ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

བོད་ཕྱི་གསོ་རིག་གི་རྩ་བའི་ཁྱད་ཆོས་སྐོར་གྱི་ཐོག་མའི་བསྡུར་དཔྱོད།

སྤེལ་དུས 2018-05-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
             སྤྱིར་བཏང་མི་རྣམས་ཀྱི་ངག་ལས་ལེགས་ཉེས་དང་།  མཁས་བླུན།  མཐོ་དམན། བཟང་ངན། རིང་ཐུང་། སྐྱོན་ཡོན། ཡག་བཙོག་ཅེས་བསྙད་བཞིན་པ་ཐམས་ཅད་ལྟོས་ས་ལྟོས་འཇོག་གི་སྒོ་ནས་སྨྲས་པ་ལས།  མཐའ་གཅིག་ཏུ་དགེ་མཚན་ཁོ་ནས་བསྡུས་པའམ་ཡང་ན་སྐྱོན་འབའ་ཞིག་གིས་སྦགས་པའི་བྱ་དངོས་ཞིག་འཇིག་རྟེན་ན་མ་མཆིས་པ་ཇི་བཞིན། རིག་གཞུང་ཚན་རིག་གང་ཞིག་ཡིན་ཡང་དེའི་རིན་ཐང་བརྗོད་པའི་སྐབས་སུ་ལྟོས་བཅས་ཀྱི་ཚད་གཞི་བཀོལ་ནས་སྐྱོན་ཡོན་འབྱེད་དགོས་པ་གཙིགས་པར་མཐོང་།  དེ་ལྟར་མ་ཡིན་ཚེ་དཔེར་ན་མིའི་བྱ་སྤྱོད་ཞིག་གི་དབང་དུ་བྱས་ན། ཤར་ཕྱོགས་དང་ནུབ་ཕྱོགས། མི་རིགས་དང་ལུང་པ། རིག་གནས་དང་ཡུལ་སྲོལ་གོམས་འདྲིས་སོགས་མི་འདྲ་བས། ནུབ་གླིང་གི་སྤྱི་སྲོལ་མང་པོ་ཞིག་ཤར་གླིང་བས་འཆལ་སྤྱོད་དུ་མཐོང་ཞིང་། ཤར་གླིང་བའི་གོམས་འདྲིས་མང་པོ་ཞིག་ནུབ་གླིང་བས་འོས་མིན་དུ་མཐོང་བ་ལྟ་བུའོ། །  
             བོད་ཕྱི་གསོ་རིག་གི་སྨན་ནུས་དལ་མྱུར་ལ་མཚོན་ན།  ཕྱི་ལུགས་མྱུར་ཞིང་བོད་ལུགས་བུལ་ཞེས་པའང་ལྟོས་མེད་ཀྱི་ངོས་ནས་མ་ངེས་ཏེ། རྩ་དཀར་བསྣད་འགྲམས་རིགས་ལ་ཕྱི་ལུགས་སྨན་རྫས་(营养药)ཀྱིས་བཅོས་བྱས་པས་ཟླ་ངོ་ལོ་མཐུད་ཀྱི་རྗེས་སུ་མ་གཏོགས་སྨན་ནུས་ཐོན་པ་མི་ཚོར་ལ། གློ་སྙིང་ནད་རིགས་དུ་མས་བྲང་རྒྱབ་ཏུ་གཟེར་དམིགས་འབྱུང་བར་བོད་ལུགས་ཀྱི་སྤྲ་བ་རྐང་ཅིག་སྔ་དྲོ་བསྲེག་པས་ཕྱི་དྲོ་བདེ་བ་དང་། དེ་བཞིན་མ་ཞུ་བད་ཀན་རིགས་ཀྱིས་ཕོ་བ་དྲག་ཏུ་སྦོས་གཟེར་བྱེད་པར་དྭགས་པོ་སྨན་ནག་ཐུན་གཅིག་ཟོས་པས་ལམ་སེང་ཞི་འགྲོ་བྱ་བཅས་མང་མང་གིས་ལག་ལེན་མྱོང་བས་དངོས་སུ་གྲུབ་པ་དེ་བཞིན་ནོ། །   
             ཉེ་བའི་ལོ་ཉི་ཤུ་ལྷག་གི་རིང་། ཤར་ནུབ་གླིང་གཉི་གའི་མཚན་ཉིད་རིག་པ་དང་། རྩོམ་རིག །དཔལ་འབྱོར། མཛེས་རིག་སོགས་ཀྱི་ཐད་ནས་བསྡུར་དཔྱོད་རིག་པའི་ཚན་ཁག་གང་མང་ཞིག་བྱུང་ཡོད་པ་དང་།  དེའང་ཕན་ཚུན་བསྡུར་དཔྱོད་ལ་བརྟེན་ནས་ཁྱབ་ཁོངས་གསར་པའི་ཞིབ་འཇུག་གི་སྒོ་མོ་ཕྱེས་ཤིང་རིག་ཚན་སོ་སོའི་མ་འོངས་འཕེལ་རྒྱས་ལ་སྲོག་ཤེད་གསར་པ་སྣོན་མུས་སུ་གདའ།  
             དེ་རིང་ཕྲན་གྱིས་བོད་ཕྱི་གསོ་རིག་དབར་གཤིབ་བསྡུར་བྱེད་པའང་དེ་དེ་བཞིན་ཏེ། རིག་གཞུང་སོ་སོའི་སྤྱི་སྒེར་གྱི་ཁྱད་ཆོས་དང་། ལེགས་ཉེས་ཀྱི་ཆ་ཤས་སོགས་བཙལ་ནས་གངས་ཅན་གསོ་རིག་གི་རིན་ཐང་རྣལ་མ་གསལ་ཚོར་བྱས་ནས་རང་རེའི་ནོར་བུའི་ནོར་ཉམས་ཆོད་ཐུབ་པའི་ཕྱོགས་ལ་གསལ་འདེབས་ཀྱི་ཞབས་འདེགས་སུ་འགྱུར་ཨེ་ཐུབ་སེམས་པ་ནི་ཕུགས་ཀྱི་དྲན་སྣང་ཡིན་ལ། འཕྲལ་གྱི་དམིགས་ཡུལ་ནི། ལོ་དུ་མའི་གསོ་རིག་སློབ་ཁྲིད་ཀྱི་ཉམས་མྱོང་ལས་བལྟས་ཚེ། བོད་ཕྱི་གསོ་རིག་ཟུང་གི་སློབ་གསོ་མྱོང་མཁན་གྱི་སློབ་གཉེར་བ་ཕལ་ཆེ་བས། རིག་གནས་དེ་གཉིས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་།  ཞིབ་འཇུག་གི་ཐབས་ལམ།  གཞུང་ལུགས་ཀྱི་མ་ལག་བཅས་སོ་སོར་སྣང་བ་དང་སྣང་བའི་རྒྱུ་མཚན་སོགས་གསལ་པོ་མ་ཤེས་པར་ཀུན་ཀྱང་མིའི་ལུས་པོར་བྱུང་བའི་ནད་རིགས་ལ་ཞིབ་འཇུག་བྱེད་པ་སྟེ་ཡུལ་གཅིག་ཡིན་པའི་ངོས་ནས་སློབ་སྦྱོང་བསམ་གཞིགས་ཀྱི་རིགས་ལམ་དང་ཐབས་ཤེས་སོགས་ཀྱང་གཅིག་ཏུ་བཟུང་བས།  སློབ་སྦྱོང་བྱེད་པའི་གོ་རིམ་ནང་ལྟ་ཚུལ་ཕོག་ཐུག་གི་འགལ་བ་དུ་མ་གཅིག་འཕྲོར་བྱུང་ནས་དཀའ་ལས་མི་ཉུང་བ་དང་འཕྲད་བཞིན་པ་མང་དུ་མཐོང་།  དེ་མིན་རང་ཉིད་མཁས་པར་རློམ་པའི་གསོ་རིག་ལུགས་གཉིས་སྨྲ་བ་ཁ་ཅིག་ལ་མཚོན་ནའང་་གཞུང་ལུགས་སོ་སོའི་རྩ་བའི་ཁྱད་པར་དང་།  ལུས་ནད་ངོས་འཛིན་གྱི་མི་འདྲ་བའི་གནད་ཀ་སོགས་སྨྲ་ཐུབ་རྒྱུ་ཁག་པོ་རེད་སྙམ། དེ་བས་ངོས་ནས་བོད་ཕྱི་གསོ་རིག་གཉིས་དབར་གྱི་རྩ་བའི་ཁྱད་པར་ཙམ་ནག་འགྲོས་སུ་བཀོད་དེ།  དེ་གཉི་གར་སློབ་གཉེར་གནང་མཁན་ལས་དང་པོ་བ་རྣམས་ཀྱིས་ལྟ་བའི་མིག་མི་འདྲ་བ་གཉིས་ཐོད་ལ་བཅངས་ནས་གཞུང་ལུགས་ཀྱི་མ་ལག་མི་འདྲ་བ་གཉིས་ལ་ཅུང་བདེ་བླག་ཏུ་ཞུགས་པར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཙམ་འབུལ་འདོད་པའོ། །  
གཤམ་དུ་གཞུང་ལུགས་ཀྱི་མ་ལག་དང་། རྒྱབ་ལྗོངས། སྙིང་པོ་སོགས་དོན་ཚན་བདུན་གྱི་སྒོ་ནས་བོད་ཕྱི་གསོ་རིག་གཉིས་བར་གཤིབ་བསྡུར་བྱེད་པ་ལ།     
དང་པོ། རིགས་པའི་གཞུང་ལུགས་ཀྱི་མ་ལག
             གསོ་བ་རིག་པ་ནི་མི་ན་བར་གནས་པ་དང་ན་བ་གསོས་ཏེ་ཚེ་བསྲིང་བར་བྱ་བའི་ཐབས་སྟོན་པའི་རིག་པ་ཞིག་ཡིན་པས། འཛམ་གླིང་གི་གསོ་དཔྱད་རྣམ་གྲངས་ཇི་སྙེད་པ་ཀུན་གྱི་ཞིབ་འཇུག་གི་ཁ་གཏད་ཡུལ་ནི་འགྲོ་བ་གང་ཞིག་གི་ལུས་ཁམས་དང་ལུས་པོར་བྱུང་བའི་ནད་རིགས་གཉིས་སུ་མ་འདུས་པ་གཅིག་ཀྱང་དབེན། འོན་ཀྱང། འཇུག་ཡུལ་(ལུས་ནད་)གཅིག་པ་ལ་འཛམ་གླིང་གི་མི་རིགས་སོ་སོར་རིག་གནས་བསམ་བློ་དང་། ལོ་རྒྱུས་རྒྱབ་ལྗོངས་། སྤྱི་ཚོགས་ཁོར་ཡུག  །ཞིབ་འཇུག་བྱེད་སྟངས་སོགས་མི་གཅིག་པའི་སྟབས་ཀྱིས་ཚེ་ཡི་རིག་བྱེད་ཀྱིས་མ་ལག་མི་འདྲ་བ་མང་མང་ཞིག་སྔར་ནས་བྱུང་སྟེ་འགྲོ་བ་མིའི་རིགས་ཀྱི་བདེ་ཐང་ལ་ཚད་མི་འདྲ་བའི་ལེགས་རྗེས་ཕུལ་དང་འབུལ་བཞིན་པ་རེད། ཚིག་དེ་གོ་ལྡོག་ནས་བཤད་ན། གསོ་རིག་གཞུང་ལུགས་ཀྱི་མ་ལག་མི་འདྲ་བའི་དབང་གིས་ལུས་ཁམས་ལ་ཞིབ་འཇུག་བྱེད་སྟངས་དང་།  ནད་གཞི་ངོས་འཛིན་བྱེད་ལུགས། གསོ་བྱེད་ཀྱི་གཉེན་པོ་བསྟེན་ཚུལ་སོགས་ཀྱང་རྟ་མོག་མོག་གི་སྤུ་བཞིན་མི་འདྲ་བ་སྣ་ཚོགས་སྣང་། ཡིན་ནའང་། རྣམ་གྲངས་མང་བའི་གསོ་དཔྱད་མ་ལག་དེ་རྣམས་མདོ་ཧྲིལ་གྱིས་བསྡུས་ན་ནི་གྲངས་གཉིས་སུ་འདུས་པར་མངོན་ཏེ། ཕྱི་གླིང་གསོ་རིག་གིས་མཚོན་པའི་དེང་རབས་གསོ་རིག་དང་།  ཤར་གླིང་གསོ་རིག་གཙོར་བྱས་པའི་སྲོལ་རྒྱུན་གསོ་རིག་སྟེ་དེང་དུས་འཛམ་གླིང་གསོ་རིག་གི་མ་ལག་ཆེན་པོ་རིགས་གཉིས་སོ། །   
             གངས་ཅན་གསོ་དཔྱད་རིག་པ་ནི་ཤར་གླིང་རིག་གནས་ཀྱི་ཁོངས་གཏོགས་སྲོལ་རྒྱུན་གསོ་རིག་གི་གྲས་ཡིན་ལ།  དེའང་དཔྱོད་ལྡན་ལ་ལས་འཛམ་གླིང་དུ་གྲགས་ཆེ་བའི་སྲོལ་རྒྱུན་གསོ་རིག་གི་དཔུང་གྲལ་དུ་ཚུད་ཡོད་པར་སྨྲ།   དེའི་གཞུང་ལུགས་ཀྱི་མ་ལག་ནི་གངས་ལྗོངས་ཀྱི་མེས་པོ་དམ་པ་རྣམས་ཀྱིས་མདོ་དབུས་མཐོ་སྒང་དུ་འབོད་པའི་ཐུན་མིན་གྱི་ཁོར་ཡུག་འདིའི་ཁྲོད་ནད་རིགས་དང་འཐབ་རྩོད་བྱས་པའི་ལག་ལེན་ཉམས་མྱོང་གསོག་འཇོག་བྱས་ཐོག བོད་དུ་བྱུང་བའི་དུས་རབས་བར་མའི་ཡན་གྱི་རང་བྱུང་མཚན་ཉིད་རིག་པའི་རིགས་ལམ་ལ་བརྟེན་ནས་ཕྱོགས་བསྡོམས་དང་གནད་བསྡུས་བྱས་པའི་གནའ་བོའི་གསོ་རིག་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན་ལ།  ཕྱི་ལུགས་གསོ་རིག་ནི་དུས་རབས་བར་མའི་རྗེས་ཀྱི་ཡོ་རོབ་གླིང་གི་རིག་རྩལ་བསྐྱར་དར་གྱི་རླབས་རྒྱུན་ལ་བརྟེན་ནས་བྱུང་བའི་རང་བྱུང་ཚན་རིག་སྟེ་རྫས་འགྱུར་དང་།  དངོས་ཁམས།  སྐྱེས་དངོས་སོགས་ཀྱི་རིག་པའི་རྨང་གཞིའི་སྟེང་།   མགྱོགས་མགྱོགས་ཀྱིས་གོང་དུ་འཕེལ་ཞིང་གསར་དུ་བཞེངས་པའི་དེང་རབས་ཚན་རིག་གི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན།    འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱས་ལྟར་བཤད་ན། བོད་ལུགས་གསོ་རིག་དེ་གནའ་བོའི་ཞིང་ལས་གསར་བརྗེའི་དུས་སྐབས་ཀྱི་ཐོན་རྫས་ཤིག་དང་།  ཕྱི་ལུགས་གསོ་བ་རིག་པ་ནི་ཉེ་རབས་བཟོ་ལས་གསར་བརྗེའི་དུས་སྐབས་ཀྱི་ཐོན་དངོས་ཤིག་ཏུ་ངོས་འཛིན་བྱ་ཆོག །ང་ཚོས་གཞུང་ལུགས་ཀྱི་མ་ལག་དེ་གཉིས་ཀར་ཧོར་གྱིས་བལྟས་ན། དུས་ཚོད་དང་ས་གནས་ཀྱི་ཁྱད་པར་ཙམ་དུ་ཟད་མོད།  ཞིབ་ཏུ་གཞིགས་ཚེ་ངོ་བོའི་ཁྱད་པར་ནི་རང་བྱུང་གི་ལྟ་ཚུལ་དང་ཐབས་ཚུལ་གཉིས་གཏན་ནས་མི་འདྲ་བ་དེའོ།    །དེའང་གློག་ཀླད་རྩིས་འཁོར་གྱི་བེད་སྤྱོད་མ་ལག་(操作系统)ཅིག་ལ་མཚོན་ན། སམ་བྷོ་ཏའི་འཕྲུལ་ཡིག་དེ་(wlnndows)བེད་སྤྱོད་མ་ལག་བརྒྱུད་ན་མ་གཏོགས་ཡི་གེར་ཕབ་མི་ཐུབ་ཅིང་།“方正”བོད་ཡིག་དེ“Ms- D.os”ཁོ་ནར་བརྟེན་དགོས་པ་བཞིན་ནོ། །དཔེ་འདི་དེ་འདྲ་འོས་མཚམས་ཤིག་ཡིན་མིན་མི་ཤེས་ཀྱང་གང་ལྟར་ཐབས་ཚུལ་མི་འདྲ་བ་སྟེ།  དཔེར་ན་དོན་ལྔ་སྣོད་དྲུག་གང་རུང་གི་ཡུལ་དུ་ཚ་བ་ཡོད་མེད་དྲི་ཆུའི་ཀུ་ཡའི་སྒོ་ནས་བརྟག་དགོས་པ་བྱུང་ཚེ། བོད་ལུགས་གསོ་རིག་གི་མཐོང་བ་མེ་ལོང་ཆུའི་བརྟག་ཚུལ་ལ་མ་བརྟེན་པར་ཐབས་མེད་པ་དང་། དེ་བཞིན་དྲི་ཆུར་བརྟེན་ནས་ཁྲག་རིལ་དཀར་པོའི་གྲངས་ཀ་མང་ཉུང་ལ་དཔྱད་དགོས་པ་བྱུང་ན་ནི་ཕྱི་ལུགས་གསོ་རིག་གི་གཅིན་པའི་རྫས་འགྱུར་བརྟག་དཔྱད་ཀྱི་ཐབས་ཚུལ་མི་སྤྱོད་རང་སྤྱོད་ཡིན་ནོ།  །ངོས་ནས་བོད་ཕྱི་གསོ་རིག་གཞུང་ལུགས་ཀྱི་མ་ལག་གི་ཁྱད་པར་དཔེ་འདི་འདྲ་ཞིག་གིས་བརྗོད་པར་འདོད་དེ།   གལ་ཏེ་བོད་ལུགས་གསོ་རིག་ཉིད་གདོང་མདོག་སྣུམ་བག་ལྡན་ཞིང་གཞུང་རྒྱུད་དྲང་ལ་ལུས་པོར་ཨ་འཇམ་ཚར་ལྭ་མནབས་ཤིང་མཐོ་སྒང་གི་ཡུལ་སའི་དྲི་ངད་འཐུལ་བའི་བོད་མི་ཞིག་ལ་ཆ་བཞག་ན། ཅིག་ཤོས་ནི་ཚིལ་ལེན་དམར་ཁྲའི་གོང་བར་གོས་ནག་སྨུག་གི་ཅོད་པན་ཐུར་དུ་དཔྱངས་ཤིང་རིག་པ་སྤྱང་ལ་ངག་ལས་དབྱིན་སྐད་ཤར་ཤར་སྨྲ་བའི་ཡོ་རོབ་ནུབ་མའི་མི་སེར་ཞིག་ཏུ་བཞག་ཆོག་གོ །      
གཉིས་པ། གཞུང་ལུགས་ཀྱི་རྒྱབ་ལྗོངས།
             བྱ་དངོས་གང་ཞིག་དར་རྒྱས་གོང་འཕེལ་ལམ་ཡང་ན་ཉམས་རྒུད་དུ་འགྲོ་བར་ཕྱི་ནང་གི་རྒྱུ་རྐྱེན་ལ་རག་ལས་པ་དང་།  དེ་ལས་ཕྱིའི་རྒྱུ་རྐྱེན་ནི་དོན་ལ་སྤྱི་ཚོགས་འཁོར་ཡུག་གི་རྒྱབ་ལྗོངས་ཡིན།   ཆེ་ཆུང་ལ་མ་ལྟོས་པའི་རིགས་པའི་གཞུང་ལུགས་གང་ཞིག་ཡིན་ཡང་དེ་ཉིད་ལེགས་འགྲུབ་ཡོང་བ་ལའང་ཁོར་ཡུག་གི་རྒྱབ་ལྗོངས་སམ་ཕྱིའི་རྒྱུ་རྐྱེན་རེ་ངེས་པར་དུ་ཡོད་ངེས།   ཚིག་གཅིག་གིས་བཤད་ན། བོད་ལུགས་གསོ་རིག་གི་གཞུང་ལུགས་ཀྱི་རྒྱབ་ལྗོངས་ནི་བོད་རང་ས་ནས་དར་བའི་བོན་པོའི་ཆོས་ལུགས་དང་ཕྱི་ས་ནས་བརྒྱུད་པའི་སངས་རྒྱས་ཆོས་ལུགས་གཉིས་ཀྱིས་ཤན་ཤུགས་ཐེབས་པའི་མཐོ་སྒང་གི་གནའ་བོའི་རིག་གནས་ཤིག་ཡིན་ལ།   ཕྱི་ལུགས་གསོ་རིག་གི་རྒྱབ་ལྗོངས་ནི་ཡོ་རོབ་གླིང་གི་བཟོ་ལས་གསར་བརྗེའི་དུས་སྐབས་ཚུན་དུ་བྱུང་བའི་དེང་རབས་ཚན་རིག་ལག་རྩལ་ཡིན་པར་བསྙོན་དུ་མེད། བོད་མིའི་སེམས་ཁམས་དང་རིག་གནས་སོགས་གང་ལའང་ཏིལ་ལ་ཏིལ་མར་འདྲེས་པ་བཞིན་ཆོས་ལུགས་ཀྱི་ཤན་ཞུགས་ཡོད་པ་ནི་ཚང་མས་མཁྱེན་གསལ་རེད། ང་ཚོས་དོན་སྙིང་ངེས་ཅན་ཞིག་གི་སྟེང་ནས་བལྟས་ན། ཆོས་ལུགས་དེ་དེང་རབས་ཚན་རིག་དང་བསྡུར་བས་རྗེས་ལུས་སུ་སྣང་ནའང་། སྤྱིར་ཆོས་ལུགས་བྱུང་བ་ནི་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་ཆེན་འཕུར་མཆོངས་ཤིག་རེད།   བོད་ཡུལ་འདིར་གང་ཞིག་མིའི་རིགས་བྱུང་བ་ནས་སྨན་བཅོས་བྱེད་སྒོ་དར་འགོ་བརྩམས་ཏེ་ལོ་རྒྱུས་ཀྱི་ཆུ་རྒྱུན་ཧ་ཅང་རིང་པོ་ཞིག་བརྒྱུད་ནའང་གསོ་རིག་གཞུང་ལུགས་སུ་གྲུབ་མ་ཐུབ་པ་དང་། ལྡོག་མེད་མདུན་དུ་བསྐྱོད་པའི་ལོ་རྒྱུས་ཀྱི་འཁོར་ལོའི་འགྲོས་དང་བསྟུན་ནས་གདོད་མའི་ཆོས་ལུགས་ཏེ་བོན་ཆོས་དར་བ་ལ་བརྟེན་ནས་སྨན་རྩིས་སོགས་སྔ་རབས་བོད་ཀྱི་ཤེས་རིག་བྱུང་ཞིང་། དེ་རྗེས་སངས་རྒྱས་ཆོས་ལུགས་ཆེས་ཆེར་དར་བའི་རླབས་རྒྱུན་གྱི་ཁོར་ཡུག་ནང་རིམ་གྱིས་ཁ་བ་རི་པའི་གསོ་རིག་གཞུང་ལུགས་ཀྱི་མ་ལག་ཆེན་པོ་ལེགས་འགྲུབ་བྱུང་བ་རེད། དེ་བས། བོད་ཀྱི་གསོ་དཔྱད་དང་སངས་རྒྱས་ཆོས་ལུགས་གཉིས་བར་འབྲེལ་བ་ཟབ་བ་ནི་རང་རེའི་གཞུང་གི་ལུས་ཁམས་ཆགས་རྒྱུའི་རྣམ་བཤད་དང་། ནད་རིགས་བསྐྱེད་པའི་རྒྱུ་རྐྱེན། གཉེན་པོ་སྔགས་ཀྱི་ཆོ་ག་སོགས་ལས་མཐོང་ཐུབ་ལ།  ནད་རིགས་ཅི་སྙེད་པའི་རྩ་བ་རླུང་མཁྲིས་བད་ཀན་གསུམ་བསྐྱེད་པའི་རིང་རྒྱུ་ནི་ནང་བསྟན་སྡེ་སྣོད་གསུམ་གྱི་གསུང་ཡུལ་དུ་གྱུར་བ་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་ཉོན་མོངས་དུག་གསུམ་ཡིན་པར་་མཐའ་གཅིག་ཏུ་ལྟ་བ་ལས་ཀྱང་རྟོགས་ནུས་སོ། །  
             དེང་སང་ཁ་ཅིག་གིས་གོང་སྨྲས་ནང་དོན་དེ་དག་ལ་གཞིགས་ཏེ་བོད་ཀྱི་གསོ་རིག་ལ་ནང་བསྟན་གསོ་རིག་(佛教医学)ཅེས་ཀྱང་བསྙད་མོད། ཁོ་བོས་བཤད་ཚུལ་དེ་ཡེ་ནས་འཐད་པར་མ་མཐོང་། ཅིའི་ཕྱིར་ན། དེ་ཤེས་རིག་འཕེལ་རྒྱས་ཆོས་ཉིད་དང་མི་མཐུན་ལ་དོན་དངོས་གནས་ལུགས་ཀྱིས་སྟོངས་བར་སེམས། ཆོས་ལུགས་ནི་ཆོས་ལུགས་ཡིན་ལ་གསོ་རིག་ནི་ནམ་ཡང་གསོ་རིག་ཡིན།ཕན་ཚུན་བར་དུ་འབྲེལ་བ་ཟབ་ཅིང་གཅིག་གིས་གཅིག་ལ་ཤན་ཞུགས་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་གཅིག་གཅིག་ཏུ་སྨྲ་ག་ལ་རུང་།  
             གཞན་ཕྱི་ལུགས་གསོ་རིག་གི་རྒྱབ་ལྗོངས་ནི་དེང་རབས་ཚན་རིག་ལག་རྩལ་ཏེ། དུས་རབས་བར་མའི་དུས་མཇུག་ཏུ་སླེབས་སྐབས་ཡོ་རོལ་གླིང་སྤྱི་ཚོགས་སུ་རླབས་ཆེ་བའི་བསམ་བློ་བཅིངས་འགྲོལ་གྱི་ལས་འགུལ་ཏེ་རིག་རྩལ་བསྐྱར་དར་དང་བསྟུན་ནས། མཚན་ཉིད་རིག་པ་དང་། རྩོམ་རིག  སྒྱུ་རྩལ། ཆབ་སྲིད། ཁྲིམས་ལུགས།   སློབ་གསོ་སོགས་ཕྱོགས་གང་ཐད་རླབས་ཆེ་བའི་གྲུབ་འབྲས་བླངས་པ་མ་ཟད།  དུས་རབས་བཅུ་དྲུག་པའི་ཡས་མས་ནས་བཟུང་རིག་རྩལ་བསྐྱར་དར་གྱི་སྒུལ་ཤུགས་ལ་བརྟེན་ནས་”བཟོ་ལས་གསར་བརྗེའི་དུས་སྐབས་”བསླངས་ཤིང་། རྫས་འགྱུར་དང་། དངོས་ཁམས། སྐྱེས་དངོས་སོགས་རང་བྱུང་ཚན་རིག་སྐོར་གྱི་ཤེས་བྱ་རྣམས་ཀྱང་ཆར་རྗེས་ཀྱི་ཤ་མོ་བཞིན་འཚར་ལོངས་བྱུང་བ་དང་། ཕྲ་མཐོང་མེ་ལོང་དང་།  xའཕྲོ་འོད། སྙིང་པར་གློག་རིས་སོགས་ཚན་རིག་ལག་རྩལ་གྱི་འཕྲུལ་ཆས་གང་མང་གསར་དུ་བསྐྲུན་པ་བཅས།  དེ་ལྟ་བུའི་ཚན་རིག་ལག་རྩལ་གོང་འཕེལ་དུ་འགྲོ་བའི་མཚོ་རླབས་ཀྱི་རྒྱབ་ལྗོངས་ཁྲོད་གསོ་བ་རིག་པ་དེའང་ཚོད་ལྟའི་ཞིབ་འཇུག་ལ་བརྟེན་ནས།   དུས་རབས་བཅུ་དྲུག་པའི་གཤག་ལས་རིག་པ། དུས་རབས་བཅོ་བརྒྱད་པའི་ནད་ལུགས་རིག་པ། དུས་རབས་བཅུ་དགུ་པའི་ཕྲ་ཕུང་ནད་འབུ་རིག་པ་བཅས་རིམ་བཞིན་དར་འཕེལ་དུ་སོང་བ་ཞིག་རེད། དེ་བས་མི་རྣམས་ཀྱིས་ཕྱི་ལུགས་གསོ་རིག་ལ་དེང་རབས་གསོ་རིག་ཚན་རིག་ཏུ་འབོད་པའང་དེའི་རྒྱུ་མཚན་ནོ། །  
             གོང་དུ་དཔེར་བཀོད་མ་ཐག་པ་སྟེ་བོད་ཕྱི་གསོ་རིག་ཟུང་གི་གཞུང་ལུགས་ཀྱི་མ་ལག་དེ་སོ་སོར་རིགས་མི་གཅིག་པའི་མི་གཉིས་ཡིན་པའི་དབང་དུ་བཏང་ན། སྐབས་འདིའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་ནི་དེ་གཉིས་འཚོ་གནས་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་མི་འདྲ་བ་གཉིས་དང་ཀུན་ནས་མཚུངས་སོ། །        
གསུམ་པ། གཞུང་ལུགས་ཀྱི་སྙིང་པོ།
             ང་ཚོས་བོད་ཕྱི་གསོ་རིག་གཉིས་བྱུང་བའི་དུས་ཚོད་ཀྱི་ངོས་ནས་བལྟས་ཚེ། སྔ་མ་ནི་དུས་རབས་བར་མའི་ཡན་གྱི་རིག་གནས་སུ་གཏོགས་ལ། ཕྱི་མ་དེ་དུས་རབས་བར་མའི་མཇུག་ཚུན་དང་ལྷག་ཏུ་ཉེ་རབས་ལོ་རྒྱུས་(དུས་རབས་བཅུ་དགུ་ཡས་མས་)སུ་དར་འཕེལ་བྱུང་བའི་རིག་གཞུང་ཚན་ཁག་ཅིག་སྟེ། དེ་གཉིས་བར་ཐོག་མར་ལོ་ཚིགས་ཀྱི་སྟེང་ནས་སྔ་ཕྱིའི་བར་བཅད་རིང་པོ་ཅིག་ཡོད་ལ། བོད་ལུགས་གསོ་རིག་གི་གཞུང་ལུགས་ཀྱི་སྙིང་པོ་རུ་དུས་རབས་བར་མའི་ཡན་གྱི་རང་བྱུང་མཚན་ཉིད་རིག་པ་སྟེ་གནམ་དཔྱད་སྐར་རྩིས་དང་།  ཚ་གྲང་གི་རྣམ་བཤད། འདུ་བ་ཆ་སྙོམས་ཀྱི་ལྟ་བ་སོགས་བཟུང་ཡོད་ལ། ཁྱད་པར་དུ་འབྱུང་བ་བཞིའི་རྣམ་བཤད་དམ་འབྱུང་ལྔ་རིག་པ་(五源学)ཉིད་བོད་ལུགས་གསོ་རིག་གི་གཞུང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་རྨང་གཞི་དང་སྙིང་པོ་རུ་བཟུང་ཡོད།  འབྱུང་ལྔ་རིག་པ་ཞེས་པ་ནི་རང་བྱུང་ཁམས་ཀྱི་དངོས་པོའི་སྣང་ཚུལ་ལ་བརྟེན་ནས་ཕྱི་ནང་གི་བརྟན་གཡོའི་དངོས་པོ་ཡོད་ཚད་ཀྱི་གྲུབ་ཆ་དང་།  རང་བཞིན། འགྱུར་ལྡོག་བཅས་ཀྱི་ཆོས་ཉིད་ལ་ཤེས་རྟོགས་བྱེད་པའི་རིག་པ་ཞིག་སྟེ་རང་བྱུང་ཚན་རིག་གི་རྨང་གཞི་ཞིག་ཡིན། བོད་ཀྱི་གསོ་རིག་གི་གཞུང་དུ། ལུས་ནད་ཀྱི་མཚན་ཉིད་སོགས་འཆད་སྐབས་འབྱུང་ལྔ་རིག་པ་དེ་ཐོག་མའི་འགོ་ཚུགས་ས་དང་མཐའ་མའི་མཇུག་བསྡུ་ས་བྱེད་བཞིན་ཡོད་ལ།  ལུས་ནད་གཉེན་པོ་གསུམ་གྱི་འབྱུང་བཞིའི་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བས།  ལུས་ཁམས་ཉིད་འབྱུང་བཞིས་གྲུབ་པར་ངོས་འཛིན་དང་། ལུས་ལ་འབྱུང་བཞིས་བསྐྱེད་པའི་ནད་འབྱུང་རྒྱུ་ཡོད་པ། ནད་དེ་འབྱུང་བཞིའི་ངོ་བོར་གྱུར་པའི་གཉེན་པོ་སྨན་ལ་བརྟེན་ནས་ཞི་བར་བྱེད་རྒྱུ་ཡོད་པ།   ནད་ཞི་བར་བརྟེན་ནས་ལུས་ཁམས་ཀྱི་འབྱུང་བཞིའི་ལྡང་ཚད་སྔར་མལ་དུ་གནས་རྒྱུ་ཡོད་པ་ཞིག་རེད།  
             རྒྱུ་མཚན་ངེས་ཅན་ཞིག་གི་ཐད་ནས་བཤད་ན། གཟུགས་རེག་ལྡབ་འགྱུར་ཁྲི་ཕྲག་དུ་མས་ཆེར་གཏོང་ཐུབ་པའི་དེང་གི་གློག་འཕྲུལ་ཕྲ་མཐོང་ཆེ་ཤེལ་གྱི་འོག་ནས་མཐོང་བའི་ཕྲ་ཕུང་རིགས་གང་ཡང་།  ཤིན་ཏུ་ཕྲ་བའི་འབྱུང་བ་ལྔའི་རང་བཞིན་གྱི་ཆ་ཤས་ཡོད་ངེས་ཡིན་ལ།   དེང་དུས་ཚན་རིག་པ་ཚོས་རྫས་ཕྲ་རགས་ཀྱི་གྲུབ་ཆའི་ཡོན་སུའོ(元素)གང་མང་ཞིག་གསུང་གི་ཡོད་པའང་མཐར་གཏུགས་ན་འབྱུང་བ་ལྔའི་རང་བཞིན་དུ་མ་གཏོགས་པ་ཅི་ཡང་མེད་སྙམ་པ་ནི་བདག་གི་བསམ་ཚུལ་ལོ། །  
             དེང་རབས་ཚན་རིག་གི་ཁྱབ་ཁོངས་སུ་གཏོགས་པའི་རྩིས་རིག་དང་། སྐྱེས་དངོས། གནམ་རིག  རྫས་འགྱུར། ས་རྒྱུས། དངོས་ཁམས་དང་། ཕྲ་ཕུང་དང་རིག་པ་སོགས་ནི་ཕྱི་ལུགས་གསོ་བ་རིག་པའི་རྨང་གཞི་རུ་གྱུར་ཡོད་པ་དང་། དེ་ལས་ཀྱང་དངོས་ཁམས་རྫས་འགྱུར་སྐྱེས་དངོས་རིག་པ་གསུམ་ག་ཕྱི་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་ཀྱི་ཉིང་ཁུ་རུ་གྱུར་ཡོད་དེ།  འོ་སྐོལ་གསོ་རིག་པའི་བརྡ་ཆད་དུ་གྲགས་པའི་གཞི་རྟགས་གསོ་གསུམ་ཞེས་ཚེ་རིག་གི་ནང་དོན་མཐའ་དག་འདི་གསུམ་དུ་ཚུད་པ་ལ།  ཕྱི་ལུགས་ཀྱིས་དེའི་དང་པོ་གཞི་(ལུས་ནད)བཀྲོལ་སྐབས་སྐྱེས་དངོས་དང་རྫས་འགྱུར་དངོས་ཁམས་གསུམ་ཟླ་སྒྲིལ་གྱི་སྒོ་ནས་ཆགས་ཚུལ་གནས་ལུགས་མཚན་ཉིད་དང་བཅས་པའི་ལུས་ཁམས་ཀྱི་རང་བཞིན་ཉིད་འགྲེལ་ཅི་ནུས་བྱེད་པ་དང་།   གཞན་ནད་ཁམས་ཀྱི་རྒྱུ་རྐྱེན་འཇུག་ཚུལ་མཚན་ཉིད་སོགས་རིག་པའི་རྟེན་ས་གཙོ་བོ་སྐྱེས་དངོས་རིག་པར་བཅོལ་ཡོད་དོ། །གཉིས་པ་རྟགས་(ནད་གཞི་བརྟག་ཚུལ་)ནི་དངོས་ཁམས་རིག་པའི་ཐབས་ལམ་བཀོལ་པ་མང་དུ་སྣང་ལ། དེང་སང་ཕྱི་ལུགས་སྨན་ཁང་བྱིངས་ནས་ནད་གཞི་བརྟག་དཔྱད་བྱེད་དུས་དངོས་ཁམས་བརྟག་ཆས་ཀྱི་བརྒྱ་ཆའི་བསྡུར་ཚད་མང་དུ་ཟིན་ཡོད་པ་དེའི་ངོས་ནས་དཔགས་ན་དེ་བས་ཀྱང་མང་ངོ་།།  གསུམ་པ་གསོ་བའི་གཉེན་པོ་སྨན་རྫས་ནི་རྫས་འགྱུར་རིག་པ་ལ་བརྟེན་ནས་བྱུང་བའི་རྫས་འགྱུར་སྨན་རྫས་ཁོ་ནར་ཟད་པ་ཡོངས་ནས་རིག་རིག་གོ  །མིག་སྔར་མི་ལ་ལས་བོད་ལུགས་གསོ་རིག་ལའང་དེང་རབས་རྫས་འགྱུར་རིག་པའི་ཐབས་ཤེས་སྤྱད་ནས་བོད་ཀྱི་སྨན་རྫས་ལས་ཕྱི་ལུགས་ཀྱིས་ངོས་འཛིན་བྱེད་པའི་གྲུབ་ཆ་བླངས་ཏེ།  ཕྱི་ལུགས་ནད་ཐོག་སྨན་བཀོལ་གྱི་རིགས་ལམ་ལྟར་ལག་ལེན་བྱེད་དགོས་པར་ཁ་གཡང་འབོད་བཞིན་གདའ། ཕྲན་གྱིས་བསམ་ན་དེ་ནི་ནོར་འཁྲུལ་ཞིག་ཏུ་འཁུམས་ཏེ། གལ་ཏེ་ང་ཚོས་བོད་སྨན་གྱི་རོ་དྲུག་དང་། ནུས་པ་བརྒྱད། ཞུ་རྗེས་གསུམ། ཡོན་ཏན་བཅུ་བདུན་སོགས་སྨན་སྦྱོར་གྱི་ཁྱད་ཆོས་ལས་རིང་དུ་བརྒལ་ནས་རྫས་འགྱུར་ཞིབ་འཇུག་གི་ལམ་ག་ཁོ་ནར་བསྙེག་ཚེ། ནམ་ཞིག་བོད་ཀྱི་གསོ་རིག་གཞུང་ལུགས་ཡོད་ཅིང་བོད་སྨན་མེད་པའི་དགོད་བྲོའི་གནས་ཚུལ་ཞིག་འབྱུང་སྲིད་པར་གདོན་མི་ཟ་ལ། མིག་སྔར་མཐོ་སྒང་གི་རང་བྱུང་སྨན་རྫས་ལས་རྫས་འགྱུར་གྱི་གྲུབ་ཆ་བླངས་ཤིང་ཕྱི་ལུགས་སྨན་རྫས་བཟོ་གྲྭ་ནས་ཐོན་པའི་སྨན་རིགས་ཏེ། དཔེར་ན་མ་ཧོང་སུའོ་དང་ཧོང་ལེན་སུའོ་སོགས་ལ་བོད་སྨན་གྱི་མིང་གིས་མི་འབོད་པ་བཞིན་ནོ།།       
བཞི་པ། ཞིབ་འཇུག་གི་ཐབས་ལམ།
             དེའང་ཅུང་འཐུས་ཚང་དུ་སོང་བའི་རིག་གཞུང་ཚན་རིག་གང་ཞིག་ཡིན་ཡང་དེར་དམིགས་བསལ་གྱི་ཞིབ་འཇུག་བྱེད་ཡུལ་དང་ཞིབ་འཇུག་བྱེད་ཐབས་རེ་ཡོད་ངེས་རེད།   གང་ཞིག་ཁ་གཏད་ཡུལ་མེད་པའི་ཚན་རིག་ཞིབ་འཇུག་གཏན་ནས་ཡོད་མི་སྲིད་ལ། དེ་བཞིན་ཐབས་ལམ་བྲལ་བའི་ཞིབ་འཇུག་དེ་ཡུལ་གང་ཤེས་རྟོགས་བྱེད་པའི་ཐད་ནམ་ཡང་ཐར་ཐོར་དུ་གནས་པའི་ཉམས་མྱོང་ཙམ་དུ་སྣང་ངོ་། །  
             སྔོན་འགྲོའི་སྐབས་གླེང་བ་བཞིན་བོད་ཕྱི་གསོ་རིག་གི་ཞིབ་འཇུག་བྱེད་ཡུལ་དེ་ཅུང་ཆེ་ས་ནས་བཤད་ན་མི་ལུས་ཡིན་པ་གཅིག་མཚུངས་ལགས་ནའང་།  བྱེ་བྲག་ཏུ་བརྗོད་ན།  བོད་ལུགས་ཀྱི་ཞིབ་འཇུག་བྱེད་ཡུལ་ནི་ཚེ་སྲོག་འགུལ་སྐྱོད་བྱེད་པའི་རྒྱུད་རིམ་ནང་མི་ལུས་ཕྱི་ངོས་སུ་སྣང་བའི་མངོན་ཚུལ་ཏེ་མཚན་ཉིད་ཉི་ཤུ་ཡིན་ལ། ཕྱི་ལུགས་ཀྱི་ཁ་གཏད་ཡུལ་ནི་མི་ལུས་ནང་ངོས་སུ་སྦས་པའི་དོན་སྣོད་དབང་པོ། ཕུང་གྲུབ། ཕྲ་ཕུང་། རྡུལ་ཕྲ་(分子)བཅས་ཀྱི་གྲུབ་ཚུལ་དང་བྱེད་ལས་རེད།  དེ་ལྟར་བྱེ་བྲག་གི་ཞིབ་འཇུག་བྱེད་ཡུལ་དེ་དོན་དངོས་སུ་ཞིབ་འཇུག་བྱེད་ཐབས་ཀྱིས་ཐག་གཅོད་བྱས་པ་ཡིན་པ་རྟོགས་སླའོ།།   
             ལར་བོད་ལུགས་གསོ་རིག་གིས་སྤྱི་བསྡོམས་དང་། རྗེས་དཔག   གཏན་ཚིགས་ཀྱི་ཐབས་ཤེས་སྤྱད་དེ་ལུས་ནད་ལ་སྤྱི་ཡོངས་ནས་ཞིབ་འཇུག་བྱེད་འགོ་རྩོམ་པ་དང་། དེའང་ཆེ་བ་ནས་ཆུང་བ། ཕྱི་ངོས་ནས་ནང་ངོས། མཐོ་རིམ་ནས་དམའ་རིམ།  སྤྱིར་བཏང་ནས་བྱེ་བྲག་ཏུ་ཟབ་འཇུག་བྱེད་ལ། ཕྱི་ལུགས་ནི་དེ་ལས་ལྡོག་སྟེ་དབྱེ་ཞིབ་དང་ཚོད་ལྟ་ལ་བརྟེན་ནས་གནས་ཁག་ཆུང་བ་ནས་ཞིབ་འཇུག་བྱེད་འགོ་རྩོམ་པ་དང་། དེའང་ཆུང་བ་ནས་ཆེ་བ། ནང་ངོས་ནས་ཕྱི་ངོས།  དམའ་རིམ་ནས་མཐོ་རིམ།  སླ་བ་ནས་དཀའ་བ། བྱེ་བྲག་ནས་སྤྱིར་བཏང་དུ་ཟབ་འཇུག་བྱེད་དོ། །ཚིག་དེ་དག་ཅུང་ཁ་གསལ་དུ་བརྗོད་ན། བོད་ལུགས་གསོ་བ་རིག་པས་ཐད་ཀའི་རྟོག་ཞིབ་ཀྱི་སྒོ་ནས་སྤྱི་ཡོངས་སྨྲ་བའི་ཐབས་ལམ་(整体论)ལག་ཏུ་བསྟར་བ་དང་།   ཕྱི་ལུགས་གསོ་རིག་གིས་དཔྱད་ཆས་ལྟ་ཞིབ་ལ་བརྟེན་ནས་དངོས་རྒྱུ་སྨྲ་བའི་(还原论)ཐབས་ཚུལ་བཀོད་བཞིན་ཡོད། དེ་བས། བོད་ལུགས་ཀྱིས་ལུས་པོའི་གྲུབ་ཚུལ་དང་བྱེད་ལས་སོགས་འབྱུང་བ་ཡིན་པར་ངོས་འཛིན་པ་དང་།   ཕྱི་ལུགས་ཀྱིས་མིའི་ལུས་ཁམས་ཀྱི་བྱེད་ནུས་དང་གྲུབ་ཚུལ་གྱི་གཞི་རྩའི་སྡེ་ཚན་ཕྲ་ཕུང་ལ་ངོས་འཛིན་པའོ། ། དེ་གཉིས་དབར་མི་འདྲ་ས་ཆེན་པོ་ཞིག་ཡོད་པ་ནི།  སྔ་མས་དངོས་པོའི་ནུས་པ་(功能)ཨང་དང་པོར་འཇོག་པ་དང་།  ཕྱི་མས་དངོས་པོའི་ངོ་བོ་(实质)གཙོ་བོར་འཛིན་པ་དེ་རེད། དེ་ནི་བོད་ཕྱི་གཉིས་དབར་གྱི་སྤྱིའི་ཁྱད་པར་རམ་མི་འདྲ་ས་ཡིན་ལ།   མཐར་གཏུགས་ནས་བཤད་ན་བཟོ་ལས་ཐོན་སྐྱེད་དང་ཚན་རྩལ་འཕྲུལ་ཆས་ལ་རག་ལས་ཤིང་ཞིབ་འཇུག་ཐབས་ཚུལ་མི་འདྲ་བས་གཏན་འཁེལ་བ་ཞིག་རེད།  དེ་ཙམ་དུ་མ་ཟད། མཚན་ཉིད་ཉི་ཤུའི་སྒོ་ནས་ལུས་པོའི་བྱེད་ནུས་གསལ་བརྗོད་དང་། འཕེལ་ཟད་འཁྲུགས་གསུམ་ལ་བརྟེན་ནས་ནད་ཀྱི་ངོ་བོ་བཀྲོལ་བ།  རོ་ནུས་ཞུ་རྗེས་གསུམ་གྱིས་སྨན་གྱི་སྦྱོར་ཚུལ་གསུངས་པ་སོགས་གང་ཡང་རང་བྱུང་མཚན་ཉིད་རིག་པའི་རིགས་ལམ་གྱིས་ཐག་གཅོད་བྱས་པའི་བོད་ལུགས་ཀྱི་ཐུན་མིན་ཐབས་ལམ་ཞིག་ཡིན་ལ། གཞན་ཕྱི་ལུགས་གསོ་རིག་གི་ལོ་རྒྱུས་ལྟར་ན། ཡ་ལིས་སི་ཏོའུ་ཏེས་(Aristotie)བཀོད་པའི་ཤ་རུས་རྩ་པགས་སོགས་ཀྱི་གནས་ལུགས་དང་།  ག་ལུན་(Galen)གྱིས་སྤེལ་བའི་སྲོག་ཆགས་སྐོར་ཞིག་གི་རོ་བཀྲ། མའོ་ཏེ་ནོའུའི་(Mondin)《གཤག་ལས་རིག་པ་》   ཧྭ་ཝེའི་ཁྲག་རྒྱུན་འཁོར་སྐྱོད་མ་ལག་གི་ཤེས་བྱ་སོགས་གང་ཡང་ཚོད་ལྟའི་ཞིབ་འཇུག་གི་འབྲས་བུ་འབའ་ཞིག་ཏུ་ཟད་དོ། །དེ་ལྟ་བུའི་རྒྱུ་མཚན་གྱིས་ཕྱི་ལུགས་གསོ་རིག་དེ་ཚོད་ལྟའི་ཚན་རིག་གི་ཁོངས་སུ་གཏོགས་པ་དང་།  བོད་ལུགས་ནི་རང་བྱུང་མཚན་ཉིད་རིག་པའི་མངའ་ཁོངས་སུ་འགྲོ་ལ། ཆེ་ས་ནས་དེ་གཉིས་ག་རང་བྱུང་ཚན་རིག་གི་ཡ་གྱལ་ཡིན་པ་འདྲ་འདྲ་རེད། དེ་ལྟར་གཞུང་ལུགས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་ལོ་རྒྱུས་ཀྱི་གནས་ཚུལ་འོག་ཞིབ་འཇུག་གི་ཐབས་ཚུལ་མི་འདྲ་བ་བཀོལ་དགོས་བྱུང་བས།    གཞུང་ལུགས་ཀྱི་མ་ལག་མི་མཚུངས་པའི་ཚེ་ཡི་རིག་བྱེད་གཉིས་དར་འཕེལ་བྱུང་བ་ནི་དཔེར་ན།   སྤྱི་ཚོགས་ཁོར་ཡུག་མི་འདྲ་བར་གནས་པའི་མི་གཉིས་ཀྱི་འཇིག་རྟེན་ལྟ་ཚུལ་གྱིས་མཚོན་པའི་མི་ཚེའི་རིན་ཐང་དང་ཡུལ་སྲོལ་གོམས་འདྲིས་སོགས་ཕྱོགས་ཡོངས་ནས་མི་གཅིག་པ་བཞིན་ནོ། །        
ལྔ་པ། ནད་རིགས་ངོས་འཛིན།
             དེ་ཡང་བཤད་པའི་རྒྱུད་ལས། ངོས་བཟུང་རྟགས་ལ་བསླབ་པ་ནི། །མེ་དང་དུ་བ་ཇི་བཞིན་དུ།  །ནད་ཀྱི་ངོས་ནི་རྟགས་ལ་བཟུང་།  །ཞེས་ནད་རིགས་ངོས་འཛིན་གྱི་རྩ་དོན་དེ་རིགས་ལམ་བཤད་ལུགས་ཀྱི་སྒོ་ནས་ཁ་གསལ་དོན་རྗེན་དུ་གསུངས་པ་སྟེ། ནད་གཞི་དང་ནད་རྟགས་དབར་གྱི་འབྲེལ་བ་ནི་མེ་དང་དུ་བ་ཇི་བཞིན་དུ་རྒྱུ་དང་འབྲས་བུའམ་རྟེན་དང་བརྟེན་པས་གྲུབ་པ་དང་། ནད་རིགས་ངོས་འཛིན་བྱེད་ན་ནད་རྟགས་ཀྱི་སྣང་ཚུལ་ལ་བརྟེན་དགོས་ཤིང་དེའི་ཤུགས་ལས་ནད་ནི་ནད་ལ་རྟགས་ནི་རྟགས་ཏེ་ནམ་ཡང་དེ་གཉིས་ཡན་གར་ཡིན་ཚུལ་བསྟན་པའོ།  །བྱེ་བྲག་ནད་ཐོག་ལག་ལེན་སྐབས་རླུང་ནད་བཞི་བཅུ་རྩ་གཉིས་དང་། མཁྲིས་ནད་ཉི་ཤུ་རྩ་དྲུག བད་ཀན་སུམ་ཅུ་རྩ་གསུམ། དེ་བཞིན་ནད་མིང་རིན་ཆེན་ཕྲེང་བ་སོགས་ནས་གསུངས་པའི་ནད་རིགས་ནི་ནད་ནད་ངོས་སུ་་བཟུང་བ་ཡིན་མོད། འོན་ཀྱང་རྟགས་ནད་དུ་བཟུང་བའང་མཆིས་ཏེ། མན་རྒྱུད་དུ་བསྟན་པའི་ཐོར་ནད་སྐད་འགགས་ཡི་ག་འཆུས་པ་དང་།  སྐོམ་དད་སྐྱུགས་འཁྲུ་གཅིན་དང་དྲི་མ་འགགས་པ་སོགས་ལ་མཚོན་ན།  ནད་རྟགས་ནད་གཞིར་ངོས་བཟུང་བ་ཡིན་པས་བོད་ལུགས་གསོ་བ་རིག་པས་ནད་རིགས་ངོས་འཛིན་བྱེད་དུས་དོན་ལ་ནད་དང་རྟགས་གཉིས་ཀ་ནད་ངོས་སུ་བཟུང་ཡོད་པ་གསལ་ལོ། །  
             དེ་ལྡོག་ཕྱི་ལུགས་གསོ་རིག་གིས་ནི་རྟགས་ནད་དུ་འཛིན་པ་མ་མཆིས་ཏེ། དེའང་ནད་གང་བྱུང་བའི་དུས་ཡུན་གྱི་མགྱོགས་བུལ་དང་། དབང་རྩའི་ཁོངས་གཏོགས་དང་འབྱིན་རྔུབ་ཁོངས་གཏོགས་བཅས་མ་ལག་སོ་སོའི་ཁྱད་ཆོས། ནད་སྐྱེད་པའི་རྒྱུ་སྟེ་འབུ་ཕྲ་སོགས་ཀྱི་མིང་སྟེང་ནས་ནད་རིགས་ངོས་འཛིན་དུ་ནད་ཁོ་ནས་མིང་འཇོག་པ་ཞིག་རེད། འོན་ཏེ་དེང་སང་ཕྱི་ལུགས་ཨེམ་ཇི་མི་ཉུང་བ་ཞིག་གིས་ནད་ཐོག་ལག་ལེན་ཁྲོད་ནད་ཐོ་སོགས་འགོད་དུས་མགོ་ན་བ་(头疼)དང་། འཁྲུ་བ(腹泻)། མཆེར་བ་སྐྲངས་པ་(脾肿大)ཞེས་སོགས་ལྟ་བུ་རྟགས་ནད་ངོས་སུ་བྱེད་པའང་མང་དུ་སྣང་།  ཕྱི་ལུགས་ཀྱི་གཞུང་ལྟར་དུ་གཟབ་ནན་གྱིས་བཤད་ན། དེ་ནི་ཕྱི་གཞུང་དང་འགལ་ཞིང་སྨན་པ་རང་གིས་མ་ཤེས་པའི་ཆུ་ཚད་དམན་པའི་སྐྱོན་དུ་ཟད་དོ།།  
             ལར་བོད་ལུགས་ཀྱིས་ཀྱང་གཞུང་ལུགས་ཁོ་ནའི་སྐབས་ཏེ་ངོས་བཟུང་་རྟགས་(诊断学)ཀྱི་གནས་འཆད་པའི་དུས་སུ། རྟགས་ལ་བརྟེན་ནས་ནད་གང་ལོགས་སུ་ངོས་འཛིན་པ་ལས།   རྟགས་ལ་བལྟོས་ནས་རྟགས་དེ་ནད་དུ་ངོས་འཛིན་དགོས་པ་རྩ་དོན་དུ་ཁས་ལེན་གཏན་ནས་བྱས་མེད་སྙམ་ལ།  གལ་ཏེ་དེ་ལྟར་ཡིན་ཚེ་མེ་ལ་དུ་བ་དང་དུ་བར་མེའི་སྒྲས་བོས་ཆོག་གོ   །ནད་རྟགས་ཀྱི་མངོན་ཚུལ་ཉིད་ནད་དུ་ངོས་འཛིན་མི་བྱེད་པ་ནི་ཕྱི་ལུགས་གསོ་བ་རིག་པའི་ཚན་རིག་གི་ཆ་ཞིག་སྟེ།   འོ་སྐོལ་བོད་ལུགས་པ་རྣམས‘ཀྱིས་ཀྱང་མིག་དཔེར་བཟུང་ནས་རྗེས་མར་ལམ་ལུགས་དེའི་སྟེང་དུ་ཡུན་བགྲོད་བྱེད་ཐུབ་ན་ལེགས་པར་སེམས།  བོད་ཕྱི་གསོ་རིག་ཟུང་གི་ནད་ངོས་འཇོག་སྟངས་འདིའང་རིག་གནས་སློབ་གསོ་མྱོང་སྟངས་མི་འདྲ་བའི་མི་གཉིས་ཀྱི་བརྡ་སྤྲོད་ཀྱི་རྗོད་སྟངས་མི་འདྲ་བ་བཞིན་ནོ། །       
དྲུག་པ། ནད་རིགས་གསོ་བཅོས།
             བོད་ལུགས་པའི་དགོངས་པ་ལྟར་ན།  ཐ་མལ་བདེ་ཐང་གི་ལུས་ཁམས་ནི་འབྱུང་བཞིའི་ངོ་བོ་འཕེལ་ཟད་འཁྲུགས་གསུམ་དུ་མ་གྱུར་པ་ལས་བྱུང་བ་ཡིན་པར་ངོས་འཛིན་པ་རེད། དེ་བས་ནད་ལ་འཕེལ་འགྲིབ་ནད་ཅེས་བསྙད་པ་དང་། ལུས་སེམས་ནད་རིགས་གང་ཡིན་ཡང་གསོ་བཅོས་བྱེད་སྐབས་སུ་འབྱུང་བཞིའི་ངོ་བོ་ཆ་སྙོམས་པར་བྱེད་རྒྱུ་དེ་རྩ་བའི་ཐབས་ཤེས་སུ་བཟུང་བཞིན་ཡོད། འཕེལ་ཟད་དུ་གྱུར་པ་ལས་ནད་རིགས་བྱུང་བ་དང་།   གསོ་བཅོས་ཀྱི་ཐབས་ལམ་ནི་འཕེལ་ཟད་ཀྱི་ངོ་བོར་གྱུར་པའི་ཆ་དེ་སྔར་མལ་དུ་སྙོམས་པོར་གཏོང་རྒྱུ་དེའོ།།  
             དེ་མ་ཟད། ནད་རིགས་གསོ་ཚུལ་གྱི་གནད་དམ་པ་ནི། ཀུན་ལ་གནོད་བ་ལ་སོགས་ཆོས་བཅུར་སྦྱར། །མཛོ་ཁལ་ལུག་ཁལ་ལྟ་བུར་འཚམ་པས་བཅོས། །ཞེས་པ་སྟེ། རྒྱུ་རྐྱེན་ཡུལ་དུས་རང་བཞིན་ན་ཚོད་དང་། གནས་ས་ཉིན་ཞག་ཟས་ཟོས་གོམས་པ་ཆུ་བཅས་གནོད་བྱ་བཅུའི་སྒོ་ནས་གང་ལ་གང་འཚམ་སྤྱོད་དགོས་པར་མཐའ་གཅིག་ཏུ་བསྟན་ཡོད།   
             ཕྱི་ལུགས་པས་ཀྱང་ཕྱོགས་ཁ་ཤས་ཟད་ནས་བཤད་ན། ལུས་ཁམས་ཀྱི་ཆུའི་གྲུབ་ཆ་སྙོམས་སྒྲིག་(水平衡)དང་།   སྐྱུར་ཚྭ་དོ་མཉམ(酸碱平衡)། གློག་འབྱེད་རྫས་ཆ་སྙོམས་(电解质平衡)ཞེས་སོགས་ནད་གཞི་གསོ་བཅོས་སྐབས་སྤྱི་སྙོམས་བྱེད་རྒྱུ་དེ་ཐབས་ཤེས་ཤིག་ཏུ་བཟུང་ཡོད་མོད།   ཕྱོགས་ཡོངས་ནས་བརྟག་ཚེ་ནད་བསྐྱེད་པའི་རྒྱུ་འབའ་ཞིག་སྟེ་འབུ་ཕྲའི་རིགས་ལ་ཐད་ཀར་དམིགས་ནས་གསོ་བཅོས་རྩོམ་པ་(直接对抗致病因子)ནི་ཀུན་གྱིས་ཤེས་གསལ་དང་། དེའང་གསོ་བའི་ནད་པའི་རྟེན་དང་ན་ཚོད། རང་བཞིན་ཡུལ་དུས་སོགས་ལ་མི་དཔོག་པར།  ནད་པ་ཇི་སྙེད་པར་གཅིག་མཚུངས་ཀྱི་བཅོས་ཀ་སྟེ་ནད་བསྐྱེད་པའི་འབུ་ཕྲ་ཁོ་ནར་གཞིགས་ཤིང་དེ་འཇོམས་པའི་སྨན་རིགས་གཅིག་ཤས་ཆེར་བསྟེན་པས།  སྤྱིར་བཏང་ནད་སྣ་གཅིག་གཞོམ་པར་བྱེད་ནུས་ཐོན་མྱུར་པའང་དེའི་རྒྱུ་མཚན་ནོ། །  
             དེ་ལྟར་བོད་ལུགས་ཀྱི་འདུ་བ་སྤྱི་སྙོམས་དང་ཕྱི་ལུགས་ཀྱིས་ནད་བསྐྱེད་པའི་རྒྱུ་ལ་དྲང་གར་ཐོ་གཏུགས་པ་སྟེ།  དེ་གཉིས་དབར་ཁྱད་པར་དེ་ཙམ་དུ་མ་ཟད།  ད་དུང་གསོ་བྱེད་ཀྱི་གཉེན་པོའང་མི་འདྲ་སྟེ།  བོད་ལུགས་སུ་རྒྱུད་ལས། ནད་ལ་གསོ་བར་བྱེད་པའི་གཉེན་པོ་ནི།  །སྤྱོད་ལམ་ཟས་དང་སྨན་དང་དཔྱད་རྣམས་སོ།  །ཞེས་གསོ་བྱེད་ཀྱི་གཉེན་པོ་ཀུན་ཟས་སྤྱོད་སྨན་དཔྱད་བཞི་རུ་དྲིལ་བ་ལས་ཐོག་མར་ཟས་སྤྱོད་གཉིས་ནི་ནད་ཡོད་མེད་གང་གི་སྐབས་སུའང་ཁ་འབྲལ་མི་རུང་ཞིང་ངང་ངམ་ཤུགས་ལ་གནས་པའི་ཐབས་ལམ་ཞིག་ཡིན་པ་དང་། ཐ་མ་དཔྱད་ལ་མཚོན་ནའང་གཏར་བསྲེག་དུགས་ལུམས་བྱུག་པ་སོགས་འཇམ་རྩུབ་བར་མ་གང་ཡང་རང་བཞིན་གྱི་ལག་ཐབས་སུ་གཏོགས་སོ།   །ལྷག་དོན་ནད་ཀྱི་གཉེན་པོ་གཙོ་བོར་གྱུར་པའི་སྨན་ནི།   བཟོ་ལས་བཙོག་གྲིབ་ཀྱིས་མ་བསླད་པའི་རང་བྱུང་གི་སྨན་རྫས་ཤ་སྟག་ཡིན་པའི་ཁར།   རོ་བསྡེབས་ནུས་བསྡེབས་ཞུ་རྗེས་བསྡེབས་ཏེ་སྦྱར་ཞེས་འདུ་བ་སྤྱི་སྙོམས་ལ་དམིགས་ཏེ།  ཉེས་གསུམ་རྣམས་ལས་གཅིག་འཕེལ་ཟད་དུ་གྱུར་ཡང་གཞན་གཉིས་ལའང་བསམ་གཞིགས་ཀྱིས་ཕྱོགས་ཡོངས་ནས་སྡེབ་སྒྲིག་བྱེད་པ་ཞིག་ལགས་སྟབས་བྱིངས་ནས་བོད་སྨན་ལ་ཞོར་སྐྱོན་དང་ལོག་སྐྱོན་མེད་ཅིང་ཉུང་བའང་གནད་དེར་ཐུག་གོ །འོན་ཀྱང་།  རོ་ནུས་ཞུ་གསུམ་གྱི་སྡེབ་སྒྲིག་དབང་གིས་སྦྱོར་བའི་གྲངས་མང་དུ་བྱུང་ཞིང་ཆིག་རྒྱུགས་རིགས་ཉུང་བའི་ཤུགས་ལས་སྨན་ནུས་དལ་བུལ་ཡིན་པའང་ངང་གིས་གྲུབ་པ་དང་། སྐབས་རེར་ལག་ལེན་ཏུ་ཚབས་ཆེའི་དོད་དྲག་གི་ནད་པ་ཁ་ཤས་དང་འཕྲད་དུས་བོད་ལུགས་སྨན་པ་རྣམས་འུ་ཐུག་ཐབས་ཟད་ཀྱི་ངང་དུ་བཞུགས་པའང་ཁྱབ་ཆེ་ས་ནས་བཤད་ན་འོ་སྐོལ་སྨན་སྦྱོར་གཞུང་ལུགས་ཀྱི་རིགས་ལམ་ལ་འབྲེལ་བ་མཆིས་སེམས།   
             ཕྱི་ལུགས་གཞུང་དུ་དེང་གི་གསོ་ཐབས་ཆེན་པོ་གསུམ་སྟེ་དངོས་ཁམས་དང་། ཕྱི་བཅོས། སྨན་རྫས་ཀྱི་གསོ་ཐབས་བཅས་འདི་གསུམ་ཤུགས་ཆེར་བཀོལ་པ་ལས།  སྔ་མ་ནི་དངོས་ཁམས་འཕྲུལ་ཆས་ཀྱི་སྒོ་ནས་ལུས་ནད་ཀྱི་རང་བཞིན་ཉིད་ངོ་བོ་གཞན་ཞིག་ཏུ་བསྒྱུར་པ་ལ་བརྟེན་ནས་ནད་རིགས་གསོ་བའི་དམིགས་ཡུལ་སྟེང་སླེབས་པར་བརྩོན་པ་དང་། བར་མ་ཕྱི་བཅོས་དེ་གཙོ་བོ་སྦྲིད་སྨན་དང་དཔྱད་ཆས་སོགས་སྤྱད་ནས་གཤགས་བཅོས་བྱེད་པ།  དེའང་ཕྱི་མ་སྨན་ནི་རྫས་འགྱུར་བཅུད་སྒྲུབ་(化学提炼)ལས་བྱུང་བའི་སྨན་རིགས་འབའ་ཞིག་ཏུ་སྣང་ཞིང་དམིགས་སུ་ནད་རྒྱུ་འབུ་སྲིན་གསོད་པའི་ཁྱད་ཆོས་ཁོ་ནའི་ཁྲོད་ཞིབ་འཇུག་མཛད་པ་ལས་བྱུང་བ་ལགས་ན།  འབུ་ཕྲས་སྐྱེད་པའི་ནད་རིགས་འཇོམས་པར་སྨན་ནུས་མྱུར་བས་འཆི་སྐྱོབ་མྱུར་གསོ་སོགས་ཀྱི་ཐད་གྲུབ་འབྲས་ཆེ་བ་ལ་སུས་ཀྱང་བསྙོན་དུ་མེད། ཡིན་ནའང་། ཕྱོགས་གཞན་ལ་མནོ་བསམ་མ་བཞེས་པར་བྱེ་བྲག་ཏུ་ཞིབ་འཇུག་མཛད་པ་ལས་ཐོན་པའི་རྫས་འགྱུར་སྨན་རྫས་ཀྱི་ནུས་པ་ནི། གཅིག་ལ་འཕྲོད་ཅིང་ཀུན་ལ་གནོད་པ་སྟེ་ཞོར་སྐྱོན་དང་། ལོག་སྐྱོན། དུག་སྐྱོན་སོགས་བགྲང་གིས་མི་ལངས་པ་དང་།  དེ་ལས་སྨན་སྦྱོར་རང་བཞིན་གྱིས་ནད་རིགས་(医源性疾病)ཞེས་པ་གསར་དུ་བྱུང་སྟེ། ཉེ་ཆར་འཛམ་གླིང་ཚན་རིག་ལག་རྩལ་གྱི་གདོང་དུ་ལངས་ནས་ཐག་གཅོད་དཀའ་བའི་གནད་དོན་ཆེན་པོ་ཞིག་ཏུ་འགྱུར་བཞིན་པ་འདི་ལགས་སོ།    །དེ་ལྟར་བོད་ཕྱི་གསོ་རིག་གི་ནད་རིགས་གསོ་བཅོས་ཀྱི་ཁྱད་པར་ནི།  མི་མི་འདྲ་བ་གཉིས་ནས་རང་གནས་སའི་ཁོར་ཡུག་དང་སྤྱི་ཚོགས་ལ་ཐོན་པའི་འཇོན་ཐང་མི་འདྲ་བ་དང་ཕལ་ཆེར་མཚུངས་སོ། །       
བདུན་པ། རིགས་ལམ་གྱི་རྣམ་པ།
             དེ་ཡང་ཆུ་འགོ་གངས་ལ་གཏུགས་པའི་དཔེ་བཞིན་ལོ་རྒྱུས་རིག་པའི་ངོས་ནས་ཞུས་ན།  དེང་རབས་ཕྱི་ལུགས་གསོ་རིག་གི་ཐོག་མའི་གསར་བཏོད་མཁན་པོར་ཞི་ཕོ་ཁེ་ལ་ཏི(Hippocrates  སྤྱི་ལོ་སྔོན་460-377)བཀུར་འོས་པ་དང་།ཁོང་ཉིད་དོན་ངོ་མར་ཞི་ལཱ་གསོ་རིག་གི་ཤིང་རྟའི་སྲོལ་འབྱེད་ཡིན་ཞིང་ཞི་ལཱ་གསོ་བ་རིག་པ་དང་རོ་མའི་གསོ་རིག་ཅེས་པ་ནི་རང་རེའི་བོད་ཀྱི་གསོ་བ་རིག་པ་དང་མཚུངས་པར་སྲོལ་རྒྱུན་གསོ་རིག་གི་ཁོངས་སུ་གཏོགས་ཤིང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རིམ་གྱིས་འཕེལ་འགྱུར་བྱུང་ནས་དེང་གི་ཕྱི་ལུགས་གསོ་བ་རིག་པར་གྱུར་པ་འདི་བཞིན་རེད།  
             དེ་ལྟར་ལོ་རྒྱུས་ཐོག་ཕྱི་ལུགས་གསོ་བ་རིག་པ་འཕེལ་འགྱུར་བྱུང་བའི་ལྟ་ཚུལ་གྱི་ཐད་ནས་བཤད་ན། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་གནས་ཚུལ་འོག་གསོ་བ་རིག་པའི་མ་ལག་དེ་གཤམ་གྱི་རྣམ་པ་མི་འདྲ་བ་དག་བརྒྱུད་ནས་འོང་བ་སྟེ།  ཆེས་གདོད་མའི་དུས་ནས་སྤྱི་ལོའི་སྔོན་གྱི་ལོ་ངོ་བཞི་བརྒྱ་ཡས་མས་བར་ཏེ། མིའི་རིགས་བྱུང་བ་དང་ལྷན་དུ་ནད་རིགས་བྱུང་བ་དང་དུས་དེར་ཐོན་སྐྱེད་སྟོབས་ཤུགས་དང་མིའི་ཤེས་རིག་གི་ཆུ་ཚད་ཤིན་ཏུ་དམན་པས།  ལུས་ལ་བྱུང་བའི་ན་ཚར་ངོས་འཛིན་གསལ་པོ་བགྱིད་མ་ཐུབ་པར་ལྷ་འདྲེའི་རིགས་ཀྱིས་་གནོད་པ་ཡིན་པར་སེམས་པ་དང་། ནད་རིགས་བསལ་བ་ལའང་ལྷ་གསོལ་འདྲོ་སྐྲོད་ཀྱི་ཆོ་ག་ཉིད་གཙོ་བོར་འཛིན་པས་ན། དུས་སྐབས་དེའི་གསོ་རིག་ལ་ལྷ་རིག་སྨྲ་བའི་རྣམ་པ་(神灵主义医学模式)ཞེས་མིང་གིས་བསྙད།   མི་རྣམས་ཀྱི་ཤེས་པའི་ཆུ་ཚད་དང་ཐོན་སྐྱེད་སྟོབས་ཤུགས་སོགས་མུ་མཐུད་གོང་འཕེལ་སོང་བ་ལ་བརྟེན་ནས་ནད་རིགས་དེའང་རང་བྱུང་གི་སྣང་ཚུལ་ཞིག་ཡིན་པའི་འདུ་ཤེས་སྐྱེས་ཤིང་ལུས་ནད་དབར་གྱི་གནས་ལུགས་དུ་མ་ཤེས་རྟོགས་ངེས་ཅན་བྱུང་སྟེ།   བློ་རྩེ་གཅིག་ཏུ་ཕྱོགས་ནས་རང་བྱུང་སྣང་ཚུལ་སྐོར་ལ་ངོས་འཛིན་དང་འགྲེལ་བཤད་ཁོ་ན་བས་པ་ལས། དུས་དེའི་གསོ་བ་རིག་པ་ཉིད་རང་བྱུང་མཚན་ཉིད་རིག་པའི་རྣམ་པ་(自然哲学医学模式)ཞིག་ཏུ་གྱུར་ཏོ། །དེ་རྗེས་སྤྱི་ལོའི་དུས་རབས་བཅོ་ལྔའི་སྔ་གཞུག་ཏུ་ཡོ་རོབ་གླིང་དུ་རིག་རྩལ་བསྐྱར་དར་བྱུང་བ་ལས་བཟོ་ལས་གསར་བརྗེའི་དུས་སྐབས་བསླངས་ཤིང་ཚན་རྩལ་འཕེལ་རྒྱས་ལ་སྐུལ་ལྕགས་ཤུགས་ཆེར་ཐེབས་པ་དང་། འཕྲུལ་འཁོར་དཔྱད་ཆས་རིགས་གསར་དུ་བསྐྲུན་ཅིང་འཚོ་བའི་ལག་ལེན་ཁྲོད་བེད་སྤྱོད་བྱེད་པ་མང་དུ་སོང་བར་བརྟེན་ནས།  མིའི་ལུས་ཁམས་ཀྱི་གནས་ལུགས་ཀྱང་འཕྲུལ་ཆས་ཀྱི་ངོ་བོར་མཐོང་ནས་ནད་བྱུང་བ་ནི་འཕྲུལ་འཁོར་ཆག་སྐྱོན་དུ་སོང་བར་ངོས་འཛིན་དང་། སྨན་པའི་འགན་ཁུར་ནི་འཕྲུལ་ཆས་ཞིག་གསོ་རུ་བཟུང་བ་སོགས་སྐབས་དེའི་གསོ་རིག་གི་རང་བཞིན་དེ་འགྱུར་མེད་སྨྲ་བའི་རྣམ་པ་(机械论的医学模式)ཞིག་ཏུ་་འཁུམས།   ལྡོག་མེད་མདུན་དུ་བསྐྱོད་པའི་ལོ་རྒྱུས་ཀྱི་འཁོར་ལོའི་འགྲོས་དང་བསྟུན་ནས་བཟོ་ལས་གསར་བརྗེའི་མཚོ་རླབས་དྲག་ཏུ་འཕྱུར་ཞིང་ཕྲ་ཕུང་གི་རྣམ་བཤད་དང་སྐྱེས་དངོས་འཕེལ་འགྱུར་སྨྲ་བའི་ལྟ་བ་སོགས་གཅིག་འཕྲོར་བྱུང་བ་དང་།  དུས་རབས་བཅུ་དགུ་པའི་མཇུག་ཏུ་ནད་བསྐྱེད་པའི་རྒྱུ་འབུ་ཕྲ་གྲངས་སུམ་ཅུར་ཉེ་བ་ཙམ་ཞིག་གསར་དུ་རྟོགས་ནས་ནད་རིགས་འབྱུང་བའི་རྒྱུ་གཙོ་བོ་སྐྱེས་དངོས་ཕྲ་རབ་ཡིན་པ་སྟེ་ནད་འབུ་རིག་པའི་དུས་སྐབས་ཤིག་ཏུ་སླེབས་པ་ལ།  སྐྱེས་དངོས་གསོ་རིག་གི་རྣམ་པ་(生物医学模式)ཞེས་དུས་ད་ལྟའི་བར་གནས་པའི་ཕྱི་ལུགས་གསོ་རིག་མ་ལག་འདི་ལགས་སོ།   །འོན་ཀྱང་། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་པ་ནས་བཟུང་། མིའི་རིགས་ལ་བྱུང་བའི་ནད་རིགས་ཀྱི་དབྱེ་བ་ལ་འགྱུར་ལྡོག་བྱུང་ནས་སྙིང་ནད་དང་། ངན་སྐྲན། ཀླད་པའི་ཁྲག་རྩ་སོགས་ཀྱི་ནད་བྱུང་ཚད་ཇེ་མང་དུ་སོང་ནས་མིའི་རིགས་ཀྱི་བདེ་ཐང་ལ་ཚབས་ཆེའི་འཇིགས་སྣང་སྐུལ་བཞིན་ཡོད་སྟབས།  འཛམ་གླིང་གི་ཚན་རིག་གླིང་དུ་སྐྱེས་དངོས་ཕྲ་རབ་འབའ་ཞིག་སྟེང་མགོ་འཁོར་ནས་མི་སྡོད་པར་སྤྱི་ཚོགས་ཁོར་ཡུག་དང་རིག་གནས་གོམས་གཤིས།  ནད་པའི་ཁམས་དབང་དང་གཤིས་ཀ་སོགས་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱེད་དགོས་པར་བསྐུལ་བ་ལས། མིག་སྔར་ཕྱི་ལུགས་གསོ་བ་རིག་པའི་མ་ལག་དེ་སྐྱེས་དངོས་དང་སེམས་ཁམས་སྤྱི་ཚོགས་སུམ་སྒྲིལ་གྱི་རྣམ་པ་(生物心理社会医学模式)ཞིག་ཏུ་སྐྱོད་འགོ་རྩོམ་བཞིན་པ་བཅས། ཕྱི་ལུགས་གསོ་བ་རིག་པ་དེ་དུས་སྐབས་མི་འདྲ་བའི་ལོ་རྒྱུས་ཀྱི་གནས་ཚུལ་འོག་རིགས་ལམ་གྱི་རྣམ་པ་མི་འདྲ་བ་ལྔ་ཙམ་བརྒྱུད་ནས་འཕེལ་འགྱུར་བྱུང་བ་ཞིག་རེད།  
             གཞན་བོད་ལུགས་གསོ་དཔྱད་ལ་འབུར་དུ་ཐོན་པའི་གཞུང་ལུགས་ཀྱི་ཁྱད་ཆོས་དང་། ཐུན་མིན་གྱི་རང་བྱུང་གསོ་ཐབས། ཁྱད་དུ་མཚར་བའི་ནད་ཐོག་གི་ཕན་སྐྱེད་སོགས་སྔ་ན་མ་མཆིས་པའི་སྲོག་ཤེད་ཅིག་ཡོད་པའི་དབང་གིས། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཆུ་ཀླུང་རིང་མོ་ཞིག་བརྒྱུད་ནའང་དུས་ད་ཐུག་བར་ཉམས་མེད་འགྱུར་མེད་ངང་གནས་ཐུབ་ཡོད་པ་དང་།   དེའང་ཕྱི་ལུགས་ལྟར་འཕེལ་འགྱུར་ལྟ་ཚུལ་གྱི་ངོས་ནས་བཤད་ན། གདོད་མའི་དུས་སུ་བོད་མི་རིགས་ཀྱང་འཛམ་གླིང་གི་མིའི་རིགས་སྤྱི་དང་འདྲ་བར་རང་བྱུང་ཁམས་ཀྱི་སྣང་ཚུལ་དང་སྟོབས་ཤུགས་ལ་ངོས་འཛིན་ཡང་དག་བྱེད་མ་ཐུབ་པར་འཁྲུལ་སྣང་གི་འདུ་ཤེས་ལས་ལྷ་འདྲེ་ཞེས་དངོས་པོ་ལས་འདས་པའི་སྣང་ཚུལ་བྱུང་ཞིང་།   ལུས་ཁམས་སུ་བྱུང་བའི་ནད་རིགས་ཀྱང་ལྷ་འདྲེར་འབྲེལ་བ་ཡོད་པའི་ངོས་འཛིན་ལས་གདོད་མའི་གསོ་རིག་གི་རྣམ་པ་དེ་ཕྱི་ལུགས་བཞིན་ལྷ་རིག་སྨྲ་བའི་རྣམ་པ་ཞིག་ལས་འདའ་ཐུབ་མེད་ལ།  དེ་རྗེས་འཛམ་གླིང་ཤེས་རིག་འཕེལ་རྒྱས་ཀྱི་སྤྱི་འགྲོས་ལྟར་རང་བྱུང་མཚན་ཉིད་རིག་པའི་རྣམ་པའི་སྟེང་གོམ་ཁ་ཕྱོགས་ཤིང་།  སྤྱི་ལོ་དུས་རབས་བདུན་པ་ནས་བཟུང་སངས་རྒྱས་ཆོས་ལུགས་དེ་བོད་དུ་ཆེས་ཆེར་དར་བའི་ཤུགས་རྐྱེན་ལ་བརྟེན་ནས།  བོད་ཀྱི་གསོ་རིག་གི་མ་ལག་དེའང་རང་བྱུང་མཚན་ཉིད་དང་ལུས་སེམས་སུམ་སྒྲིལ་གྱི་རྣམ་པ་(自然哲学及心身医学模式)ཞིག་ཏུ་གྱུར་ནས་གཞི་གཏན་འཁེལ་བ་མ་ཟད། དུས་ད་ལྟའི་བར་དུ་རྣམ་པ་དེ་རྒྱུན་འཁྱོངས་དང་རྨང་གཞི་བས་ཐོག་འཕེལ་རྒྱས་སུ་ཕྱིན་པ་ཞིག་རེད།   
             འོ་ན་བོད་ལུགས་གསོ་རིག་གི་རྣམ་པ་དེ་མ་གཞི་རང་བྱུང་མཚན་ཉིད་རིག་པའི་རྣམ་པ་ལས་མདུན་སྐྱོད་བྱེད་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་ཞེ་ན།   དེ་ནི་བདག་ཅག་ཚེ་རིག་འཛིན་པ་ཐུན་མོང་གིས་བསམ་གཞིགས་ཐུགས་ཁུར་གནང་དགོས་པའི་གནད་དོན་ཞིག་རེད་སྙམ་ལ།   ཕྲན་གྱིས་དཔྱད་ངོར་གཤམ་གྱི་རྒྱུ་མཚན་དག་ཡིན་པར་འདོད་དེ།   བོད་ཀྱི་ཡུལ་ལྗོངས་འདི་ཕྱི་ཡུལ་དང་འབྲེལ་འདྲེས་ཉུང་བ་དང་གཅིག བོད་ལུགས་གསོ་རིག་གི་འབྱུང་ལྔའི་རྣམ་བཤད་དང་མཚན་ཉིད་ཉི་ཤུའི་སྒོ་ནས་ནད་ཐོག་མངོན་ཚུལ་ཇི་སྙེད་འགྲེལ་བཤད་རྒྱག་ཐུབ་པ་དང་གཉིས།  སྲོལ་རྒྱུན་བསམ་བློ་གཏིང་ཟབ་ཅིང་རང་ལྟ་མཆོག་འཛིན་བྱེད་པ་དང་གསུམ། ཚན་རིག་གི་ཚོད་ལྟའི་ཞིབ་འཇུག་དར་མ་ཐུབ་པ་དང་སྤྱི་ཡོངས་སྨྲ་བའི་ཐབས་ཤེས་སྤྱད་ནས་གནས་ལུགས་བཀྲོལ་ཅི་ནུས་བྱེད་པ་དང་བཞི་་བཅས་ནི་བོད་ཀྱི་གསོ་བ་རིག་པའི་རིགས་ལམ་གྱི་རྣམ་པ་ཉིད་སྔ་སོར་ལུས་ཏེ་འཕེལ་རྒྱས་སུ་འགྲོ་མ་ཐུབ་པའི་རྒྱུ་མཚན་གཙོ་བོའི་ཕྱོགས་ཡིན་སྙམ། འོན་ཀྱང་ཡང་གཅིག་བཤད་ཚེ།   གོང་བཤད་རྒྱུ་རྐྱེན་ཁག་ལས་ཡོངས་སུ་ལྡོག་ཐུབ་ཡོད་པའི་དབང་དུ་བཏང་ན་རང་གི་ཐུན་མིན་ཁྱད་ཆོས་ལྡན་ཞིང་ཕྱི་ལུགས་གསོ་རིག་གིས་ནམ་ཡང་ཚབ་བྱེད་ཐབས་བྲལ་བའི་མཐོ་སྒང་གསོ་རིག་གི་ཐང་ཤིང་སྔོན་མོ་འདི་ད་ལྟ་ཡོད་རེ་སྐན་སྙམ།  
             དེ་བས། ས་གཞི་རི་མོ་ཆུང་དུ་འགྲོ་ཞིང་འཛམ་གླིང་གི་ཤེས་རིག་ཡོད་ཚད་གང་སར་དར་བཞིན་པའི་བརྡ་འཕྲིན་གྱི་དུས་སྐབས་(信息时代)འདིར། ང་ཚོས་གངས་ཅན་གསོ་རིག་གི་གཞི་རྩའི་གཞུང་ལུགས་རྒྱུད་འཛིན་བྱས་ཏེ།  ཐུན་མིན་ཁྱད་ཆོས་འབུར་ཐོན་དང་ཁྱད་འཕགས་དགེ་མཚན་སྔོག་འདོན་བགྱིས་ཐོག   རང་ལ་མཁོ་བའི་གཞན་གྱི་རིག་པའི་དྭངས་མ་དང་སྔོན་ཐོན་ལག་རྩལ་བསྡུ་ཤེས་ཀྱིས་རང་རེའི་ཚེ་ཡི་རིག་བྱེད་ཉིད་ཕུན་ཚོགས་གྱ་ནོམ་པར་འཕེལ་རྒྱས་སུ་བཏང་ནས།  འཛམ་གླིང་གི་འགྲོ་བ་མིའི་རིགས་ཡོངས་ལ་ལེགས་སྐྱེས་འབུལ་ཐུབ་པ་བྱེད་རྒྱུ་ནི། དུས་རབས་ཀྱིས་འོ་སྐོལ་ལ་འགན་དུ་དཀྲིས་པའི་ལས་དོན་ཁོ་ན་ལགས་སོ།  །དེའང་དུས་སྐབས་མི་འདྲ་བའི་ལོ་རྒྱུས་ཀྱི་གནས་ཚུལ་འོག་བོད་ཕྱི་གསོ་རིག་གི་རིགས་ལམ་གྱི་རྣམ་པ་མི་འདྲ་བ་བྱུང་བ་དེ་ནི་མི་གཉིས་ཡར་བསྐྱེད་བྱུང་བའི་འཚོ་བའི་རྒྱུད་རིམ་མི་འདྲ་བ་དང་གཅིག་ཏུ་མཚུངས་སོ། །           
མཇུག་བསྡུའི་གཏམ།
             དེ་ལྟར་བོད་ཕྱི་གསོ་རིག་གི་རྩ་བའི་ཁྱད་ཆོས་སྐོར་ཕན་ཚུན་གཤིབ་བསྡུར་བྱས་པ་ལས་རང་རང་སོ་སོའི་ཁྱད་ཆོས་དང་དགེ་མཚན་མཐོང་ཐུབ་ལ། ལེགས་ཆ་དང་ཞན་ཆའང་ཤན་འབྱེད་ཐུབ།   མདོར་ན་ཕྱི་ལུགས་གསོ་རིག་གིས་དབྱེ་ཞིབ་དང་ཚོད་ལྟ་ལ་བརྟེན་ནས་ཪྙོག་འཛིང་གི་གནད་དོན་རྣམས་ཇེ་སླ་རུ་གཏོང་བ་དང་།  བོད་ལུགས་གསོ་བ་རིག་པས་སྤྱི་བསྡོམས་དང་རྗེས་དཔག་ལ་བརྟེན་ནས་སྤྱིར་བཏང་གི་གནས་ལུགས་དག་ཇེ་ཟབ་ཏུ་གཏོང་མཁས་པས། ཚིག་གཅིག་གིས་དྲིལ་ན་སྔ་མ་དབྱེ་ཞིབ་ལ་རྣོ་ཞིང་ཕྱི་མ་སྤྱི་བསྡོམས་ལ་གཟུར་བ་དེའོ།  །དེ་བཞིན་སྨན་བཅོས་ལག་ལེན་སྐབས་ནད་པ་མྱུར་སྐྱོབ་ཀྱི་ཐད་ནས་བཤད་ན། བོད་ལུགས་ལས་ཕྱི་ལུགས་མྱུར་བས་ཤིན་ཏུ་རྣོ་བའི་ཁྱད་ཆོས་ལྡན་པ་དང་།  དེ་མིན་སྨན་རིགས་རྒྱུན་དུ་བསྟེན་མཁན་གྱི་ཟུངས་ཟད་ནད་པ་ཞིག་ལ་མཚོན་ན། ཕྱི་ལུགས་ལས་བོད་ལུགས་སྙོམས་པས་སྨན་གྱི་ཞོར་སྐྱོན་མེད་ཅིང་ལུས་ཁམས་སྙོམས་སྒྲིག་བྱེད་པའི་དགེ་མཚན་ཆེའོ། །  
             དེའི་ཕྱིར། ཁོ་བོའི་བལྟས་ངོར་ནི་བོད་ཕྱི་གསོ་རིག་གང་ཡིན་ཡང་ལུས་ནད་གཉེན་པོ་གསུམ་གའི་སྣང་ཚུལ་དང་ཆོས་ཉིད་ཀྱི་ཕྱོགས་གཅིག་མཐོང་ཡོད་པ་ལས་ཆ་ཡོངས་སུ་ཚང་བའི་ཚན་རིག་ཅིག་ཏུ་མི་སྲིད་སྙམ་པས།  ང་ཚོས་བོད་ཕྱི་སྨྲ་བ་གང་ཡིན་ཡང་ཕན་ཚུན་སློབ་སྦྱོང་དང་། དགེ་ལེན་སྐྱོན་སེལ་གྱིས་རང་ཉིད་འཐུས་ཚང་དུ་གཏོང་བར་འབད་བརྩོན་བྱེད་རྒྱུ་མ་གཏོགས། ཅིག་ཤོས་ཀྱི་གཞུང་ལུགས་དང་། ཐབས་ཚུལ། ཚད་གཞི་བཅས་སྤྱད་ནས་ཅིག་ཤོས་ལ་འགྲེལ་བཤད་དང་། ར་སྤྲོད། བསྒྱུར་བཅོས་བཅས་བྱེད་པ་གཏན་ནས་མ་ཡིན་ལ། གཅིག་ཚབ་གཅིག་གིས་བྱེད་པའམ་ཅིག་ཤོས་མེད་པར་བཟོ་བ་ནི་དེ་བས་ཀྱང་མ་ཡིན་ནོ། །