ང་ཚོས་རྒྱུན་དུ་ཟ་མ་ཟ་སྐབས་མང་དྲག་པའི་གནས་ཚུལ་ཐོན་སྲིད་པ་དང་། དཔེར་ན་ནམ་རྒྱུན་ཟ་མ་ཟ་སྐབས་དོ་སྣང་མ་བྱུང་བར་རྒྱགས་དྲག་པ་ཡོང་སྲིད། དེ་ཡང་རྐང་བཙུགས་ནས་ཟས་པ་མིན། དེ་རིང་ང་ཚོས་དོ་སྣང་མ་བྱུང་བར་ཟ་ཡས་མང་དྲག་པའི་རྒྱུ་མཚན་སྐོར་དང་ནམ་རྒྱུན་བཟའ་རྒྱུ་མང་དྲག་ན་ལུས་གཟུགས་ལ་ཤུགས་རྐྱེན་གང་འདྲ་ཐེབས་པའི་ཐད་གླེང་མོལ་བྱེད་རྒྱུ་ཡིན།
མ་གཞི་དངོས་སུ་གྲོད་པ་འགྲངས་པ་དང་ང་ཚོས་འགྲངས་ཡོད་པ་ཚོར་བའི་བར་ལ་དུས་ཀྱི་བར་སྟོང་ཞིག་ཡོད་པ་དང་། འདི་ནི་ཟོས་ནས་འགྲངས་པ་དང་ང་ཚོའི་ཕོ་བས་ཆ་འཕྲིན་དེ་ཀླད་པར་སྐྱེལ་བ་དང་། དེ་ནས་ཀླད་པས་ཚུར་སྣང་བྱས་ཏེ་ཁྱེད་ཀྱི་ལག་པ་དང་ཁ་ལ་ཚོད་འཛིན་གྱིན་ཡོད། འདི་ནི་ཕལ་ཆེར་དུས་ཚོད་སྐར་མ་20ཡི་རྗེས་ཡིན་པ་རེད། ཁྱེད་ཀྱིས་བསམ་ཞིག་གྱིས་དང་། སྐར་མ་ཉི་ཤུའི་རིང་ཐུང་ལ་ང་ཚོས་མུ་མཐུད་དུ་ཟ་བཞིན་ཡོད་པས། དེ་ལྟར་བྱས་ཚེ་གྲོད་པ་རྒྱགས་དྲག་པའི་གནས་ཚུལ་མི་ཡོང་ག་ལ་སྲིད།
དེ་ན་ནམ་རྒྱུན་བཟའ་རྒྱུ་མང་དྲག་ཚེ་ལུས་གཟུགས་ལ་ཤུགས་རྐྱེན་གང་འདྲ་ཡོད་དམ་ཅེ་ན། ཆེས་ཐད་ཀར་གྱིས་བཤད་ན་ང་ཚོའི་ཕོ་བ་ཇེ་ཆེར་ཆགས་ནས་ནང་ཁྲོལ་གཞན་དག་ལ་བཙུར་སྣོན་ཐེབས་ཏེ་གསུས་པ་སྦོས་པ་དང་། སྐྱུག་མེར་ལངས་པ། ཕྱིར་སྐྱུག་པ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད་ཀྱི་རེད།
དེ་ལས་ཞིབ་འཇུག་གཞན་ལས་ཤེས་རྟོགས་བྱུང་བར། ཚིལ་རྒྱུ་འདུས་ཚད་མཐོ་བ་དང་ནུས་པ་མཐོ་བའི་ཟ་མ་མང་པོ་ཟས་ན་སྐྱོ་སྣང་དང་། བྲེལ་འཚུབ། ཁོང་ཁྲོ་ལངས་པའི་བསམ་ཚོར་ཇེ་མང་དུ་འབྱུང་བ་དང་། འགྱུར་ལྡོག་འདི་དག་ལས་མཚན་མོའི་གཉིད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད།
རྒྱུན་དུ་ཟ་རྒྱུ་མང་དྲག་ན་ཚད་ལས་བརྒལ་བའི་འཚོ་བཅུད་བསྡུ་ལེན་བྱས་ཏེ་གཟུགས་པོ་མི་བདེ་པའི་གནས་ཚུལ་ཐོན་གྱི་རེད། ཟ་རྒྱུ་མང་དྲག་པ་ནི་ནད་གཞི་མང་པོ་ཞིག་གི་འབྱུང་ཁུངས་ཡིན་པ་དང་། ཚེ་སྲོག་གི་ཉེན་ཁ་ཇེ་ཆེར་འགྲོ་ཉེན་ཡོད། དེ་ནས་རྒྱུན་དུ་གྲོད་པ་རྒྱགས་པར་ཟས་ན་མིའི་ལུས་ཕུང་གི་ཟ་འདོད་ཀྱི་ཀུན་སློང་སྙོམས་སྒྲིག་བྱེད་པ་གཏོར་ནས་གང་བྱུང་དུ་ཟ་འཐུང་བྱེད་པའི་གོམས་གཤིས་ངན་པ་ཆགས་སྲིད།
དེར་བརྟེན་ང་ཚོས་ཟ་མ་ཟ་སྐབས་བརྒྱ་ཆ་བརྒྱད་ཅུ་ཙམ་རྒྱགས་ན་ཆོག་པ་རེད། འདི་འདྲ་བྱས་ཚེ་ང་ཚོར་ཕལ་ཆེར་མི་བདེ་དང་མི་སྐྱིད་པའི་སྣང་ཚུལ་མི་འབྱུང་ལ། ཟས་ཟ་སྐབས་མང་ཙམ་ལྡད་ནས་དལ་མོར་ཟས་ཏེ་ཀླད་པར་ཚུར་སྣང་གི་དུས་ཚོད་ངེས་ཅན་སྤྲོད་རྒྱུ་གལ་ཆེན་པོ་རེད།
རྩོམ་སྒྲིག་པ། མང་ག་མཚོ།