ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

འཇིག་རྟེན་དུ་གསོ་དཔྱད་རིག་པའི་བསམ་བློ་ཇི་ལྟར་དབུ་བརྙེས་ཤིང་དར་བའི་སྐོར་རགས་ཙམ་གླེང་བ།

སྤེལ་དུས 2018-02-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
བྱ་མདོ་ཀླུ་བྱམས་རྒྱལ་གྱི་ཆེད་རྩོམ་ཕྱོགས་བསྒྲིགས།
          མིའི་འདུ་ཤེས་ཀྱི་བསམ་གཞིག་བརྒྱུད་ནས་བྱུང་བའི་ཕྱི་དོན་ཚུར་སྣང་(客观反映)གི་འབྲས་བུ་སྟེ། ཡུལ་ལ་དམིགས་པ་ལས་ཐོན་པའི་སེམས་བྱུང་ཞིག་ལ་སྐབས་འདིར་བསམ་བློ་ཞེས་བརྗོད།  གནའ་བོའི་གདོད་མའི་སྨན་བཅོས་ཏེ་མེ་ཆུར་སྤྱོད་པ་ལུས་ཁམས་བསྲུང་ཞིང་ན་ཚ་འཇོམས་པ་དང་ལྷ་གསོལ་གཏོ་དཔྱད་ཀྱི་ཆོ་ག་བསྟར་བ་ལྟ་བུ་ནས་ཕྱིས་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་རྨང་རྡོ་སྟེ་བོད་ཀྱི་འབྱུང་ལྔ་རིག་པ་དང་།  རྒྱ་ནག་གི་གདགས་སྲིབས་ཀྱི་བཤད་པ།  ཧེ་ཕོ་ཁེ་རད་ཚིའི་(Hippocrates)ཕུང་བཤེར་བཞིའི་རྣམ་བཤད་ལྟ་བུ་སོགས་ཀུན་ཀྱང་གསོ་དཔྱད་ཀྱི་བསམ་བློར་འདུ་བ་མ་ཟད།  དེང་གི་ཕྲ་ཕུང་ནད་ལུགས་རིག་པའི་ལྟ་ཚུལ་དང་ཆ་རྡུལ་སྐྱེས་དངོས་རིག་པའི་དགོངས་པ་བཅས་མཐའ་དག་ཀྱང་གསོ་དཔྱད་ཀྱི་བསམ་བློའི་ལྟ་བའི་ཁོངས་སུ་བསྡུས་ཆོག དེས་ན་གསོ་དཔྱད་ཀྱི་བསམ་བློ་ཞེས་པའི་སྒྲའི་ཡངས་དོན་ནི།  དུས་ཀྱི་སྔ་ཕྱིའི་ཁྱད་པར་དང་རིགས་པའི་འཐུས་སྒོ་ཚང་མིན་ལ་མ་བལྟོས་པར་མི་རྣམས་ཀྱི་རིག་པའི་འཆར་སྒོའམ་བསམ་གཞིག་གི་ནུས་པར་བརྟེན་ནས་ནད་རིགས་དང་འཐབ་རྩོད་བྱེད་པ་སྟེ་རང་འགུལ་ལམ་དམིགསས་པ་ལྡན་པའི་སྒོ་ནས་གསོ་བཅོས་ཀྱི་ཐབས་ལ་བརྩོན་པ་ལས་བྱུང་བའི་བསམ་བློའི་འདུ་ཤེས་ཤིག་ལ་གོའོ། །  འདིར་ཕྲན་ཡང་གསོ་དཔྱད་བསམ་བློའི་སྒྲའི་ཡངས་འཇུག་གི་རྗེས་སུ་འབྲངས་ཏེ་འཇིག་རྟེན་དུ་སྨན་དཔྱད་རིག་པའི་བསམ་བློ་ཐོག་མར་ཇི་ལྟར་དབུ་བརྙེས་ཤིང་བྱུང་བའི་རིམ་པ་ཅུང་ཟད་སྤྲོ་བར་འདོད་པ་ལ།
དང་པོ།  འདུ་ཤེས་ཀྱི་སྐོར།
          འདས་ཟིན་པའི་མི་ལོ་སྟོང་ཕྲག་དུ་མའི་རིང་།  མིའི་རིགས་ཀྱི་མེས་པོ་གོང་མ་རྣམས་ཀྱིས་གསོ་རིག་གི་ཐོག་མའི་བྱུང་ཚུལ་གྱི་གནད་དོན་ལ་དོ་སྣང་འདྲ་མིན་མཛད་ཡོད་ལ་བཤད་རྒྱུན་ཡང་སྣ་ཚོགས་ཤིག་སྤེལ་ཡོད་དེ།  རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་ལས།   གང་ཕྱིར་ཚངས་པ་ཡི་ནི་ཞལ། །   དབུས་མ་ནས་ནི་ཚེའི་རིག་བྱེད།  སྙན་ཚིག་ངེས་བརྗོད་མཆོད་སྦྱིན་རྣམས། །  ཞལ་གཞན་ནས་ནི་གསུང་བ་མཛད། །  ཅེས་དང་།   ཨེ་ཅིབ་ལོ་རྒྱུས་སུ།  ལྷ་ཐྭོ་སྟི་ཞེས་འབོད་པ་དེས་གསུངས་པའི་ཨེབ་འར་མའི་སྟི་བྱ་བའི་གཞུང་ལ་བམ་པོ་སུམ་བརྒྱ་དང་ཉི་ཤུའི་བདག་ཉིད་ཅན་ཡོད་པ་ལས་བམ་པོ་དྲུག་ནི་སྨན་དཔྱད་ཀྱི་བརྩམས་ཆོས་ཡིན་པར་བཤད་པ།   གནའ་བོའི་ཞི་ལཱའི་ལྷ་སྒྲུང་དུ།   གནམ་གྱི་ལྷ་ཨཱ་སི་ཁྭི་ལ་ཕེམ་ཞེས་གྲགས་པས་མི་རྣམས་ལ་ནད་གསོ་སྨན་བཅོས་ཇི་ལྟར་བྱས་པའི་བཤད་རྒྱུན་དང་ལོ་རྒྱུས་མང་མཆིས་པ།   རང་རྒྱལ་གྱི་ཀྲུང་ལུགས་གསོ་བ་རིག་པའི་སྔ་རབས་ཡིག་ཆ་རྣམས་སུའང་ཧོང་ཏི་དང་ཞིང་ལྷ་ཞེས་འབོད་པའི་ལྷ་དག་གིས་གསོ་དཔྱད་བསྟན་བཅོས་འབོར་ཆེན་གསུངས་པར་བཤད་ཡོད་པ་རེད།   རང་རེའི་བོད་ཀྱི་ལུགས་ལྟར་ནའང་གོང་སྨོས་བཤད་རྒྱུན་དག་དང་ཆ་འདྲ་བའི་གཏམ་རྒྱུད་ཡིག་ཆར་བཀོད་པ་དུ་མ་མཆིས་པ་དང་།   བོན་གཞུང་ལེགས་བཤད་མཛོད་ལས།  བདུད་རྒྱལ་རམ་པ་དུག་འགྱེད་ཀྱིས་སེམས་ཅན་རྣམས་ལ་ནད་ཀྱི་བསྐལ་བ་དར་བར་བྱེད་པ་ལ།    ཞེས་སོགས་མིའི་ལུས་ཁམས་ལ་བྱུང་བའི་ནད་རིགས་དེ་རང་བྱུང་གི་སྟོབས་ལས་བརྒལ་བའི་ལྷ་འདྲེ་གང་ཞིག་གིས་བསམ་བཞིན་བསྐྱེད་པ་དང་།  ནད་གང་གསོ་བའི་ཐབས་ཤེས་དང་གཉེན་པོ་སོགས་སྨན་བཅོས་ཀྱི་གདམས་པ་རྣམས་ཀྱང་ལྷའི་བཀའ་ལུང་ལྟ་བུ་ཞིག་ཏུ་ངོས་འཛིན་གནང་ཡོད་པ་ནི།  རང་བྱུང་ཚན་རིག་ཤེས་བྱ་དར་ཐུབ་མེད་པའི་ཁོར་ཡུག་དང་དུས་རབས་ནང་མིའི་རིགས་ཐུན་མོང་ལ་སྣང་བའི་རྒྱུན་ལྡན་གྱི་འདུ་ཤེས་འཛིན་སྟངས་ཤིག་གམ་ཡོངས་ཁྱབ་ཏུ་གྱུར་པའི་ལྟ་ཚུལ་དང་འགལ་བའི་སྒྲོག་སྟངས་ཤིག་ཡིན་པ་དེང་གི་ལོ་རྒྱུས་གླིང་དུ་མང་མང་གིས་ཤེས་ཟིན་པའི་གནད་དོན་ཞིག་ཀྱང་རེད།  གཞན་ཡང་།  དེང་གི་གསོ་རིག་ལོ་རྒྱུས་གླིང་དུ་རླུང་ལྟར་གྲགས་པའི་བཤད་ཚུལ་ཞིག་སྟེ་ཨིན་ཀི་སིའི་ངལ་རྩོལ་གྱིས་མིའི་རིགས་གསར་བསྐྲུན་བྱས་པ་ཡིན་པའི་གཞུང་ལུགས་ལྟར།  ངལ་རྩོལ་གྱིས་སྨན་བཅོས་ཤེས་བྱ་གསར་བསྐྲུན་མཛད་ཅེས་དང་།  གང་ཞིག་མིའི་རིགས་བྱུང་བ་ནས་བརྩམས་ཏེ་སྨན་བཅོས་བྱེད་སྒོའང་དར་ཞེས་པ་སོགས་ཀྱང་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བའི་སྒོ་ནས་རགས་ས་ཞིག་ནས་བཤད་ན་མི་འགྲིག་པ་ཆེར་མེད་ཅིང་ཞིབ་པར་གཞིགས་ཚེ་རྩིང་པོའི་སྐྱོན་དུ་མ་ཤུགས་ཀྱིས་འབབ་བོ། །
          ཅིའི་ཕྱིར་ན།   མིའི་རིགས་སྲོགས་ཆགས་གཞན་དང་མི་འདྲ་བའི་ཁྱད་པར་ཆེས་ཆེ་བ་དེ་ནི་བསམ་གཞིག་ཅེས་པ་དེ་ཡིན་ཞིང་།   དེ་ལྟ་བུའི་བསམ་གཞིག་དེ་ནི་རང་བྱུང་ཁམས་དང་འབྲེལ་འདྲིས་ཧ་ཅང་ཡུན་རིང་བྱས་པའི་དུས་རིམ་ཁྲོད་ཀླད་པའི་པགས་རྒྱུ་(人脑皮质)འཕེལ་འགྱུར་བྱུང་བའི་ཆེས་མཐོ་བའི་འབྲས་བུ་ཞིག་ཡིན་པས།  མིའི་རིགས་ལ་བསམ་གཞིག་གི་ནུས་པ་ངེས་ཅན་ཞིག་བྱུང་ཟིན་པའི་དུས་རིམ་ནང་མ་གཏོགས་རང་དང་གཞན་གྱི་ལུས་ཕུང་ལ་ནད་བྱུང་ཡོད་མེད་ཀྱི་ཁྱད་འབྱེད་དཀའ་ཞིང་ནད་དེ་སེལ་འདོད་ཀྱི་ཐབས་ལ་བརྩོན་པའི་བློ་དང་རིག་པའང་སྐྱེས་མི་སྲིད།  དེ་བས།  མིའི་བསམ་གཞིག་གི་ནུས་པར་བརྟེན་ནས་ནད་ཡོད་མེད་ཀྱི་ཁྱད་པར་ཤེས་ཤིང་རང་འགུལ་སྒོས་རང་གཞན་གྱི་ཉམས་མྱོང་ལས་སྨན་བཅོས་བྱ་བའི་ཐབས་ལ་ཞུགས་པའི་འདུ་ཤེས་ཡོད་ན་ནི་ད་གཟོད་སྨན་བཅོས་བྱེད་སྒོ་ཞེས་པའི་དོན་སྙིང་ལྡན་ཞིང་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་བྱའི་རང་བཞིན་རྣལ་མའི་ཆ་བདོག་པ་ལགས།
          སྤྱིར་གནའ་རྫས་རྟོག་ཞིབ་མཁས་པས་སྲོགས་ཆགས་ཀྱི་འགྱུར་རྡོ་ལ་བརྟག་དཔྱད་བྱས་པའི་འབྲས་བུ་ལས།   ས་གཞིའི་རིལ་མོའི་སྟེང་དུ་མིའི་འགྲོ་བ་མ་ཆགས་པའི་གོང་ནས་རྩི་ཤིང་དང་སྲོགས་ཆགས་རིགས་ཀྱི་ནད་བྱུང་ཡོད་པ་དང་།  གང་ཞིག་མིའི་རིགས་བྱུང་བ་དང་བསྟུན་ནས་མིའི་ལུས་སེམས་ལ་བར་དུ་གཅོད་པའི་ན་ཚའང་དུས་མཉམ་དུ་བྱུང་ཟིན་པ་བཅས་དངོས་སུ་བདེན་དབང་མཛད་ཡོད་སྟབས།   དུས་ཕྱིས་ཀྱི་གསོ་རིག་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ན་ཚ་དང་སའི་གོ་ལ་གཉིས་དུས་མཉམ་དུ་བྱུང་ཞིང་མིའི་རིགས་དང་ནད་རིགས་གཉིས་ན་མཉམ་ཡིན་ཞེས་གསུངས་པའི་རྒྱུ་མཚན་ཡང་དེར་ཐུག་པ་རེད།   འོན་ཀྱང་དེ་ནི་གསོ་དཔྱད་ཀྱི་བསམ་བློ་གསར་དུ་འབུས་པར་འགྱུར་བའི་གདོད་མའི་རྨང་གཞི་ལྟ་བུ་ཡིན་པ་ལས།  འགྲོ་བ་མིའི་རིགས་ཀྱི་སྨན་དཔྱད་ཤེས་བྱ་ཐོག་མར་བྱུང་བའི་མཚོན་རྟགས་ཤིག་ག་ལ་ཡིན་ཏེ་ཡིན་མི་སྲིད་དོ། །
          དེ་ཡང་གནའ་རྫས་རྟོག་ཞིབ་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་ལྟར་ན།  གང་ཞིག་དྲང་པོར་ལངས་ནས་འགྲོ་ཐུབ་ཅིང་ཡོ་བྱད་བཟོ་ཤེས་པ་ནི་མིའི་རིགས་ཀྱི་མཚོན་རྟགས་ཡིན་པ་དང་།   མི་ལ་སྤྲ་མི་(猿人)དང་།   གནའ་མི།   (古人)སར་མི་(新人)ཞེས་དུས་རིམ་གསུམ་དུ་དབྱེ་རིམ་གསུམ་དུ་དབྱེ་བཞིན་ཡོད་ཅིང་མིའི་རིགས་འཕེལ་འགྱུར་བྱུང་བའི་གོ་རིམ་ཡོངས་ལ་མི་ལོ་ས་ཡ་གསུམ་གྱི་ལོ་རྒྱུས་ལྡན།    དེ་ལྟ་བུའི་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད་དུ།   མི་རྣམས་ཀྱིས་འཚོ་གནས་དང་སྐྱེ་འཕེལ་གྱི་སླད་དུ་རྒྱུན་ཆད་མེད་པར་རང་བྱུང་ཁམས་དང་འཐབ་རྩོད་བྱས་པ་བརྒྱུད་ནས་རིམ་གྱིས་སྐད་བརྡ་དང་།   དྲན་ཤེས།   སྤྱི་མཚན་གྱི་བསམ་གཞིག་བཅས་བྱུང་ཞིང་རང་གི་ལྷན་ནུས་ལ་བརྟེན་ནས་སྨན་བཅོས་བྱེད་པའི་མྱོང་ཤེས་ཐོན་པ་དང་།  ཤིང་ཏོག་དང་མ་རྨོས་པའི་ལོ་ཏོག་སོགས་ཟས་རིགས་འཚོལ་ཞིང་རི་དྭགས་རྔོན་པའི་གོ་རིམ་ནང་དུ་རྩི་ཤིང་དང་སྲོགས་ཆགས་ལས་བྱུང་པའི་རྨན་རྫས་ཕྲན་བུའང་ཤེས་ཚོར་བྱུང་ལ།   མིའི་རིགས་ཀྱི་ཀླད་པའི་བོངས་ཚད་དང་གྲུབ་ཚུལ་གཉིས་ལ་མུ་མཐུད་འཕེལ་འགྱུར་བྱུང་ཏེ་རྡོ་ཆས་རྙིང་པའི་དུས་མཇུག་(མི་ལོ་ལྔ་ཁྲི་ཡས་མས་ཀྱི་སྔོན)ཏུ་སླེབས་སྐབས་མིའི་འགྲོ་བ་དེ་གནའ་མི་ལས་སར་མི་རུ་གྱུར་པ་དང་།  དུས་སྐབས་དེར་མིའི་བསམ་གཞིག་ནུས་པ་གོང་དུ་འཕེལ་ནས་ལུས་པོར་ནད་བྱུང་ཡོད་མེད་ཀྱི་ཁྱད་པར་འབྱེད་ཤེས་པ་མ་ཟད།  དམིགས་ཡུལ་དང་ཐབས་ཤེས་ངེས་ཅན་ལྡན་པའི་སྒོ་ནས་ན་ཚ་སེལ་བར་བློ་ཁ་ཕྱོགས་ཏེ་རིག་པའི་འཆར་སྒོ་ཇེ་ཆེར་གྱུར་པ་ལས་ནད་སེལ་གྱི་གཉེན་པོ་སྨན་དང་ལས་སླ་པོའི་སྨན་བཅོས་བྱེད་སྟངས་བྱུང་ཞིང་།   རིམ་གྱིས་ལག་ལེན་ཉམས་མྱོང་མང་དུ་བསགས་པ་ལས་ནད་སྨན་གཉིས་དབར་གྱི་རགས་པའི་ཆོས་ཉིད་ཕྲ་མོ་ཤེས་རྟོགས་བྱུང་བ་སྟེ།  མིའི་རིགས་ཀྱི་གསོ་དཔྱད་རིག་པའི་བསམ་བློའི་མྱུ་གུ་གསར་བ་འཇིག་རྟེན་དུ་འབུས་འགོ་བརྩམས་པ་དང་།   མིང་དོན་མཚུངས་པའི་སྨན་བཅོས་བྱེད་སྒོ་(正真意义上的医事活动)ཞེས་པའི་དྲི་ཟའི་རོལ་མོ་དང་པོའང་འདི་ནས་སྦྲེངས་པ་ཡིན་ནོ། །
གདོད་མའི་མི་རྣམས་ཀྱིས་ལག་ཏུ་རུས་འབིགས་དང་རྡོ་གྲི་བཅང་ནས་སིལ་ཏོག་དང་རྩི་ཤིང་སོགས་རང་བྱུང་གི་ཟས་རིགས་འཚོལ་ཞིང་གོས་སུ་ཤིང་ལོ་གྱོན་ནས་རི་དྭགས་རྔོན་པ་བཅས་འཚོ་བའི་ཆུ་ཚད་ཧ་ཅང་དམའ་བ་དང་ཐོན་སྐྱེད་ངལ་རྩོལ་རྗེས་ལུས་ཡིན་པའི་ཁོར་ཡུག་ཁྲོད་དུ་རྐང་ལག་ལ་ཚེར་མ་ཟུག་པ་དང་།  ཤ་པགས་སུ་རྨ་ཁ་བཟོས་པ།  རྩ་རྒྱུས་ཆད་ཅིང་རུས་ཆག་འབྱུང་བ་སོགས་ཕྱིའི་མཚོན་རྨའི་རིགས་མཐོང་མང་ལ།   དེ་ཉིད་ཕོ་མཆིན་གློ་རྙིང་སོགས་ཁོང་ནད་རིགས་ཀྱི་རྒྱུ་རྐྱེན་མངོན་ཚུལ་དང་བསྡུར་བས་ཤེས་ཚོར་བྱེད་སླ་ཕྱིར།  སྟབས་བདེ་བའི་ཡོ་ཆས་ལ་བརྟེན་ནས་ཚེར་མ་ཟུག་པ་འདོན་པ་དང་།  རྣག་སྐྲངས་འབྱིན་པ།   རྨ་ཁར་མཆིལ་མ་བསྐུ་ཞིང་རྩི་ཤིང་རིགས་ཀྱི་ལོ་འབྲས་གླན་པ།  ཡང་ན་གཟེར་སར་ཆུས་བྲན་ཞིང་མེར་བསྲོ་བ་སོགས་སྨན་དཔྱད་ཤེས་བྱའི་ཐོག་མ་རུ་ཕྱིའི་བཅོས་ཐབས་བྱུང་བ་ཡིན་ཚུལ་གནའ་དེང་ཕྱི་ནང་གི་ཡིག་ཆ་རྣམས་ལས་ཞལ་གསལ་བར་མཛད་འདུག་ལ་སོགས་གསོ་རིག་བྱུང་འཕེལ་གྱི་ཆོས་ཉིད་དང་ཡང་མཚུངས་པར་སྣང་།   རང་རེའི་གསོ་རིག་ལོ་རྒྱུས་ཡིག་ཆ་སྟེ་སྲིད་རིན་པོ་ཆེས་མཛད་པའི་གསོ་རིག་ཁོག་འབུགས་ལས་ཀྱང་།  ཟས་ཕན་གནོད་ཤེས་པ་ཙམ་དང་།  རྨ་གསར་པ་ལ་མར་ཁུ་བཏང་ནས་རྩ་ཁ་སྡོམ་པ།  སྦང་མའི་འཇིབ་བྱེད་པ་སོགས་ཀློ་དང་བོད་དུ་མི་ཆགས་པ་ནས་བཟུང་ཡོད་ཅེས་གསུངས་པ་ལྟར་རོ། །   དེ་དག་ལས་ང་ཚོས་ཕྱིའི་བཅོས་ཐབས་ཀྱི་ལག་ལེན་དེ་ཁོང་ནད་གསོ་ཐབས་ཀྱི་ཤེས་བྱ་ལས་སྔ་བ་དང་།  འགྲོ་བ་མིའི་གསོ་དཔྱད་རིག་པའི་བསམ་བློའི་མྱུ་གུའི་ཐོག་མ་རུ་ཕྱི་བཅོས་ལག་ལེན་གྱི་གོམ་སྟབས་སྤོ་བསྒྱུར་བྱས་པ་ཡིན་ཚུལ་ངང་གིས་ཤེས།  ཕྱིས་སུ་མི་རྣམས་ཀྱི་ཤེས་པའི་ཆུ་ཚད་དང་ཐོན་སྐྱེད་སྟོབས་ཤུགས་སོགས་ཟམ་མ་ཆད་པར་གོང་འཕེལ་སོང་བར་བརྟེན་ནས་སྐབས་ཤིག་ན་རང་བྱུང་མཚན་ཉིད་རིག་པ་བྱུང་བ་དང་།  ཡི་གེ་འབྲི་བའི་སྲོལ་མ་དར་གོང་གི་ངག་ཐོག་ནས་བརྒྱུད་པའི་སྤྱིར་བཏང་བབ་ཆགས་ཀྱི་ཤེས་བྱ་རྣམས་མཚན་ཉིད་རིག་པའི་ལམ་ནས་ཚད་མཐོན་པོའི་ངང་གནད་བསྡུས་བྱས་ཏེ་གསོ་རིག་གི་གཞུང་ལུགས་སུ་གྲུབ་པ་རེད།
          ལོ་རྒྱུས་རིག་པའི་ངོས་ནས་ཞུ་ན།  མི་ལོ་ལྔ་ཁྲི་ཡས་མས་ཀྱི་རྡོ་ཆས་རྙིང་པའི་དུས་མཇུག་ཏུ་སྨན་བཅོས་ཀྱི་འདུ་ཤེས་དངོས་སུ་བྱུང་འགོ་བརྩམས་པ་ནས་དུས་ད་ལྟ་ལ་ཐུག་གི་བར་དུ་འཛམ་གླིང་དུ་གསོ་དཔྱད་བསྟན་པའི་འདུ་ཤེས་གང་མང་ཞིག་དར་རྒུད་བྱུང་ཡོད་པ་དང་།  དེའང་ཁྱབ་ཆེ་བའི་དཔེ་མཚོན་ཙམ་ཏེ་བོད་དང་རྒྱ་གར་ནག་སོགས་ཤར་གླིང་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་གི་གཞི་རྩའི་ལྟ་བ་སྟེ་སྤྱི་ཡོངས་སྨྲ་བའི་(整体论)lལྟ་ཚུལ་ལ་མཚོན་ན།    ཕྱི་རོལ་གྱི་སྣང་ཚུལ་འབྱུང་བ་ས་ཆུ་མེ་རླུང་ངམ་ཤིང་མེ་ས་ལྕགས་ཆུའི་ཁམས་བཅས་རང་བྱུང་གི་སྣང་ཚུལ་ཐད་ལ་མཐའ་གཅིག་ཏུ་བློ་ཁ་ཕྱོགས་ནས་ཕྱི་ནང་གི་བརྟན་གཡོ་དངོས་པོར་ཤེས་རྟོགས་དང་ལུས་ནད་དབར་གྱི་གནས་ལུགས་བཀྲོལ་ཅི་ཐུབ་བྱེད་པ་ལྟ་བུ་དང་།  ནུབ་གླིང་གི་ཕུང་གཤེར་ནད་ལུགས་རིག་པའི་(体液病理学)དགོངས་པར་མཚོན་ན།  གདོད་མའི་མི་རྣམས་ཀྱིས་ལུས་ཁམས་ཀྱི་བཤང་གཅི་རྔུལ་དང་དབང་པོ་ལས་བབས་པའི་ཟགས་ཐོན་དངོས་པོའི་སྐོར་ལ་དོ་སྣང་ངམ་ལྟ་ཞིབ་མང་དུ་བྱས་པ་བརྒྱུད་གཞི་ནས་ཕུང་གཤེར་ནད་ལུགས་རིག་པའི་རྣམ་བཤད་བྱུང་ཞིང་།  དེས་ཉེ་རབས་ཀྱི་ཕྲ་ཕུང་ནད་ལུགས་རིག་པ་དང་ནང་གི་ཟགས་ཐོན་གཤེར་རྨེན་གྱི་རྣམ་བཤད་སོགས་ལའང་སྐུལ་འདེད་དམ་རིག་པའི་འཆར་སྒོ་ཕྱེས་པའི་ནུས་པ་དངོས་བརྒྱུད་གང་རུང་ལས་ཐོན་ཡོད་པར་གྲགས་པ་མ་ཟད།  སྤྱིར་གསོ་དཔྱད་ཀྱི་བསམ་བློས་དེང་གི་ཐུན་མོང་འཕྲོད་བསྟེན་གྱི་འདུ་ཤེས་དང་ཐ་ན་སྤྱི་ཚོགས་ཁྲིམས་འཛུགས་སོགས་ཀྱི་ཐད་ལའང་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་བཞིན་ཡོད་སྐད།   གཅིག་བྱས་ནས་ལོ་རྒྱུས་ཀྱི་ཀྱག་ལམ་རིང་མོ་ལས་བྱུང་བའི་གསོ་བ་རིག་པའི་བསམ་བློ་དེ་རྣམས་དགག་བཞག་དང་དཔྱད་རྩོད་དགོས་པའི་གཞི་འབའ་ཞིག་ཡིན་ཡང་སྲིད་མོད།  འགྲོ་བ་མིའི་གསོ་རིག་བྱུང་འཕེལ་གྱི་ལོ་རྒྱུས་ཁྲོད་ཤིན་ཏུ་གལ་འགངས་ཆེ་ཞིང་སྒྲུན་དུ་མེད་པའི་བྱེད་ནུས་ཐོན་ཡོད་པ་ལ་སུ་ཞིག་གིས་ཀྱང་བསྙོན་མི་ནུས་སོ། །
གཉིས་པ།  རང་བཞིན་གྱི་སྐོར།
          གསོ་བ་རིག་པའི་བསམ་བློ་བྱུང་འཕེལ་ཁྲོད་ཀྱི་དོན་དངོས་ཀྱི་ངོ་བོ་རང་ཇི་བཞིན་དུ་བརྗོད་པ་ལ་རང་བཞིན་གྱི་ལོ་རྒྱུས་ཞེས་བསྙད་ཆོག་པ་དང་།  ཚིག་དེ་ལྡོག་ནས་བཤད་ཚེ།   གང་ཞིག་གསོ་རིག་བསྟན་པ་གོང་འཕེལ་དུ་འགྲོ་བའི་སྒུལ་ཤུགས་ཆེན་པོ་སྟེ་གསོ་དཔྱད་ཀྱི་བསམ་བློ་དག་ཀྱང་རང་བཞིན་ལོ་རྒྱུས་ལས་བྱུང་བ་ཡིན་པ་སྨོས་མ་དགོས།  ནད་རིགས་ཤིག་གི་ངོས་ནས་ཞུ་ན་རྟེན་གྱི་དབྱེ་བ་དང་།  ན་ཚོད་ཀྱི་ཆེ་ཆུང་།   ཁོར་ཡུག་གི་འགྱུར་ལྡོག   དུས་ཀྱི་ཁྱད་པར་སོགས་ལས་ནད་གང་གི་རྒྱུ་རྐྱེན་མཚན་ཉིད་བཅས་མི་འདྲ་བ་འབྱུང་སྲིད་ལ་དེ་ནི་དོན་དུ་ན་ཚ་གང་གི་རང་བཞིན་གྱི་ཆ་ཞིག་རེད།   ལར་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་གསོ་རིག་གི་ཐོག་མའི་བྱུང་ཚུལ་སྤྲོ་སྐབས་ནད་རིགས་དང་འཐབ་རྩོད་བྱས་པའི་ཉམས་མྱོང་བསགས་པ་ལས་བྱུང་བ་ཡིན་ཞེས་བམ་བཤད་ཙམ་གནང་པ་ལས་མིའི་རིགས་ཀྱི་སྨན་བཅོས་ཤེས་བྱའི་ཐོག་མའི་འབྱུང་ཁུངས་གང་ཡིན་སྐོར་ལ་འཛམ་གླིང་གསོ་རིག་གླིང་དུ་ཐུན་མོང་གིས་ཁས་ལེན་པའམ་ཚད་གཞིར་འཛིན་རུང་བའི་བཤད་ཚུལ་ཞིག་ད་ལྟའི་བར་མ་བྱུང་བར་སྣང་ལ།  ལོ་རྒྱུས་གླིང་དུ་ཞིབ་དཔྱོད་གནང་མུར་ལུས་པའི་གནད་དོན་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཀྱང་རེད། 
          གསོང་པོར་བརྗོད་ན།  མིའི་རིགས་ཀྱི་ཆེས་སྔ་བའི་སྨན་བཅོས་ཆོ་ག་ནི་གདོད་མའི་མིའི་རང་སྐྱོབ་བྱེད་པའི་ལྷན་སྐྱེས་ཀྱི་ནུས་པ་དག་ཡིན་དགོས་ལ།   དུས་ཡུན་རིང་པོའི་ངལ་རྩོལ་ཁྲོད་མིའི་ཀླད་པར་འཕེལ་འགྱུར་ངེས་ཅན་བྱུང་རྗེས་ད་གཟོད་ལྷན་ནུས་ལ་བརྟེན་པའི་ཐབས་ལམ་རྣམས་ཤེས་བྱའི་རང་བཞིན་དུ་གྱུར་ཏེ་རིམ་གྱིས་སྨན་དཔྱད་ཀྱི་ཉམས་མྱོང་དུ་གྲུབ་པ་དང་།  དེའང་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་འཁོར་འགྲོས་དང་བསྟུན་ནས་རང་བྱུང་ཁམས་དང་འབྲེལ་འདྲིས་ཡུན་རིང་བྱསས་པ་ལས་རིམ་གྱིས་མེ་ཆུ་དང་།   ཁང་ཁྱིམ།   གྱོན་གོས་སོགས་ལ་སྤྱོད་པའི་སྲོལ་བྱུང་བ་བཅས་གདོད་མའི་འཕྲོད་བསྟེན་བདེ་སྲུང་གི་ཤེས་བྱ་གོང་འཕེལ་དུ་ཕྱིན་ནས་ཉམས་མྱོང་གསོ་རིག་གི་དུས་རབས་ཤིག་ལ་སླེབས།  དེ་ཡང་མེ་ལ་སྤྱོད་པའི་སྲོལ་བྱུང་བར་མཚོན་ན།  མིའི་རིགས་ཀྱི་སྨན་དཔྱད་བྱུང་འཕེལ་གྱི་ལོ་རྒྱུས་ཁྲོད་དུ་གལ་འགངས་ཆེ་བའི་གོམ་པ་གཅིག་སྤོས་པ་ཡིན་ལ།  སླད་མར་མ་ཞུ་ཁོང་ནད་གསོ་ཞིང་ལུས་ཁམས་བདེ་སྲུང་བྱེད་པ་སོགས་ལ་ཆུ་བསྐོལ་བསྟེན་པའི་སྲོལ་ཕྱེས་པའང་ཡིན་པ་ནི།   ཇི་སྐད་དུ།  བདག་གི་སློབ་དཔོན་རིན་པོ་ཆེ་བྱམས་པ་འཕྲིན་ལས་མཆོག་གིས།   འཇིག་རྟེན་འདིར་མི་ཆགས་ནས་གདོད་མའི་སྤྱི་ཚོགས་བར་བཟའ་བཏུང་ལོངས་སུ་སྤྱོད་རྒྱུར་རགས་པའི་ཁོ་ཟས་ཁོ་ན་ཡིན་པ་དེའི་དབང་གིས་མི་ཚོར་མ་ཞུ་བའི་ནད་ཕོག་རྒྱུ་ནི་ཤིན་ཏུ་མང་བ་དང་།  རྗེས་སུ་མི་རྣམས་ཀྱིས་མེ་བཀོལ་སྤྱོད་ཀྱི་ཐབས་ཤེས་རྙེད་ནས་བཟའ་བཏུང་རྗེན་པ་དང་།   གྲང་མོ་འཇུ་དཀའ་བའི་རིགས་རྣམས་མེ་ལ་བསྲེགས་པ།   ཡང་ན་བཙོས་པ།   ཡང་ན་དྲོད་བཏགས་པ་སོགས་ཀྱི་ཐབས་ཤེས་བརྒྱུད་མ་ཞུ་བའི་ནད་རིགས་ཡོང་རྒྱུར་སྔོན་འགོག་ཐུབ་པ་མ་ཟད།  ཆུ་བསྐོལ་བའི་ལག་ལེན་ཤེས་རྗེས་ལུས་པོར་དྲོད་སྐྱེས་པ་དང་།   ཁ་ཟས་འཇུ་བ་དང་།   དེ་མིན་ནད་རིགས་གཞན་དག་ལའང་ཕན་པ་ཡོད་པ་ཤེས་ཚོར་བྱུང་བར་བརྟེན་སྨན་གྱི་ཐོག་མ་ཆུ་སྐོལ་ཡིན་པའི་ཤོད་ཚུལ་ཡང་དོན་དམ་པར་ངལ་རྩོལ་མི་དམངས་ཀྱིས་ནད་རིགས་དང་འཐབ་རྩོད་བྱས་པའི་སྐོར་ཡིན་པ་ལོ་རྒྱུས་ཀྱི་དོན་དངོས་ནས་གསལ་བཤད་བྱས་པས་མཚོན།
(བྱམས་པ་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།  1996ལོའི་ཟླ་10པའི་པར་གཞི་དང་པོ།  P70)ཞེས་གསུངས་པའང་དོན་དེར་འབབ་པོ། །
          ཆེས་གདོད་མའི་དུས་སུ།  མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཧ་ཅང་དམའ་བ་དང་ཐོན་སྐྱེད་ངལ་རྩོལ་ཤིན་ཏུ་རྗེས་ལུས་ཡིན་པས།  ཉི་ཟླ་དང་རླུང་ཆར་སོགས་རང་གི་མཐའ་འཁོར་གྱི་རང་བྱུང་སྣང་ཚུལ་དག་གིས་རང་གི་ཚེ་སྲོག་དང་འཚོ་བའི་རིན་ཐང་ག་འདྲ་ཐེབས་ཀྱི་ཡོད་པ་གསལ་པོ་མི་ཤེས་ལ།  རང་བྱུང་ཁམས་ཀྱི་སྣང་ཚུལ་དང་སྟོབས་ཤུགས་དག་ལ་སྐྱབས་བཅོལ་ནས་རང་ལ་རོགས་རམ་བྱེད་དགོས་པའི་སྨོན་འདུན་དང་བསམ་ཚུལ་ཡང་འཆར་མི་སྲིད་པས་ལྷ་གསོལ་གཏོ་དཔྱད་སོགས་གདོད་མའི་ཆོས་ལུགས་ཀྱི་བྱེད་སྒོའང་འབྱུང་མི་སྲིད།  འགྲོ་བ་མིའི་སྤྱི་ཚོགས་སྒྲིག་གཞི་དེ་གདོད་མའི་སྤྱི་ཚོགས་ནས་རུས་རྒྱུད་ཚོ་བར་འགྱུར་པའི་དུས་སྐབས་ཏེ།  མི་ལོ་ཁྲི་ཚོ་གཅིག་གཉིས་སྔོན་གྱི་རྡོ་ཆས་གསར་པའི་དུས་འགོར་སླེབས་ལ་ཉེ་དུས།  མིའི་རིགས་ཀྱི་ཐོན་སྐྱེད་ཆུ་ཚད་དང་བསམ་གཞིག་གི་ནུས་པར་མཐོར་འདེགས་ངེས་ཅན་འབྱུང་ཏེ་སྣོད་བཅུད་གཉིས་དབར་རམ་ཡང་ན་རང་བྱུང་ཁམས་དང་མི་གཉིས་དབར་དུ་འབྲེལ་བ་ཡོད་པ་ཤེས་ཚོར་བྱུང་བར་བརྟེན་ནས་རང་བྱུང་ཁམས་ཀྱི་སྣང་ཚུལ་གང་ལ་རེ་སེམས་དང་སྐྱབས་སུ་འཛིན་པའི་བསམ་བློ་སྐྱེས་པ་དང་ཆབས་ཅིག    ཉི་ཟླའི་འཆར་ནུབ་དང་།    སྐྱེ་རྒ་ན་འཆི།   སད་སེར་དང་གཅན་གཟན་གཏུམ་པོའི་གནོད་པ་སོགས་རང་བྱུང་གི་སྣང་ཚུལ་དེ་དག་ལ་ངོས་འཛིན་ཡང་དག་བྱེད་མ་ཐུབ་པར་འཁྲུལ་སྣང་གི་འདུ་ཤེས་ལས་རང་བྱུང་ཁམས་དང་ཡང་མེས་རྣམས་ལ་དད་མོས་དང་།  དེའི་སྟོབས་ཀྱིས་ལྷ་འདྲེ་ཞེས་དངོས་པོ་ལས་འདས་པའི་སྣང་ཚུལ་བྱུང་བ་བཅས་རིམ་གྱིས་གསོལ་མཆོད་གཏོ་བྲ་སོགས་གདོད་མའི་ཆོས་སྤྱོད་དར་འགོ་བརྩམས་པ་རེད།   དེའང་སྔ་ས་ནས་བྱུང་བའི་རང་གི་ལྷན་ནུས་ལ་བརྟེན་པའི་གསོ་བཅོས་ཀྱི་ཐབས་ཤེས་དང་སྨན་བཅོས་ཉམས་མྱོང་རྣམས་གདོདད་མའི་ཆོས་ལུགས་དང་གཞི་གཅིག་ཏུ་འདྲེས་ནས་ག་ལེར་འཚར་འཕེལ་བྱུང་བ་ལས་ལྷ་རིག་སྨྲ་བའི་གསོ་རིག་(神灵医学或魔术医学)གི་དུས་རབས་ཤིག་ལ་སླེབས་ནས།  གསོ་རིག་ལོ་རྒྱུས་སྟེང་ཆེད་གཉེར་གྱི་སྨན་པ་མ་བྱུང་བར་དུ་ལྷ་བ་དང་པྲ་མཁན་སོགས་སྨན་བཅོས་ཀྱི་མཁན་པོར་གྱུར་ཡོད་པ་མིག་སྔའི་དཔྱད་ཡིག་གང་མར་ལས་དཔག་ནུས་སོ། །
          དེ་བས་ལོ་རྒྱུས་སྨྲ་བ་སྐོར་ཞིག་གིས་གསོ་བ་རིག་པའི་འབྱུང་ཁུངས་གླེང་སྐབས།   གསོ་དཔྱད་ནི་སྲོག་ཆགས་ཀྱི་ལྷན་ནུས་ལས་བྱུང་བ་ཡིན་ཞེས་དང་།   ཡང་ན་གསོ་དཔྱད་ནི་ཆོས་ལུགས་ལས་བྱུང་བ་ཡིན་ཟེར་བའི་གནས་ཀྱང་གོང་སྨོས་ཀྱི་རང་བཞིན་ལོ་རྒྱུས་དག་ལ་ཐུག་པའོ།  །  དེ་ལྟར་གསུངས་པ་དག་ལ་གནས་ལུགས་མེད་པ་ནི་ག་ལ་ཡིན་མོད།    ཞིབ་པར་དཔྱད་དགོས་པ་ཅུང་ཟད་ཡོད་དེ།     སྔ་མ་ནི་ལྷན་ནུས་སྨྲ་བ་(本能论)ཞེས་དམའ་རིམ་སྲོག་ཆགས་དང་མི་གཉིས་དབར་གྱི་ལྷན་ནུས་ལ་གཞི་རྩའི་ཆ་ནས་ཧེ་བག་ཡོད་པ་མ་ཤེས་པར་གཅིག་ཏུ་བཟུང་ཚེ།    དམའ་རིམ་སྲོག་ཆགས་ཀྱི་ལྷན་ནུས་ནི་ནམ་ཡང་ལྷན་ནུས་ཏེ་དབང་རྩའི་ཚུར་སྣང་(神经反射)ཙམ་ལས་སྨན་བཅོས་ལག་ལེན་དུ་འཕེལ་མི་སྲིད་ཚུལ་མ་ཤེས་པའི་སྐྱོན་དུ་འགྱུར་རོ།   འདོད་ཚུལ་ཕྱི་མ་ནི་གསོ་རིག་ལོ་རྒྱུས་ལ་བློ་གྲོས་ཅུང་ཟད་རྒྱས་པ་ཞིག་ཡིན་ཕྱིན་ཡང་དག་མིན་ཚུལ་རྟོགས་སླ་སྟེ།    ཆོས་ལུགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཅུང་གོང་འཕེལ་དུ་སོང་བའི་ཐོན་དངོས་ཤིག་ཡིན་པ་དང་།    གསོ་དཔྱད་སྔོན་ལ་བྱུང་ཞིང་ཆོས་ལུགས་ཕྱིས་སུ་དར་བ་ཡིན་ཙ་ན་ཆོས་ལས་གསོ་དཔྱད་གྲུབ་ཐབས་མེད་དོ།  །  འོན་ཀྱང་དེ་ནི་གདོད་མའི་གསོ་དཔྱད་དང་གདོད་མའི་ཆོས་ལུགས་དབར་གྱི་དམ་ཟབ་འབྲེལ་བ་ཁས་མ་བླངས་པ་དང་མི་མཚུངས་ཏེ།    དེ་ལྟར་ཡིན་ཚེ་གསོ་རིག་བྱུང་འཕེལ་གྱི་སྤྱི་འགྲོས་ཆོས་ཉིད་ལས་མི་འདོད་བཞིན་དུ་ཕྱིན་ཅི་ལོག་ཏུ་སོང་བ་ཡིན་ནོ།   གལ་སྲིད་ང་ཚོས་སྨན་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས་གང་ཡིན་གྱི་སྐད་ཆ་ཞིག་ཁ་གསལ་བྱེད་དགོས་པའི་དབང་དུ་བཏང་ན།   མིའི་རིགས་ཀྱི་ཆེས་ཐོག་མའི་རང་སྐྱོབ་བྱེད་པའི་ནུས་རྩལ་ཏེ་གང་ཟག་གི་ལྷན་ནུས་ལས་གསོ་དཔྱད་ཀྱི་ས་བོན་བྱུང་བ་ཡིན་ཞེས་སྨྲས་ཀྱང་འགལ་ཆ་ཆེར་མེད་སྙམ་པས་དཔྱད་པར་ཞུ།   འདིར་སླར་ཡང་རང་བཞིན་ལོ་རྒྱུས་ཀྱི་དུས་རིམ་གོ་བདེ་བའི་མདའ་རྟགས་ཀྱི་གཟུགས་སུ་དྲངས་ན་འདི་ལྟ་སྟེ།    མིའི་རིགས་ཀྱི་ལྷན་ནུས། →  སྨན་བཅོས་ཉམས་མྱོང་། →  ལྷའི་རིག་སྨྲ་བ། →  མཚན་ཉིད་ཀྱི་འདུ་ཤེས།→   གཞུང་ལུགས་ཀྱི་རྣམ་བཤད་བཅས་སུ་འཕེལ་རྒྱས་ཕྱིན།  
གསུམ་པ།    མི་སྣའི་སྐོར།
          གནད་གཅིག་ཏུ་དྲིལ་ནས་བཤད་ན།  གསོ་རིག་ལོ་རྒྱུས་ཀྱི་སྙིང་པོ་ནི་དོན་དངོས་རང་བཞིན་ལས་འཕྲོས་པའི་གསོ་དཔྱད་ཀྱི་བསམ་བློའི་བྱུང་རིམ་དེ་ཡིན་ཞིང་།  བྱུང་རིམ་དེའི་ཁྲོད་དུ་གསོ་རིག་མི་སྣ་སྤྱི་དང་བྱེ་བྲག་ཏུ་རླབས་ཆེ་བའི་གསོ་དཔྱད་པ་དག་གི་མཛད་རྗེས་རྣམ་ཐར་ནི་མེད་ཐབས་དབེན་པ་ཞིག་རེད།
          རྒྱ་ཆེ་བའི་ངལ་རྩོལ་མི་དམངས་ཀྱིས་ནད་རིགས་དང་འཐབ་རྩོད་བགྱིས་པ་ལས་བསགས་པའི་ལག་ལེན་མྱོང་བཅོས་རྣམས་རྣམ་དཔྱོད་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་གསོ་དཔྱད་ཀྱི་བསམ་བློར་གྲུབ་ཅིང་གཞུང་ལུགས་རིགས་ཤེས་ཀྱི་མཐོ་ཚད་དུ་འཇོག་མཁན་ནི་འདས་ཟིན་པའི་ལོ་རྒྱུས་ཀྱི་ཤོག་སླེའི་ངོར་བསུབ་མེད་དུ་འཁོབ་ཡོད་པའི་སྐྱེ་བོ་དམ་པ་དག་སྟེ།   རྒྱ་གར་བ་ཐང་ལ་འབར་དང་།   ཞི་ལཱ་བ་ཧེ་ཕོ་ཁེ་རད་ཚི།   རྒྱ་ནག་པ་ཀྲང་ཀྲུང་ཅིན།   བོད་པ་དཔྱད་བུ་ཁྲི་ཤེས་སོགས་ཀྱིས་མཚོན་པའི་སྔོན་བྱོན་མེས་པོ་རྣམས་རེད།   དེ་ལས་ཐང་ལ་འབར་ནི་རྒྱ་གར་དུ་རིག་བྱེད་དར་བའི་དུས་སྐབས་ནང་བྱོན་པ་དང་།  ཁོང་གིས་དཔྱད་བཅོས་ལག་ལེན་གྱི་མི་ཚེའི་ཁྲོད་ནས་རིམ་བཞིན་ཕྱི་བཅོས་རིག་པའི་བསམ་བློའི་མྱུ་གུ་གསར་དུ་འབུས་ཏེ་འཛམ་གླིང་གི་ཕྱི་ནད་རིག་པའི་(外科学)སྲོལ་བཏོད་མཁན་པོ་ལྟ་བུར་གྱུར་པ་དང་།   ཕྱིས་སུ་བསམ་གཞིག་གི་མཐོ་རླབས་དེ་ཨ་ཤེ་ཡའི་གླིང་ལས་བརྒལ་ཏེ་གནའ་བོའི་ཨེ་ཅིབ་དང་ཞི་ལཱ་སོགས་ཡོ་རོབ་གླིང་གི་ཁྱབས་ཁོངས་སུ་དར་བ་མ་ཟད།  ཐ་ན་དེང་རབས་གསོ་རིག་གི་ཕྱི་ནད་རིག་པའི་འཕེལ་རྒྱས་ལའང་སྲོག་ཤེད་བསྣན་ཡོད་ཅེས་སྨོས་ཀྱང་སྒྲོ་བཏགས་ཀྱི་ཆར་ཅི་ཡང་མི་འགྲོ་བའོ།    དེ་བཞིན་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བའི་ནང་ནུབ་ཕྱོགས་ཤེས་རིག་གི་ཕ་སར་གྱུར་བའི་གནའ་བོའི་ཞི་ལཱ་རྒྱལ་ཁབ་ཀྱི་སྨན་དཔྱད་རིག་པ་དེ་ཉིད་འཕེལ་རྒྱས་སུ་སོང་ནས་གསེར་ལྡན་གྱི་དུས་རབས་ཤིག་ལ་སླེབས་ཡོད་པ་དང་།   དུས་དེར་མཚན་ལ་ཧེ་ཕོ་ཁེ་རད་ཚི་བྱ་བའི་དྲང་སྲོང་ཆེན་པོ་ཞིག་བྱོན་པ་དེས་དུས་རབས་གང་མང་གི་སྨན་དཔྱད་ཤེས་བྱ་རྣམས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་ཀྱིས་ཕུང་གཤེར་ནད་ལུགས་རིག་པ་ཞེས་པས་མཚོན་པའི་རང་གི་ལྟ་ཚུལ་གསར་བ་དང་ཞིབ་འཇུག་གི་གྲུབ་འབྲས་གསར་བ་དག་བསྐྲུན་ཏེ་ནུབ་ཕྱོགས་གསོ་རིག་མ་ལག་གི་ཆེས་སྔ་བའི་གཞི་འདིང་པ་པོར་ལྷུན་གྱིས་མངའ་བརྙེས་པ་ལྟ་བུ་རེད།   རྒྱ་ནག་གསོ་བ་རིག་པའི་བསྟན་བཅོས་གྲགས་ཅན་ཚ་གྲང་གི་རྣམ་བཤད་(伤寒杂病论)ཅེས་པའི་མིང་འདི་མཐོང་འཕྲལ།   རྒྱའི་སྨན་དཔྱད་རིག་པའི་ལོ་རྒྱུས་ལ་རྒྱུས་མངའ་ཅུང་ཟད་ལྡན་པའི་བློ་ལྡན་ཞིག་ཡིན་ཚེ་གཞུང་དེའི་བྱེད་པོ་ཀྲང་ཀྲུང་ཅིན་ཞེས་པ་ཐུགས་ལ་གསལ་ལེར་འཆར་ངེས་ཡིན་པའི་གདེང་ཚོད་ང་ལ་མཆིས།   ཀྲང་ཀྲུང་ཅིན་མཆོག་གིས་མཁས་དབང་སྔོན་མ་ཚོས་ཚ་གྲང་ནད་རིགས་སྐོར་ལ་ཞིབ་འཇུག་བྱས་པའི་རྨང་གཞིའི་སྟེང་ལུས་པོར་ཚ་བའི་ནད་བྱུང་སྐབས་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་དང་།  ཚ་ནད་ལྡང་བའི་ཆོས་ཉིད་ལ་བསམ་གཞིག་གིས་ལྟ་ཚུལ་གསར་པའི་རིགས་མང་དུ་བཏོན་ནས་ཚ་གྲང་གི་རྣམ་བཤད་ཅེས་པར་སྤྱི་བསྡོམས་གནང་ཡོད་པ་ལས་ཁོང་གི་བསམ་བློ་གཙོ་བོ་ནི་རྟགས་བཅོས་རྣམ་བཤད་(辩证论治法)སྨྲ་བའི་དགོངས་པ་རེད།   ནུབ་ཕྱོགས་ལོ་རྒྱུས་གླིང་དུ་ཧེ་ཕོ་ཁེ་རད་ཚིར་གསོ་རིག་གི་ཕ་རྒན་ཞེས་བསྔགས་བརྗོད་བྱེད་སྲོལ་ཡོད་པ་བཞིན།   བོད་དུ་ནི་སྨན་པ་དཔྱད་བུ་ཁྲི་ཤེས་ལ་ཞང་བོད་གསོ་རིག་གི་ཉིན་བྱེད་དབང་པོ་ཞེས་བསྔགས་ཀྱང་ཐལ་མི་ཆེ་སྟེ།   གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ལས།   སྔ་རབས་ཞང་ཞུང་གི་གསོ་རིག་བསྟན་པའི་སྒྲོན་མེ་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཡིན་པར་ཁུངས་སྐྱེལ་བྱས་འདུག་ཅེས་གསུངས་པའི་ཕྱིར་རོ།   མིག་སྔའི་དཔྱད་ཡིག་ལས་བལྟས་ན།   དཔྱད་བུ་ཁྲི་ཤེས་ནི་གསོ་དཔྱད་ཀྱི་བསམ་བློའི་འདུ་ཤེས་ཐོག་མར་སྤེལ་མཁན་དང་།    དཔྱད་ལ་མཁས་པའི་སྨན་པ་སྔ་གྲས་ཤིག་རེད།   ཁོང་གིས་མཛད་པའི་དུག་བཅོས་གཡུང་དྲུང་འཁྱིལ་བའི་ནང་འཁོད་པའི་དུག་འཇོམས་དབང་པོ་རིལ་བུའི་ལོ་རྒྱུས་དང་།   ནང་གསེས་དབྱེ་བ།  སོ་སོའི་ཕན་ཡོན་བཅས་ལ་ཞིབ་ཏུ་གཞིགས་ཚེ།   སྐབས་དེར་བོད་གནའ་རབས་ཀྱི་སྨན་དཔྱད་ཆུ་ཚད་སྤྱིར་བཏང་ཙམ་མ་ཡིན་པར་དུག་སྨན་དབར་གྱི་འབྲེལ་བ་ཤེས་ཤིང་དུག་ཀྱང་སྨན་དུ་བསྒྱུར་ཐུབ་པའི་ཚད་ལ་སླེབས་ཡོད་ཅིང་།   གནའ་བོའི་རྫས་སྦྱོར་རིག་པའི་ཐབས་ཤེས་ལ་བརྟེན་ནས་ནད་རིགས་གསོ་བཅོས་བྱེད་པའི་བསམ་བློའི་ལྟ་བ་ཞིག་ངང་གིས་གྲུབ་ཡོད་པ་མཐོང་ཐུབ་བོ། །
          གོང་སྨོས་རྒྱུ་མཚན་དག་ལས།   ཀུན་ལ་གྲགས་པའི་བཤད་ཚུལ་ཏེ་གསོ་བ་རིག་པ་ནི་རྒྱ་ཆེ་བའི་ངལ་རྩོལ་མི་དམངས་ཀྱིས་རང་བྱུང་ཁམས་དང་འཐབ་རྩོད་བྱས་པའི་ཉམས་མྱོང་གསོག་འཇོག་གནང་པ་ལས་བསྐྲུན་པ་ཡིན་ཞེས་པ་ལའང་མཐའ་དཔྱོད་ཕྲན་བུ་ཞིག་འཕེན་པའི་དགོས་པ་མཆིས་ཏེ།   གསོ་པ་རིག་པ་ཞེས་པའི་གོ་དོན་དེར་སྒྲ་དོག་འཇུག་གམ་ཅུང་ཟད་གཟབ་ནན་གྱི་སྒོ་ནས་བཤད་ན།  གསོ་བ་རིག་པར་སོང་ཙང་ངེས་པར་དུ་གསོ་དཔྱད་ཀྱི་གཞུང་ལུགས་དང་གཞུང་ལུགས་ཀྱི་མཐོ་ཚད་དུ་གྲུབ་རུང་བའི་གསོ་དཔྱད་ཀྱི་བསམ་བློ་དང་།    ལྟ་བ།  འདུ་ཤེས་བཅས་ཡིན་དགོས་པའི་ཕྱིར་ན།    རྒྱ་ཆེའི་ངལ་རྩོལ་མི་དམངས་ནི་ནད་ཐོག་ལག་ལེན་ཉམས་མྱོང་གསོག་འཇོག་མཁན་དང་སྨན་བཅོས་འཕྲོད་བསྟེན་ཤེས་བྱའི་བརྒྱུད་སྤེལ་མཁན་ཡིན་གྱི་ལྟ་བུའི་འདུ་ཤེས་གསར་གཏོད་ཀྱི་བསམ་བློ་བའམ་སྨན་བཅོས་ཤེས་བྱ་སྤྱི་བསྡོམས་བྱེད་མཁན་གྱི་གཞུང་ལུགས་བྱེད་པོ་ནི་ཡིན་མི་སྲིད་དོ།  དེ་བས་ཚིག་གི་བརྗོད་སྟངས་ཐད་ཅུང་ཞིབ་ཆ་བཏང་ནས་བཤད་ན།    གསོ་བ་རིག་པ་སྟེ་སྨན་བཅོས་ཤེས་བྱ་ནི་ལོ་རྒྱུས་ཀྱི་ཀྱོག་ལམ་རིང་མོའི་ཁྲོད་ངལ་རྩོལ་མི་དམངས་ཀྱིས་ནད་དགྲ་བོ་ཆེ་དང་ཡང་ཡང་འཐབ་རྩོད་བྱས་པའི་འབྲས་བུ་དང་།    གསོ་དཔྱད་ཀྱི་གཞུང་ལུགས་དང་བསམ་བློ་ནི་སྣ་མང་ཕུན་སུམ་ཚོགས་པའི་དམངས་ཁྲོད་ཀྱི་སྨན་བཅོས་ལག་ལེན་རྣམས་འཚོལ་ཞིབ་བྱས་པའི་རྨང་གཞིའི་སྟེང་དུ་རླབས་ཆེ་བའི་གསོ་དཔྱད་ཀྱི་བསམ་བློ་བ་རེ་ཟུང་གིས་གསར་གཏོད་མཛད་པ་ཡིན་ཞེས་སྨོས་ཚེ་མད་པར་འཁུམས་སོ། །
དཔྱད་གཞིའི་ཡིག་ཆ།
[1]ཟུར་མཁས་བློ་གྲོས་རྒྱལ་པོས་བརྩམས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་2001ལོར་པར་དུ་བསྐྲུན་པའི་《ཤེས་བྱ་ཁོག་འབུབས།》
[2]སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་ཤིང་ཀན་སུའི་མི་རིགས་དཔེ་སྐྲུན་ཁང་གིས་1982ལོར་པར་དུ་བསྐྲུན་པའི་《སྡེ་སྲིད་གསོ་རིག་ཁོག་འབུབས།》
[3]ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་1996ལོར་པར་དུ་བསྐྲུན་པའི་《བྱམས་པ་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།》
[4](意)卡斯蒂格略尼·世界医学史(第一卷).北京:商务印书馆,1986
[5](德)伯恩特·卡尔格·德克尔·医药文化史.北京:生活.读者·新知三联书店,2004.
[6]吴国盛·科学的力程.北京:北京大学出版社,2002.
[7]李世安·世界文明史.北京:中国发展出版社,2000.
[8]严健明·中国医学起源新论.北京:北京科学技术出版社,1999.
[9](英)罗伯特·玛格塔(李城  译).医学的历史.北京:希望出版社,2003.
[10]薛公绰·世界医学史概要.北京:学苑出版社,1995.