ་རྣམས་ལས་ཤ་ཁྲག་རྩ་རུས་སོགས་སྤྱིའི་སྐྱེད་ཚུལ་གྱི་ཆ་ནས་གཞུང་ལུགས་གཉིས་ཀྱི་རིགས་ལམ་སོ་སོ་ཡིན་པས་བསྡུར་དཔྱོད་དཀ་ཡང་། སྐབས་འདིར་ངོ་མཚར་བ་ཞིག་ལ་རང་རེའི་གཞུང་དུ་དབང་པོའི་སྐྱེད་ཚུལ་དང་དེའི་རིག་གཟུགས་དབྱིབས་གསུངས་ཡོད་པ་དེ་དེང་རབས་གསོ་རིག་ཚན་རིག་དང་མ་བགྲོས་རང་མཐུན་ཏུ་གྱུར་པའི་ཤིན་ཏུ་མཚུངས་པའི་ལྟ་བ་ཞིག་སྟེ། དེ་ཡང་སའི་རང་བཞིན་གྱི་ཡོན་ཏན་དེ་ལས་སྣ་དྲི་འཛིན་གྱི་དབང་པོའི་རྟེན་གཟུགས་དབྱིབས་ཟངས་ཁབ་གཤིབ་པ་ལྟ་བུ་ཞེས་ཕྱི་ལུགས་པས་དྲི་འཛིན་དབང་པོའི(嗅球)རྟེན་དུ་འབྱར་སྐྱིའི་རྣམ་པ་དབྱིབས་ཕྲ་ལ་ཟླུམ་ཞིང་ཁ་དོག་སེར་སྐྱ་ཅན་འབྱུང་བར་བཤད་པ་དང་ཀུན་ནས་གཅིག་པ་སྟེ། ཅིའི་ཕྱིར་དབྱིབས་ཁབ་ཡིན་པས་ཕྲ་ལ་ཟླུམ་ཞིང་རྒྱུ་ཟངས་ཡིན་ན་མདོག་སེར་སྐྱ་འབྱུང་བ་སྨོས་མ་དགོས་སོ།། དེ་བཞིན་འབྱུང་བ་ཆུའི་རང་བཞིན་གྱི་ཡོན་ཏན་དེ་ལས་ལྕེ་རོ་འཛིན་གྱི་དབང་པོའི་རྟེན་གཟུགས་དབྱིབས་ཟླ་བ་བཀས་པ་ལྟ་བུ་སྐྱེད་པར་གསུང་པ་དང་། དེ་ལ་ཕྱི་ལུགས་པས་རོ་འཛིན་དབང་པོ(味蕾)ཉིད་ལྕེ་རྩེ་དང་ལྕེ་མཐ་གཉིས་སུ་གཙོ་ཆེར་གནས་པར་བཤད་ཡོད་པས་ང་ཚོས་ལྕེ་ཡོངས་ལས་རོ་དབང་གཙོ་ཆེར་གནས་སའི་ཡུལ་དེར་ཐིག་རིས་ཞིག་རྒྱག་པའི་དབང་དུ་བཏང་ན་བཅལ་ཟིན་པའི་ལྕེ་གནས་ཀྱི་ཐིག་དབྱིབས་དེ་ཚེས་རིས་ཟླ་བ་བཀས་པ་ཞིག་དང་མཚུངས་པ་ཡི་ལ་གསལ་ལེར་འཆར་ཐུབ་བོ། ཡང་ནམ་མཁའི་རང་བཞིན་གྱི་ཡོན་ཏན་དེ་ལས་རྣ་བ་སྒྲ་འཛིན་གྱི་དབང་པོའི་རྟེན་གཟུགས་དབྱིབས་ཤིང་གྲོ་གའི་མཛེར་བུ་གཅུས་པ་ལྟ་བུ་སྐྱེད་ཅེས་པ་ནི། ཕྱི་ལུགས་པས་སྒྲ་འཛིན་དབང་པོའི(螺旋器)རྟེན་དུ་རྣ་བའི་དུང་འཁྱི(耳蜗)གསུངས་ཡོད་པ་དང་གཅིག་ཏུ་སྣང་ལ། རླུང་གི་རང་བཞིན་གྱི་ཡོན་ཏན་དེ་ལས་ལུས་བྱ་འཛིན་གྱི་དབང་པོའི་རྟེན་གཟུགས་དབྱིབས་བྱ་རེག་ན་འཇམ་གྱི་པགས་པ་ལྟ་བུ་ཞེས་ཕྱི་ལུགས་ལྟར་ན་པགས་པ་ཡོངས་ལ་སྤྱི་ཁྱབ་དུ་གནས་པའི་དབང་རྩའི་ཕྲ་ཕུང་(神经未梢)ཉིད་དང་གོ་དོན་གཅིག་ཏུ་འབབ་བོ། དེ་མིན་མེའི་རང་བཞིན་གྱི་ཡོད་ཏན་དེ་ལས་མིག་གཟུགས་འཛིན་གྱི་དབང་པོའི་རྟེན་གཟུགས་དབྱིབས་ཟར་མའི་མེ་ཏོག་ལྟ་བུ་ཞེས་པའི་རྒྱུ་མཚན་དང་གོ་དོན་དངོས་བཅས་ཕྱི་ལུགས་ཀྱིས་བཤད་པའི་འོད་ཚོར་ཕྲ་ཕུང་(感光细胞即视锥细胞质、视杆细胞两种)དང་ཇི་བཞིན་བསྡུར་དཔྱོད་བགྱིད་དཀ་བས་རེ་ཞིག་བཏང་སྙོམས་སུ་མི་འཇོག་པ་ཀ་མེད་བྱུང་ཞིང་། གང་ལྟར་མིག་དབང་ཟར་མའི་མེ་ཏོག་ལྟ་བུ་ཞེས་པར་གནས་ལུགས་མེད་པ་མ་ཡིན་པས་སླད་ཚེ་རིག་ལ་ཞིབ་འཇུག་བྱེད་པའི་དཔྱོད་ལྡན་ཚོས་དོ་སྣང་བྱེད་འོས་སོ། 

ལྔ། མངལ་འཕེལ་བའི་རྒྱུ་རྐྱེན་དང་དུས་ཡུན་སྐོར།

གསོ་རིག་རྒྱུད་བཞི་ལས་མངལ་འཕེལ་བའིརྒྱུ་དང་དུས་ཡུན་གསུངས་ཡོད་པ་དེ་ནི་བོད་ལུགས་དང་ཕྱི་ལུགས་གཉིས་ཀྱི་ཆགས་ཚུལ་རིག་པའི་ནང་སྣང་བའི་གཅིག་གྱི་ལྟ་བ་རྩོད་མེད་ཅིག་ཏུ་འཁུས་ལ། གཞན་མངལ་འཕེལ་བའི་རྐྱེན་རླུང་ཡིན་པར་སྨྲ་བ་ནི་བོད་ལུགས་ཀྱི་ཐུན་མི་སྒེར་ཆོས་ཞིག་གོ།

1.མངལ་འཕེལ་བའི་རྒྱུ།

མངལ་ཆགས་འཕེལ་བའི་རྒྱུ་ནི་ལྟེ་བ(脐带)སྟེ།། བུ་སྣོད་གཡས་གཡོན་རྩ(输卵管)དང་ལྟེ་བར་འབྲེལ།། རྩ་གཉིས་བསམ་བསེའུ(卵巢)བཅུད་ཀྱི་རྟེན་དང་འབྲེལ།། དེ་ཕྱིར་མ་ཡི་ཁ་ཟས་དྭངས་མ(营养物质)ཡིས། ། རིམ་གྱིས་མངལ་དུ་རྣམ་པར་འཕེལ་འགྱུར་ཏེ། ཞེས་མངལ་གནས་རང་ཉིད་ཀྱི་ལྟེ་བ་ནི། མ་དང་ཕྲུ་གུའི་དབ་དངོས་རྫས་བརྗེ་རེས་བྱེད་པའི་རྒྱུ་ཁོ་ན་ཉིད་སྟེ། མའི་ལུས་ལས་བྱུང་བའི་མཁའ་རླུང་དྭངས་མ་དང་ཟས་སྐོམ་གྱི་དྭངས་མའི་བཅུད་རྣམས་སྡུད་ལེན་དང་། མངལ་གནས་ཀྱི་ལུས་ལས་བྱུང་བའི་དངོས་རྗས་སྙིགས་རོ་རྣམས་དོར་ཞིང་གཏོ་བ་སོགས་མཐའ་དག་མངལ་གྱི་ངོས་སུ་ཕྲུ་མར་འབྲེལ་བའི་ལྟེ་བ་ཡིན་པར་ངོས་འཛིན་གྱིས་ལྟེ་བ་ནི་མངལ་གནས་དེའི་ལུས་ཁམས་འཕེལ་བའི་རྒྱུ་འབའ་ཞིག་ཡིན་པར་ཕྱི་ལུགས་དང་མཐུན་པའི་ངོས་འཛིན་འཁྲུལ་མེད་གནང་ཡོད་པ་མ་ཟད། དཔེར་ན་རྫིང་ཡུ་ཆུ་ཡིས་ཞིང་སྐྱེད་འདྲ་ཞེས་དོན་དང་འབྱོར་ལ་ཚན་རིག་དང་མཐུན་པའི་དཔེ་ཞིག་ཀྱང་བཀོད་འདུག 

2.མངལ་འཕེལ་བའི་དུས་ཡུན།

དེ་ཡང་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱི།། རླུང་གིས་བསྒྱུར་ནས་ཟླ་དགུར་འཕེལ་འགྱུར་ཏེ།། ཞེས་མངལ་དུ་ཕ་མའི་ཁམས་གཉིས་ལྷན་ཅིག་ཏུ་འཚོགས་པའི་སྐ་ཅིག་མ་དེ་ནས་རྩིས་པའི་ཟླ་དགུར་ངོ་བཅུའམ(ཉིན་ཞག280)བདུན་ཕྲག་སུམ་ཅུ་སོ་བརྒྱད་(ཉིན་ཞག་266)ཀྱི་དུས་ཡུན་ནང་ཕྲུ་གུ་བཙའ་བར་ངོས་བཟུང་བ་ནི་ཕྱི་ལུགས་དང་ཁྱད་པར་ཅི་ཡང་མེད་པའི་བརྩི་ཚུལ་ཞིག་སྟེ། ཕྱི་ལུགས་སུ་ཟླ་མཚན་གྱིས་བརྩི་བའི་ཐབས月经期ཞེས་ཟླ་དགུ་ཞག་བཅུའམ་ཉིན་1280དང་། ཁུ་ཁམས་འཚོགས་པའི་བརྩི་ཐབས་受精岭ཞེས་བདུན་ཕྲག་སོ་བརྒྱད་དམ་ཉིན་ཞག266དགོས་པར་གསུངས་པ་བཞིན་ནོ།

དྲུག ཁུ་ཁམས་གཉིས་ཡོངས་སུ་འདྲེས་པའི་སྐོར། 

ཟླ་བ་དང་པོ་བདུན་ཕྲག་དང་པོའི་དུས། ། འོ་མར་རུ་མ་བླུག་འདྲ་ཁུ་ཁྲག་འདྲེས། བདུན་ཕྲག་གཉིས་པ་ནུར་ནུར་པོ་རུ་འགྱུར།། བདུན་ཕྲག་གསུམ་པ་ཞོ་ཆགས་ལྟ་བུར་སྣང་། ཞེས་མངལ་བཟུང་བའི་ཐོག་མའི་བདུན་ཕྲག་གསུམ་རིང་དུ་མངལ་གནས་ཀྱི་རྣམ་པ་སྐ་སླ་བར་མ་གསུམ་དུ་རིམ་པར་འགྱུར་བ་སྟེ་ཁམས་དཀར་དམར་གཉིས་ཡོངས་སུ་འདྲེས་པའི་རྒྱུད་རིམ་བསྟན་པ་འདིའི་སྤྱིའི་འཕེལ་རིམ་གྱི་སྟེང་ནས་དཔྱད་ན། ཕྱི་ལུགས་ཀྱིས་ཆགས་ཚུལ་ཡོངས་ལ་གནས་སྐབས་ཆེན་པོ་བཞིར། (胚前期、胚期、胎期、胚期胎儿发育完成期)དགར་བཞིན་པའི་ཐོག་མ胚前期(2周)ཞེས་པ་དང་མཚུངས་ཤས་ཆེ་ལ། དེ་ལས་བདུན་ཕྲག་དང་པོའི་འཕེལ་ཚུལ་ལ་སྨན་དཔྱད་ཟླ་བའི་རྒྱལ་པོ་སོ་མཱ་རྭ་ཛའི་ལུགས་ལྟར་ན་ཀུན་གཞི་འཛིན་པའི་རླུང་དང་། མངལ་མཇུག་གི་རླུང་། འཁྲུགས་པའི་རླུང། ཀུན་ཏུ་སྡུད་པའི་རླུང་། ཐལ་བྱེད་ཀྱི་རླུང་། སྡུད་བྱེད་ཀྱི་རླུང་། ཐོགས་མེད་ཀྱི་རླུང་བཅས་ཞག་རེ་བཞིན་རླུང་རེས་བསྒྱུར་ཚུལ་བཤད་ཡོད་པ་སྟེ་། ཞག་དང་པོར་ཀུན་བཞི་འཛིན་པའི་རླུང་གི་ཁུ་ཁམས་གཉིས་གཅིག་ཏུ་འཛིན་པ། ཞག་གཉིས་པར་མངལ་མཇུག་རླུང་གིས་མེར་མེར་པོར་བསྒྱུར་བ། ཞག་གསུམ་པར་འཁྲུགས་པའི་རླུང་གིས་མཁྲང་མཁྲང་པོར་བསྒྱུར་བས་འདིར་མཁྲང་འགྱུར་གྱི་ཞག་ཅེས་ཀྱང་བརྗོད་ལ། ཞག་བཞི་པར་ཀུནཏུ་སྡུད་པའི་རླུང་གིས་གོ་གོར་པོར་བསྒྱུར་བ། ཞག་ལྔ་པར་ཐལ་བྱེད་རླུང་གིས་ལྟར་ལྟར་པོར་བསྒྱུར་བ། ཞག་དྲུག་པར་སྡུད་བྱེད་རླུང་གིས་ནར་ནར་པོར་བསྒྱུར་བ། ཞག་བདུན་པར་ཐོགས་མེད་ཅེས་པའི་རླུང་གིས་བུ་ག་ཅན་དུ་བསྒྱུར་བ་བཅས་ནི་ཕྱི་ལུགས་ལྟར་ན་བདུན་ཕྲག་དང་པོ་དེ་ཉིད་མངལ་འཛིན་ཅིང་ཕྲང་ཕུང་འཕེལ་བའི་དུས་རིམ(第1周为受精与卵裂过程)ཡིན་པར་བཤད་ཡོད་པ་དང་མཚུངས་ཤིང་དེའང་རིམ་པ་བཞིན་དུ། 第一天,二核靠近而受精,第二天,二核融合并开始卵裂;第三天,2细胞期;第四天,4细胞期;第五天,8细胞期;第六天,桑椹胚;第七天,胚泡形成并开始植入。ཞེས་པ་དག་དང་བྱིངས་ནས་མཚུངས་པར་བལྟས་ཆོག་སྙམ་ཡང་། ད་དུང་ཞིབ་འཇུག་བྱ་རྒྱུར་ལུས་ཡོད་པས་འདིར་འོལ་ཚོད་ཀྱིས་ཚིག་ཐག་གཅོད་པར་མ་སྤོབས་སོ།

གཞན་ཡང་རྒྱུད་ལས། བཞིཔ་གོར་གོར་མེར་མེར་ནར་ནར་པོ། དེ་ལས་ཕོ་མོ་མ་ནིང་གསུམ་དུ་འགྱུར། ཞེས་བདུན་ཕྲག་བཞི་པ་ནི་ཕོ་མོའི་མཚན་མ་དོད་པའི་དུས་ཡིན་པ་ཕྱི་ལུགས་གསོ་རིག་དང་མཐུན་པར་གསུངས་པ་སྟེ། 在第4周,间介中胚屋细胞不断增殖并向体腔突出,形成两条纵行的细胞索,该细胞索是形成泌尿、生殖器管的主要原基。ཞེས་པ་ལྟར་རོ།།

བདུན། གནས་སྐབས་གསུམ་དུ་ཕྱེས་པའི་སྐོར། 

དེ་ཡང་གནས་སྐབས་གསུམ་ཞེས་ཕྲུ་གུ་མའི་མངལ་དུ་ཟླ་བ་དགུའི་རིང་འཚར་འཕེལ་བྱུང་བའི་བརྒྱུད་རིམ་དེ་ཉ་དང་། རུས་སྦལ། ཕག་བཅས་སྐབས་ཆེན་པོ་གསུམ་དུ་ཕྱེས་ཤིང་། དེ་ལྟར་ཕྱེས་པའི་ཐོག་མའི་བསམ་གཞིགས་ངོ་མ་ཅི་ལྟར་ཡིན་ཡང་། གནས་སྐབས་མི་འདྲ་བ་གསུམ་དུ་བསྟན་པ་དེས་དུས་རབས་བཅུ་དགུ་པའི་རང་བྱུང་རིག་གི་གསར་རྟོགས་ཆེན་པོ་གསུམ་གྱི་ཡ་གྱལ་ཏེ་དབྱིན་ཇིའི་སྐྱེ་དངོས་ཚན་རིག་སྨྲ་བའི་དབང་པོ་ཏར་ཝུན་གྱི་འཕེལ་འགྱུར་སྨྲ་བའི་ལྟ་ཚུལ་དང་བསམ་བློ་རྣམས་གསལ་མཚོན་བྱུང་ཡོད་པ་ཀུན་གྱིས་ཁས་འཆེས་པ་དང་། གནས་སྐབས་གསུམ་གྱི་བརྗོད་བྱ་འདི་བཞིན་གངས་ལྗོངས་གསོ་རིག་གི་རིག་པའི་ཉིང་བཅུད་ཅིག་ཏུ་ཕྱི་ནང་མཁས་དབང་ཡོངས་ནས་གཙིགས་མཐོང་བྱེད་བཞིན་མཆིས་སོ།  

1.ཉ་ཡི་གནས་སྐབས།

ཟླ་བ་གཉིས་པ་བདུན་ཕྲག་ལྔ་པ་ལ། མངལ་གནས་ལུས་ཀྱི་དང་པོ་ལྟེ་བ་ཆགས། དྲུག་པ་ལྟེ་བ་ལ་བརྟེན་སྲོག་རྩ་ཆགས། བདུན་པར་མིག་གི་དབང་པོ་གཟུགས་སུ་དོད། བརྒྱད་པ་དེ་ལ་བརྟེན་ནས་མགོ་དབྱིབས་ཆགས།། དགུ་པར་ལུས་དབྱིབས་ཁོག་པ་སྟོད་སྨད་ཆགས།། མངལ་གནས་ཉིད་ཟླ་བ་གཉིས་པའི་བདུན་ཕྲག་ལྔ་པ་ནས་བདུན་ཕྲག་དགུ་པའི་བར་དུ་སྲོག་པ་རྩའམ་དབུ་མའི་ནུས་པས་ལུས་གཟུགས་ཀྱི་ཐོག་མའི་རྣམ་པ་དཀྱུས་གཅིག་ཏུ་ཆགས་ནས་འཕེལ་ཚུལ་དང། འཚོ་གནས། གཟུགས་དབྱིབས་བཅས་སྲོག་ཆགས་ཉ་དང་འདྲ་བས་ན་ཉ་ཡི་གནས་སྐབས་ཞེས་བརྗོད་པའོ།། དེ་ལ་ཐོག་མར་དུས་སྐབས་འདིའི་སྤྱིའི་འཕེལ་རིམ་དང་འགྱུར་ལྡོག་གི་ཐད་ནས་བལྟས་ཚེ་ཕྱི་ལུགས་ཀྱིས་ཆགས་ཚུལ་ཡོངས་ལ་གནས་སྐབས་ཆེན་པོ་བཞི་རུ་ཕྱིས་བཞིན་པའི་གཉིས་པ་胚期(3-8周末)ཞེས་པ་དང་བདུན་ཕྲག་གཅིག་གི་ཁྱད་པར་ལས་མ་མཆིས་ཏེ། ཕྱི་ལུགས་པས་བདུན་ཕྲག་བརྒྱད་པའི་ཇུག་གམ་དགུ་པའི་འགོར་སླེབས་དུས་མི་ལུས་ཀྱི་ཐོག་མའི་དབྱིབས་གཟུགས(第8周末已初具人形)གྲུབ་ཡོད་པར་སྨྲ་བ་དང་བོད་ལུགས་ཀྱིས་བདུན་དགུ་པའི་མཇུག་ཏུ་བཟུང་ཡོད་པ་མཐོང་གསལ་ལོ།།

དེའི་འཕྲོས་ཉ་ཡི་གནས་སྐབས་ཀྱི་བདུན་ཕྲག་རེ་རེ་བཞིན་བསྡུར་བ་ལ། བོད་ལུགས་སུ་བདུན་ཕྲག་ལྔ་པར་ལྟེ་བ་ཆགས་ཞེས་བཤད་པ་ནི་ཆགས་ཟིན་ལ་དམིགས་པ་སྟེ་ལྟེ་བར་བརྟེན་ནས་བདུན་ཕྲག་དྲུག་པའི་དུས་སུ་སྲོག་པ་རྩ་ཆགས་དགོས་པའི་ཕྱིར་དང་། ཕྱི་ལུགས་ཀྱི་བདུན་ཕྲག་བཞི་པའི་ནང་ལྟེ་བ་དང་ཕྲུམ་གཉིས་ཆགས་པར་སྨོས་པ་ནི་ལྟེ་བ་ཆགས་པའི་ཐོག་མའི་འགོ་བཟུང་བ་སྟེ་དེ་གཉིས་ཕལ་ཆེར་དུས་གཅིག་ཏུ་འཁེལ་བ་གསལ་ལ། དྲུག་པ་ལྟེ་བ་ལ་བརྟེན་སྲོག་རྩ་ཆགས་ཞེས་སྐབས་འདིའི་སྲོག་པ་རྩ་ནི་སྤྱིར་སྲོག་རྩ་དཀར་ནག་དམར་གསུམ་གྱི་གཞི་རྩ་དང་བྱེད་བྲག་ཏུ་འཁོར་སྐྱོད་མ་ལག་གི་ཨ་མ་སྟེ་འཕར་རྩ་ཐམས་ཅད་ཀྱི་སྡོང་པོ་སྲོག་རླུང་གི་རྟེན་དེར་གོ་ན་དོན་དངོས་དང་མཐུན་སྙམ་ཞིང་། དེ་ལྟར་ན་སྲོ་རྩའི་སྡོང་པོའི་འགོར་བི་དའི་འབྲས་བུ་ལྟར་ཐོགས་པའི་ཉིང་དབང་ཕྱི་དབྱིབས་དང་བཅས་པ་ནི་བདུན་ཕྲག་དྲུག་པའི་ནང་ཡིན་པར་ཕྱི་ལུགས་ཀྱིས་ངོས་བཟུང་ཡོད་པ་དེ་དང་བོད་ལུགས་ཀྱི་སྲོག་རྩསྙིང་ག་ཆོས་ཀྱི་འཁོར་ལོའང་དུས་འདིར་ཆགས་པ་ལུགས་ལས་གསུང་པས་སོཆགས་པའི་དུས་གཉིས་གཅིག་ཏུ་བབས་འདུག བདུན་པར་མིག་གི་དབང་པོ་གཟུགས་སུ་དོད་ཅེས་པ་ནི་མིག་གི་དབང་རྟེན་ཆགས་ཟིན་པ་ལ་གོ་སྟེ་ཕྱི་ལུགས་སུ་བདུན་ཕྲག་བདུན་པའི་དུས་སུ་མིག་ལྕིབས་ཡས་མས་གཉིས་གྲུབ་པར་བཤད་པ་དང་། དེ་ལྟར་མིག་ལྕིབས་ཕྱེས་པས་མིག་གཟུགས་དོད་དགོས་པ་དོན་གྱིས་གྲུབ། བརྒྱད་པ་དེ་ལ་བརྟེན་ནས་མགོ་དབྱིབས་ཆགས་ཞེས་པའང་མགོ་བོའི་དབྱིབས་སམ་གདོང་དབྱིབས་ཆགས་པར་བཤད་པ་སྟེ། ཕྱི་ལུགས་སུ་བདུན་ཕྲག་བརྒྱད་པའི་མཇུག་ཏུ་སླེབས་ཚེ་གདོང་བཞིན་གྱི་ཐོག་མའི་རྣམ་པ་(第8周末胚胎颜面初具人貌)གྲུབ་པར་ངོས་འཛོན་པའི་ལྟ་བ་དང་གཅིག་ཏུ་འཁུམས་སོ། 

2.རུས་སྦལ་གྱི་གནས་སྐབས།

ཟླ་བ་གསུམ་པ་བདུན་ཕྲག་བཅུ་པ་ལ། ། དཔུང་པ་གཉིས་དང་དཔྱི་གཉིས་འབུར་དུ་དོད། བཅུ་གཅིག་དབང་པོ་དགུ་ཡི་གཟུགས་དབྱིབས་དོད། ། བཅུ་གཉིས་པ་ལ་དོན་ལྔའི་གཟུགས་དབྱིབས་དོད།  བཅུ་གསུམ་པ་ལ་སྣོད་དྲུག་གཟུགས་དབྱིབས་དོད།། ཟླ་བ་བཞི་པ་བདུན་ཕྲག་བཅུ་བཞི་ལ།། དཔུང་རྐང་བརླ་རྐང་བཞི་པོའི་གཟུགས་དབྱིབས་དོད།བཅོ་ལྔ་པ་ལ་རྐང་ལག་རྗེ་ངར་དོད། བཅུ་དྲུག་པ་ལ་སོར་མོ་ཉི་ཤུ་དོད།། བཅུ་བདུན་ཕྱི་ནང་འབྲེལ་བའི་རྩ་རྣམས་ཆགས།། མངལ་གནས་ཉི་ཟླ་བ་གསུམ་པའི་བདུན་ཕྲག་བཅུ་པ་ནས་ཟླ་བ་བཞི་པའི་བདུན་ཕྲག་བཅུ་བདུན་པའི་བར་དུ་གོང་གི་ཉའི་རྣམ་པ་དེ་ལས་དཔུང་པ་དཔྱི་དང་རྐང་ལག་རྗེ་ངར་སོར་མོ་བཅས་ཡན་ལག་བཞི་པོ་གཙོ་བོར་རྒྱས་ཏེ་འཕེལ་ཚུལ་འཚོ་གནས་གཟུགས་དབྱིབས་བཅས་རུས་སྦལ་དང་འདྲ་བར་འབྱུང་བས་ན་རུས་སྦལ་གྱི་གནས་སྐབས་ཞེས་བརྗོད་པའོ།། དུས་སྐབས་འདི་དང་འོག་ནས་འཆད་འགྱུར་གྱི་ཕག་གི་གནས་སྐབས་གཉིས་ཀའི་སྤྱིའི་འཕེལ་རིམ་ནི་ཕྱི་ལུགས་གསོ་རིག་གིས་ཆགས་ཚུལ་ཡོངས་ལ་གནས་སྐབས་ཆེན་པོ་བཞི་རུ་ཕྱེས་བཞིན་པའི་གསུམ་པ་སྟེ་胎期ཞེས་པ་དང་གཅིག་མཚུངས་སུ་སྣང་ལ། དེ་ལྟར་རུས་སྦལ་གྱི་གནས་སྐབས་ནི་ཕྱི་ལུགས་ཀྱི་胎期ཞེས་པའི་དུས་དེའི་སྔ་དུས་ལ་གཏོགས་པའི་རིགས་པས་གྲུབ་པ་དང་། དེའང་སྤྱིའི་ཡོངས་ནས་བཤད་ཚེ་དུས་སྐབས་འདིའི་མངལ་གནས་ཀྱི་དོན་སྣོད་དབང་པོའི་འཕེལ་ཚུལ་རྣམས་ཕྱི་ལུགས་དང་བསྡུར་བས་ཅུང་བུལ་བར་མཐོང་བ་ནི་བོད་ཕྱི་གཉིས་ཀྱི་ཁྱད་པར་རོ།

3.ཕག་གིགནས་སྐབས།

ཟླ་ལྔ་བདུན་ཕྲག་བཅོ་བརྒྱད་ཤ་ཚིལ་ཆགས།། བཅུ་དགུ་པ་ལ་ཆུ་བ་རྒྱུས་པ་ཆགས། ཉི་ཤུ་པ་ལ་རུས་དང་རྐང་མར་ཆགས་།། རྩ་གཅིག་པ་ལ་ཕྱི་ཡི་པགས་པ་གཡོགས།། དེ་ནས་ཟླ་དྲུག་བདུན་ཕྲག་རྩ་གཉིས་ལ།། དབང་པོ་སྒོ་དགུའི་བུ་ག་རྣམ་པར་བྱེ།། རྩ་གསུམ་སྐྲ་དང་བ་སྤུ་སེན་མོ་སྐྱེ།། རྩ་བཞི་པ་ལ་དོན་སྣོད་གསལ་བར་སྨིན།། དེ་དུས་བདེ་དང་སྡུག་བསྔལ་ཤེས་པར་འགྱུར།། རྩ་ལྔ་པ་ལ་རླུང་གི་རྒྱུ་བ་འབྱུང་།། རྩ་དྲུག་པ་ལས་སེམས་ཀྱི་དྲན་་གསལ།། དེ་ནས་ཟླ་བདུན་བདུན་ཕྲག་རྩ་བདུན་ནས།། སུམ་ཅུའི་བར་གྱིས་ཐམས་ཅད་གསལ་རྫོགས་འགྱུར།། ཟླ་བ་བརྒྱད་པ་བདུན་ཕྲག་སོ་གཅིག་ནས། སོ་ལྔའི་བར་དུ་ཐམས་ཅད་ཆེར་འཕེལ་བྱེད།། མ་དང་བུ་གཉིས་ཐང་རེ་གཟི་མདངས་འཕོ།། ཟླ་བ་ལྔ་པའི་བདུན་ཕྲག་བཅོ་བརྒྱད་ནས་ཟླ་བ་བརྒྱད་པའི་བདུན་ཕྲག་སོ་ལྔའི་བར་དུ་གོང་གི་རུས་སྦལ་གྱི་རྣམ་པ་དེ་ལས་སྐྲ་དང་བ་སྤུ་དབང་པོ་སོགས་ལུས་ཁམས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པར་སྨིན་ཅིང་མི་གཙང་བའི་རོ་ཟ་བ་སྟེ་འཕེལ་ཚུལ་འཚོ་གནས་གཟུགས་དབྱིབས་བཅས་སྲོག་ཆགས་ཕག་དང་འདྲ་བས་ན་ཕག་གི་གནས་སྐབས་ཞེས་བརྗོད་པའོ།།   སྤྱིར་ན་ཕག་གི་གནས་སྐབས་ནི་གོང་སྨོས་བཞིན་ཕྱི་ལུགས་胎期ཞེས་པའི་དུས་མཇུག་ལ་གཏོགས་པ་དང་། བྱེ་བྲག་ཏུ་བཤད་ན། ཟླ་ལྔ་བདུན་ཕྲག་བཅོ་བརྒྱ་ཤ་ཚི་ཆགས་ཞེས་པའི་ཤ་ཆགས་པའི་ངོས་ནས་ཕྱི་ལུགས་ཀྱི་བཞེད་ཚུལ་དང་ཆེར་མ་ངེས་ཡང་ཚིལ་གྲུབ་པའི་ཐད་གཅིག་མཚུངས་སྟེ། 18周胎脂出现,皮肤的表面开始被覆着一屋脂样的物质ཞེས་པ་ལྟར་རོ། དེ་བཞིན་རྩ་གཅིག་པ་ལ་ཕྱི་ཡི་པགས་པ་གཡོགས་ཞེས་པར་མཚོན་ན། བདུན་ཕྲག་ཉེར་གཅིག་པར་འོ་མ་བསྐོལ་བའི་སྤྲིས་མ་ལྟ་བུས་པགས་པའི་ཕྱི་ངོས་སུ་གཡོགས་པར་བཤད་པ་སྟེ། འདིའི་སྔོན་དུ་པགས་པ་ཆགས་པའི་འགོ་བརྩམས་ཀྱང་དམར་ལ་དྭངས་ཤིང་པགས་པའི་རྣམས་པ་དོད་མེད་ཚུལ་བཅ་བོད་ཕྱི་གཉིས་ཕལ་ཆེར་མཚུངས་པར་གསུངས་ཡོད། བདུན་ཕྲག་རྩ་གསུམ་པར་སྐྲ་དང་བ་སྤུ་སེན་མོ་སྐྱེ་བར་གསུངས་པའང་ཕྱི་ལུགས་དང་འདྲ་སྟེ། 23期周指甲、眉毛、头发、胎毛等出现ཞེས་དང་། དེ་བཞིན་བདུན་ཕྲག་ཉི་ཤུ་རྩ་ལྔ་པ་རླུ་རྒྱུ་བའི་ནུས་པའམ་དབུགས་ཆགས་སོ་ཞེས་ཕྱི་ལུགས་ལྟར་ན་བདུན་ཕྲག་འདི་ལ་གློ་སྦུབས་(肺泡)གྲུབ་ཟིན་པས་དབུགས་འབྱིན་རྔུབ་ཀྱི་ནུས་་རྫོགས་པར་བཤད་པ་དང་དགོངས་པ་གཅིག་ཏུ་འབབ་པ་དང་། དེང་སང་བདུན་ཕྲག་འདིའི་སྔོན་དུ་བཙས་པའི་བྱིས་པ་འཚོ་དཀའ་བས་ངེས་པར་འཆི་ཞིང་འདིའི་ཚུན་དུ་སྐྱེས་པའི་ཕྲུ་གུ་འཚོ་སྲིད་པར་བཤད་པའང་དབུགས་འབྱིན་རྔུབ་ཀྱི་ནུས་པ་རྫོགས་མ་རྫོགས་ཀྱི་གནད་འདིར་ཐུག་པ་ལགས། ཡང་ཟླ་བ་དྲུག་པའི་བདུན་ཕྲག་ཉི་ཤུ་རྩ་དྲུག་པའི་ནང་དུ་མངལ་གནས་ཀྱི་བྱིས་པ་དེའི་སེམས་ཀྱི་དྲན་པ་རབ་ཏུ་གསལ་བར་གྱུར་ཏེ། བདེ་སྡུག་ལེགས་ཉེས་ཀྱི་འདུ་ཤེས་སྣ་ཚོགས་ཀྱང་མངོན་པར་སྐྱེ་བ་ཡིན་པར་བསྟན་པ་ནི། ཉེ་བའི་ལོའི་ནང་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་རྣམས་ཀྱིས་བྱིས་པའི་མངལ་གནས་ཀྱི་སློབ་གསོ་དེ་ཟླ་བ་དྲུག་པའི་ཡས་མས་སུ་འགོ་རྩོམ་དགོས་ཚུལ་གསུངས་པ་དང་མངོན་སུམ་གྱིས་འབྲེལ་ཏེ། མངལ་གནས་ཀྱིས་རང་གི་ཤེས་ཚོར་ལ་བརྟེན་ནས་སློབ་གསོ་མྱོང་དགོས་ན་སེམས་ཀྱི་དྲན་པ་གསལ་མ་གསལ་ལ་རག་ལས་པས་སོ།། ཟླ་བདུན་བདུན་ཕྲག་རྩ་བདུན་ནས་བདུན་ཕྲག་སུམ་ཅུའི་བར་དུ་དེ་སྔོན་ཇི་ལྟར་ཆགས་པ་ཐམས་ཅད་མངོན་པར་གསལ་ཞིང་ཆ་ཤས་ཕྲ་མོ་རྣམས་ཀྱང་གྲུབ་སྟེ་ཡོངས་སུ་རྫོགས་པར་འགྱུར་བ་སྟེ། ཕྱི་ལུས་ལྟར་ན། 7月,眼脸张开,头发明显,皮肤皱纹已大部消失。此期肺泡全已成熟,心脏内部结构形成,神经递质开始工作。ཞེས་པ་དང་རང་བཞིན་གྱིས་དོན་རྩ་གཅིག་ཏུ་མི་གྲུབ་བམ། 

བརྒྱད། མངོན་པར་རྫོགས་པའི་སྐོར།

ཟླ་བ་དགུ་པ་བདུན་ཕྲག་སོ་དྲུག་ནས།། མངོན་པར་མི་དགའ་སྐྱོ་བའི་འདུ་ཤེས་འབྱུང་།། སོ་བདུན་པ་ལ་ལོག་པའི་འདུ་ཤེས་སྐྱེ།། སོ་བརྒྱད་མགོ་མཇུག་ལོག་སྟེ་མངལ་ནས་འབྱིན།། ཞེས་དུས་སྐབས་འདི་ལ་སྐྱོ་བའི་འདུ་ཤེས་ཀྱིས་བཙའ་བ་ལ་མངོན་པར་ཕྱོགས་པའི་དུས་ཀྱང་ཟེར་བ་དང་། ལུས་འཕེལ་བའི་མཇུག་གི་བདུན་ཕྲག་གསུམ་རིང་དུབདུན་ཕྲག་36ནས་38མངལ་གནས་ཀྱི་གདོང་གི་གཉེར་མ་བཤིགས་ཅིང་ལུས་ཀྱི་བ་སྤུ་བྱི་ལ་པགས་པ་དཀར་པོར་འགྱུར་བ་སོགས་མངོན་པར་རྫོགས་པའི་དུས་སླེབས་ཏེ་ཕྲུག་གུ་ཉེད་མའི་མངལ་ནང་དུ་འདུག་མི་འདོད་པར་བཙའ་བ་ལ་མངོན་པར་ཕྱོགས་པ་སྟེ། ཕྱི་ལུགས་གསོ་རིག་གིས་ཆགས་ཚུལ་ཡོངས་ལ་གནས་སྐབས་ཆེན་པོ་བཞི་རུ་ཕྱེས་བཞིན་པའི་ཐ་མ(胎儿发育完成期(第35-38周)ཞེས་པ་དང་མཚུངས་པའི་ཚུལ་ནི། རྗེ་ས་པཎ་གྱིས། བལ་པོའི་སེའུ་མ་ཟོས་ཀྱང་།། ཁ་དོག་ཉིད་ལས་བྲོ་བ་ཤེས།། ཞེས་གསུངས་པ་ལྟར་གོང་གི་མིང་ལ་བལྟས་པ་ཙམ་གྱིས་ཀྱང་འདྲ་མཚུངས་ཡིན་པ་ལ་ཆེར་རྟོགས་ཐུབ་པས་འདིར་རྒྱས་བཤད་ཀྱི་ངལ་མ་བྱས་སོ།། 

དགུ། དུས་སུ་ཙའ་མི་ཐུབ་པའི་འགལ་རྐྱེན།

འོན་ཀྱང་ཁྲག་ཟགགས་པ་ནས་འཕེལ་མི་ནུས།མངལ་རྒྱས་ཟླ་བ་ཚང་ཡང་བཙའ་བ་དཀའ། རླུང་གིས་དཀུ་བཀག་ཟླ་བ་ཚང་ཡང་འགོར།། དེ་ལྟར་ཚིག་རྐང་གསུམ་པོ་དེའི་གོ་དོན་ངོ་མ་ནི་འདི་ལྟ་སྟེ། མངལ་གནས་ཀྱི་བྱིས་པར་ཟས་བཅུད་ཁྲག་གིས་མ་འདང་བས་ཆེར་འཕེལ་མ་ནུས་ཤིང་སྨིན་མ་ཚར་བ་དང་། ཟས་བཅུད་མང་བས་ལུས་ཁམས་ཚོ་ཆེས་ཏེ་རྒྱས་དྲགས་པ། ཐུར་སེལ་རླུང་གིས་བྱེད་ལས་འཁྲུགས་པ་ལོག་པའི་ལས་བྱས་ཏེ་མངལ་སྒོ་བཀག་ཅིང་སྡོམ་པ་བཅས་གསུམ་ནི་བྱིས་པ་དུས་སུ་བཙའ་མི་ཐུབ་པས་འག་རྐྱེན་ཡིན་ཞེས་པ་དང་། ཕྱི་ལུགས་པས་ཕྲུ་གུ་དུས་སུ་བཙའ་བའི་རྒྱུ་རྐྱེན་དུ产力、产道、胎儿ཞེས་གསུམ་འཇོག་པ་དང་། དེ་ལས་སྔ་མ་产力ནི་བུ་སྣོད་འབྱིན་སྣོད་འབྱིན་སྡོམ་གྱི་ཤུགས་ལ་གོ་ཞིང་དེ་ཉིད་རྒྱུན་ལྡན་མ་ཡིན་ཚེ་བོད་ལུགས་ཀྱི་ཐུར་སེལ་རླུང་འཁྲུགས་པ་དང་ངོ་བོའི་སྒོ་ནས་གཅིག་པ་དང་། ཕྱིམ་胎儿ནི་མངལ་གནས་ཕྲུ་གུའི་ཆེ་ཆུང་སྟེ་ལྷག་ཏུ་དེའི་གཟུགས་པོ་རྒྱུན་ལྡན་གྱི་ཚད་ལས་བརྒལ་བ་ལ་ཟེར་བས་བོད་ལུགས་ཀྱིས་བཤད་པའི་མངལ་རྒྱ་པ་དང་གཅིག་པ་གཅིག་རྐྱང་ལགས་སོ།

 དེ་ལྟར་བོད་ཕྱི་གསོ་རིག་གི་མི་ལུས་ཆགས་ཚུལ་རིག་པའི་ཐད་ཀྱི་བསྡུར་དཔྱོད་འདི་ཙམ་ལས་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་བོད་ཀྱི་གསོ་བ་རིག་པ་སྤྱི་དང་བྱེ་བྲག་ཆགས་ཚུལ་རིག་པའི་འཕེལ་རྒྱས་ཀྱི་ཆུ་ཚད་གང་འདྲ་ཞིག་ཏུ་སླེབས་འདུག་པ་རྟོགས་སླ་ཞིང་། དེ་བས་བོད་ཀྱི་གསོ་རིག་ལས་མི་ལུས་ཆགས་ཚུལ་གྱི་གཞུང་ལུགས་ནི་ནོར་བུ་མང་པོའི་དབུས་ཀྱི་འོད་དུ་འཚེར་བའི་མུ་ཏོག་རྡོག་པོ་ཞིག་རེད་ཅེས་བློ་ལྡན་ལ་ལས་བཤད་པ་ཤིན་ཏུ་མད་དོ།། གཞན་དེའི་བརྫོད་དོན་ཁ་ཤས་ཐད་མིག་སྔར་དེང་རབས་ཚན་རིག་གི་ལྟ་བ་དང་མཐུན་པའི་འགྲེལ་བཤད་རྒྱག་མི་ཐུབ་པའང་མཆིས་མོད། འཛམ་གླིང་གི་ཚན་རིག་དཔྱད་ཆོས་སོགས་དེང་ལས་སྔོན་ཐོན་གྱི་ཆར་འཕེལ་རྒྱས་སུ་འགྲོ་བའི་མ་འོངས་པའི་ལོ་རྒྱུས་སྟེང་གཅིག་བྱས་ན་དངོས་ཡོད་རང་བཞིན་གྱིས་བདེན་དཔང་ཡང་མཛད་སྲིད་པ་བཅས་མདོར་ན། བོད་ལུགས་གསོ་རིག་གི་མི་ལུས་ཆགས་ཚུལ་རིག་པའི་གཞུང་ལུགས་ཀྱི་ཆུ་ཚད་དེ་སྤྱིར་བཏང་ཙམ་མ་ཡིན་པར་གནའ་བོའི་དུས་རབས་ནས་ཐོད་བརྒལ་གསར་པ་བྱུང་སྟེ་སྔོན་ཐོན་གྱི་ཡུལ་ཁམས་ཞིག་ཏུ་སླེབས་འདུག་ཅེས་མགྲིན་པ་གཟེས་སུ་བསྟོད་དེ་སྨྲ་བའི་སྤོབས་པ་བདག་ལ་མཆིས་སོ།།

དཔྱད་གཞིའི་ཡིག་ཆ།

 ①གསོ་རིག་རྒྱུད་བཞིགཡུ་ཐོག་ཡོན་ཏན་མགོན་པོས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1982ལོའི་པར་ཐེངས་དང་པོ།

གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་ཁྲོ་རུ་ཚེ་རྣམ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2001ལོའི་པར་ཐེངས་དང་པོ་། 

གྲུབ་པ་ལུསམཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་དེབ། ནང་ཁུལ་འཕྲུལ་པར། 1993ལོའི་པར་ཐེངས་དང་པོ། 

 ④ཆགས་ཚུལ་རིག་པ་རྒྱ་ཡིག རྒྱལ་ཡོངས་མཐོ་རིམ་གསོ་རིག་སློབ་ཆེན་གྱི་སློབ་དེབ། མི་དམངས་འཕྲོད་བསྟེན་དཔེ་སྐྲུན་ཁང་། 1996ལོའི་པར་ཐེངས་གསུམ་པ།

 ⑤མོ་ནད་རིག་པརྒྱ་ཡིགརྒྱལ་ཡོངས་མཐོ་རིམ་གསོ་རིག་སློབ་ཆེན་གྱི་སློབ་དེབ། མི་དམངས་འཕྲོད་བསྟེན་དཔེ་སྐྲུན་ཁང་། 1994ལོའི་པར་ཐེངས་གསུམ་པ།།

 

 

                                                                                                                                                                                    འབྲུག་མོས་ཞུ་དག་བྱས།