ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

ནད་དུག་འདི་འགོ་སླ་བའི་དུས་སུ་སླེབས་པས་ཀུན་གྱིས་གཟབ་པར་འཚལ།

སྤེལ་དུས 2023-10-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
              ལོ་རེའི་ཟླ10བ་ནས་ཕྱི་ལོའི་ཟླ3པའི་བར་ནི་ནོ་རོ་ནད་དུག་འགོ་ཚད་ཆེ་བའི་དུས་ཚིགས་ཤིག་ཡིན་ཞིང་། སློབ་གྲྭ་དང་བུ་བཅོལ་ཁང་སོགས་མི་ཚོགས་མང་ས་ནི་ནོ་རོ་ནད་དུག་འགོ་ཁྱབ་ཆེ་ས་ཡིན། ཀྲུང་གོ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་མཇུག་སྒྲིལ་ནས་སློབ་གྲྭར་ཕྱིར་ཚོགས་རྗེས་སུ། སློབ་གྲྭ་སོགས་ས་ཆ་གལ་ཆེན་དག་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པའི་སྐུལ་མ་བཏང་ཡོད།

              ཀྲུང་གོ་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་དྲན་སྐུལ་བྱས་པ་ལྟར་ན། ནོ་རོ་ནད་དུག་ནིRNAནད་དུག་ཡིན་པས་དེ་གཞན་འགྱུར་འབྱུང་སླ་བ་དང་། ལོ་འགའ་རེའི་རྗེས་སུ་གཞན་འགྱུར་གྱི་དུག་སྡོང་གསར་པ་བྱུང་ནས་གོ་ལ་ཧྲིལ་པོའམ་ཡང་ན་ས་ཁོངས་རང་བཞིན་གྱི་རིམས་ནད་མཆེད་ཀྱི་ཡོད།
              ནོ་རོ་ནད་དུག་གི་ནད་རྟགས་མི་མངོན་པའི་དུས་ཡུན་ཆུ་ཚོད12ནས་ཆུ་ཚོད72བར་ཡིན་ཞིང་།  སྤྱིར་བཏང་ཆུ་ཚོད24ནས48བར་ཡིན། རྒྱུན་མཐོང་གི་ནད་རྟགས་ནི་སྐྱུག་མེར་ལངས་པ་དང་།  ཚ་བ་རྒྱག་པ།  གྲོད་པ་ན་བ།  ཁོག་པ་བཤལ་བ་བཅས་ཡིན་ཞིང་། ཡང་ནད་པ་ཁ་ཤས་ལ་མགོ་ན་བ་དང་གྲང་ངར་མི་གཟོད་པ།  ཤ་གནད་ན་བ་སོགས་ཀྱི་ནད་རྟགས་ཀྱང་ཡོད། བྱིས་པར་མཚོན་ན་གཙོ་བོ་སྐྱུག་མེར་ལངས་བའི་ནད་རྟགས་མངོན་པ་དང་། དར་མར་མཚོན་ན་གཙོ་བོ་ཁོག་པ་བཤལ་བའི་ནད་རྟགས་ཡོད།
              ནོ་རོ་ནད་དུག་ལ་མིག་སྔར་ད་དུང་འགོག་སྨན་ནུས་ལྡན་ཞིག་མེད་ན་ཡང་། ནད་པ་མང་ཆེ་བར་ན་ཚ་ལྕི་མོ་མི་ཕོག་པས་སྨན་བཅོས་བྱེད་མི་དགོས་ལ། ཉིན་གཉིས་ནས་གསུམ་ལ་ངལ་གསོ་ཡག་པོ་བྱས་ན་ནད་པ་དྲག་སྐྱེད་འབྱུང་སྲིད།

              ཀྲུང་གོ་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་འདི་སྐད་དུ། བྱིས་པ་དང་རྒན་རྒོན། ལྷག་པར་དུ་རྨང་གཞིའི་རང་བཞིན་གྱི་ནད་ཡོད་པའི་རྒན་རྒོན་སོགས་ཐེངས་དུ་མར་སྐྱུག་པའམ་ཁོག་པ་བཤལ་ནས་ལུས་ཆུ་ཤོར་བ་སོགས་ཀྱི་ནད་རྟགས་ཚབས་ཆེན་བྱུང་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་ཞེས་དྲན་སྐུལ་བྱས་ཡོད།
              མི་རྣམས་ཀྱིས་རང་ལུས་ལ་སྲུང་སྐྱོང་ལེགས་པོ་བྱེད་པ་དང་། བཟའ་བཏུང་གི་གཙང་སྦྲར་དོ་སྣང་བྱེད་དགོས། ནད་པ་ཚོས་རབ་ཡིན་ན་དྲག་སྐྱེད་མ་བྱུང་བར་དུ་མི་གཞན་དང་འབྲེལ་འདྲིས་མི་བྱེད་པར་ཁེར་འདུག་བྱེད་དགོས་ཤིང་།  འཚོ་གནས་ཀྱི་ཁོར་ཡུག་ལ་གཙང་སྦྲ་དང་དུག་སེལ་ལེགས་པོ་བྱེད་དགོས།

རྩོམ་སྒྲིག་པ། རིག་གྲོལ།