ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

ཏོག་གསར་གློ་ཚད་དང་ཆམ་རིམས་སོགས་སྡེབ་འདྲེས་ཀྱིས་མཆེད་ཉེན་ཆེ།

སྤེལ་དུས 2023-11-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

                གཙོ་གནད་བྱ་ཐབས་དྲུག་བཏོན་ནས་ཏོག་གསར་གློ་ཚད་དང་དེ་བཞིན་འགོ་ནད་གཞན་དག་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱ་རྒྱུ་ཡིན།
               ཚེས24ཉིན། གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས《དགུན་དུས་དང་དཔྱིད་དུས་ཀྱི་ཏོག་གསར་གློ་ཚད་ནད་དུག་འགོས་ཁྱབ་དང་དེ་བཞིན་འགོ་ནད་གཙོ་བོ་གཞན་དག་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ས་གནས་ཁག་དང་སྡེ་ཚན་ཁག་གིས་དགུན་དུས་དང་དཔྱིད་དུས་ཀྱི་ཏོག་གསར་གློ་ཚད་ནད་དུག་དང་དེ་བཞིན་འགོ་ནད་གཙོ་བོ་གཞན་དག་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་ནས་མི་དམངས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུར་མཛུབ་ཁྲིད་བྱས་ཡོད། 
              ངོ་སྤྲོད་བྱས་པར་གཞིགས་ན། དགུན་དུས་དང་དཔྱིད་དུས་ནི་ཏོག་གསར་གློ་ཚད་ནད་དུག་དང་། ཆམ་རིམས། ནུའོ་རུའུ་ནད་དུག་གི་རྒྱུ་མའི་གཉན་ཚད་སོགས་ཀྱི་འགོ་ནད་དང་དེ་བཞིན་གློ་ཚད་ཕྲ་གྱེས་གདོད་གཟུགས་སོགས་རིམས་ནད་ཐོན་མང་བའི་དུས་ཚིགས་ཤིག་རེད། མིག་སྔར་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་མོད། འོན་ཀྱང་དགུན་དུས་སུ་རང་རྒྱལ་གྱི་ཏོག་གསར་གློ་ཚད་རིམས་ནད་བསྐྱར་ལོག་གི་ཉེན་ཁ་སྔར་བཞིན་གནས་ཡོད། 2023ལོའི་ཟླ10པའི་ཚུན། རང་རྒྱལ་གྱི་ཆམ་རིམས་དང་གློ་ཚད་ཕྲ་གྱེས་གདོད་གཟུགས་འགོ་ནད་རིམ་བཞིན་ཐོན་མང་དུ་སོང་ཞིང་། སྔོན་དཔག་བྱས་པར་གཞིགས་ན་རྒྱལ་ཡོངས་སུ་དགུན་དུས་དང་དཔྱིད་དུས་ཀྱི་ཆམ་རིམས་འགོས་ཁྱབ་ཐོན་མང་ཤོས་ཡིན་ལ། གློ་ཚད་ཕྲ་གྱེས་གདོད་གཟུགས་སླད་ཕྱིན་དུས་སྐབས་ཤིག་གི་རིང་ས་ཁུལ་ཁག་གཅིག་ཏུ་སྔར་བཞིན་ཐོན་མང་དུ་འགྲོ་རྒྱུ་རེད། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་རང་རྒྱལ་དུ་ཏོག་གསར་གློ་ཚད་དང་། ཆམ་རིམས། གློ་ཚད་ཕྲ་གྱེས་གདོད་གཟུགས་སོགས་དབུགས་ལམ་གྱི་ནད་རིགས་མང་པོ་སྡེབ་འདྲེས་ངང་འགོས་ཁྱབ་འགྲོ་བའི་རྣམ་པ་ཐོན་སྲིད།
             དེར་བརྟེན་བརྡ་ཐོའི་ནང་འགག་སྒོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། རིམས་ནད་གནས་ཚུལ་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡ་རྒྱུན་མཐུད་ངང་སྤེལ་བ། གཙོ་གནད་སྒྲིག་གཞི་དང་གཙོ་གནད་མི་ཚོགས་ཀྱི་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། སྨན་བཅོས་སྲོག་སྐྱོབ་ཀྱི་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོར་མུ་མཐུད་ཤུགས་སྣོན་རྒྱག་པ། རྩ་འཛུགས་ཀྱི་འགོ་ཁྲིད་དང་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་སོགས་གཙོ་གནད་བྱ་ཐབས་དྲུག་བཏོན་ཡོད།
             བརྡ་ཐོའི་ནང་བསྟན་དོན། འགག་སྒོས་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་ལ་ཚ་བ་ལྟ་བ་དང་། གསོ་རིག་སྐོར་ཞིབ། རིམས་ནད་རིག་པའི་བརྟག་དཔྱད། གསོ་རིག་གི་གྲལ་བཤེར་སོགས་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས། གཏན་འབེབས་ལྟར་ཏོག་གསར་གློ་ཚད་ནད་དུག་ངོ་འགྱུར་དུག་སྲིན་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། ནད་ཡམས་ཚོད་འཛིན་དང་། འཕྲོད་བསྟེན་བདེ་ཐང་། འགག་སྒོའི་སྡེ་ཚན་བཅས་ཀྱིས་གཞི་གྲངས་མཉམ་སྤྱོད་དང་ཆ་འཕྲིན་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། ཉེན་ཁ་ཞིབ་འཇུག་བརྡར་གཅོད་དང་སྔོན་དཔག་ཉེན་བརྡ་གཏོང་བའི་ལས་དོན་མཉམ་དུ་སྤེལ་དགོས་ལ། རང་འགུལ་ངང་བདེ་ཐང་རེ་ཞུའི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་དགོས།
             བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་ཁག་གིས་ཏོག་གསར་གློ་ཚད་ནད་དུག་དང་། ཆམ་རིམས། ནུའོ་རུའུ་ནད་དུག་གི་རྒྱུ་མའི་གཉན་ཚད་སོགས་འགོ་ནད་གཙོ་བོར་ལྟ་ཞིབ་ཚད་ལེན་བྱས་ནས་རིམས་ནད་ཀྱི་དུས་བབ་འགྱུར་ལྡོག་ལ་རྗེས་འདེད་དམ་ཟབ་བྱེད་དགོས། དྲ་རྒྱའི་ཐད་ཞུ་དང་། ཚ་རྒྱས་སྒོ་བསྟེན་སྨན་ཁང་། སོ་ལྟ་སྨན་ཁང་། ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་སོགས་ཁུངས་མང་པོའི་གཞི་གྲངས་དབྱེ་ཞིབ་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་དོན་དངོས་དང་ཟུང་འབྲེལ་གྱིས་དོས་དྲག་རང་བཞིན་གྱི་དབུགས་ལམ་འགོ་ནད་ཀྱི་ནད་རྐྱེན་མང་པོའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་བྱེད་པ་དང་། ཁྲིམས་གཏན་འཁེལ་བའི་འགོ་ནད་ཀྱི་ཆ་འཕྲིན་སྙན་སེང་ཞུ་རྒྱུར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཆ་འཕྲིན་སྙན་ཞུའི་དུས་ཐོག་རང་བཞིན་དང་གནད་འཁེལ་རང་བཞིན་ལ་འགན་ལེན་བྱེད་དགོས།
             གཞན་ཡང་ས་གནས་ཁག་གིས་རྒན་གསོ་དང་། བུ་བཅོལ། སློབ་གྲྭ། སྤྱི་ཚོགས་ཕན་བདེ་སོགས་སྒྲིག་གཞི་དང་དེ་བཞིན་བར་མཐོངས་བཀག་སྡོམ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱུན་གཏན་གྱི་འགོག་སྲུང་དང་བདེ་ཐང་ལྟ་ཞིབ་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རྒན་རྒོན་དང་། རྨང་གཞིའི་རང་བཞིན་གྱི་ནད་ཡམས་ཕོག་མཁན། བྱིས་པ་སོགས་གཙོ་གནད་མི་ཚོགས་ལ་ཏོག་གསར་གློ་ཚད་དང་། ཆམ་རིམས། གློ་ཚད་ཟླུམ་སྲིན་བཅས་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། ལོ65ཡན་གྱི་རྒན་རྒོན་སོགས་ཉམས་ཞན་མི་ཚོགས་ལ་རིགས་དབྱེ་རིམ་དབྱེའི་བདེ་ཐང་ཞབས་ཞུ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

རྩོམ་སྒྲིག་པ། མང་ག་མཚོ།