ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

མཁལ་མར་གནོད་པའི་བྱ་སྤྱོད་འདི་རིགས་སྤོང་བར་བྱ།

སྤེལ་དུས 2025-02-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

            རྒྱུན་ལྡན་འཚོ་བའི་ཁྲོད། ང་ཚོས་ནམ་རྒྱུན་མཁལ་མའི་བདེ་ཐང་གི་གནད་དོན་སྐོར་གླེང་བཞིན་པ་དང་། ཐ་ན་མི་འགའ་རེས་ད་དུང་མཁལ་མ་གཉིས་ཡོད་པས་གཅིག་མེད་ན་སྐྱོན་ཡོད་པ་མ་རེད་ཅེས་ཀུ་རེ་ཚུལ་དུ་བརྗོད་ཀྱི་ཡོད། དོན་དམ་དུ་དེ་འདྲ་ཡིན་ནམ། མཁལ་མའི་བྱེད་ནུས་ནི་ཅི་ཞིག་ཡིན། རྒྱུན་ལྡན་འཚོ་བའི་ཁྲོད་ཉམས་མི་འཇོག་པའི་མཁལ་མར་གནོད་པའི་བྱ་སྤྱོད་གང་དག་ཡོད་དམ།  

   

             མཁལ་མའི་བྱེད་ནུས་གང་ཡིན་ནམ། 

            རྒྱུན་ལྡན་གྱི་མིར་མཁལ་མ་གཉིས་ཡོད་ཅིང་། གསུས་ཁོག་རྒྱབ་ལོགས་ཀྱི་སྒལ་ཚིགས་ཀྱི་གཡས་གཡོན་ལོགས་གཉིས་ན་མཁལ་འབྲས་རེ་རེ་ཡོད་པ་དང་། སྤྱིར་བཏང་གཡས་ཕྱོགས་ཅུང་དམའ་བ་དང་གཡོན་ཕྱོགས་ཅུང་མཐོ་བ་ཡོད་ལ། ཕྱི་དབྱིབས་རྒྱ་སྲན་དང་འདྲ་པོ་ཡོད།  

            མི་ལ་ལས་མཁལ་མ་གཉིས་ཡོད་པས་གཅིག་མེད་ན་ཁྱད་པར་ཆེན་པོ་མེད་ཟེར་བཞིན་ཡོད་མོད། འོན་ཀྱང་དོན་དམ་པར་དེ་ལྟར་མིན། མཁལ་མས་ང་ཚོའི་ལུས་པོའི་ཁྲོད་ལུས་ཁམས་ཀྱི་ནུས་པ་གལ་ཆེན་འདོན་བཞིན་ཡོད་དེ། ལུས་ཀྱི་ཆུ་ཁམས་ཀྱི་དྭངས་མི་རིགས་ས་ཁོངས་རང་སྐྱོང་ལུས་ལ་སྐྱེལ་ཞིང་སྙིགས་མ་རྣམས་རྒྱུ་གྲོག་རྩའི་བརྒྱུད་ལྒང་པ་སྐྱེལ་བཞིན་པ་མ་ཟད། ཁྲག་གནོན་སྙོམས་སྒྲིག་དང་། རུས་པའི་བདེ་འཇགས་རྒྱུན་འཁྱོངས།  ཕྲ་ཕུང་དམར་པོ་གྲུབ་པ་སོགས་ལུས་ཁམས་ཀྱི་བརྒྱུད་རིམ་མང་པོའི་ནང་ནུས་པ་འདོན་བཞིན་ཡོད་པས། མི་ལུས་ཀྱིས་ནང་ངོས་ཁོར་ཡུག་དོ་སྙོམས་ཡོང་བར་བྱེད་པའི་དབང་པོའི་གྲུབ་ཆ་མེད་དུ་མི་རུང་ཞིག་ཡིན། 

            བྱེད་ནུས་ཉམས་པར་འགྱུར་མ་ཐག་ལུས་ཕུང་གིས་ཚབ་བྱ་ཐབས་བྲལ་བར་གྱུར་སྐབས། མཁལ་མའི་བྱེད་ནུས་མི་ཚང་བ་དང་། ཐ་ན་གཅིན་དུག་ནད་སློང་བ་དང་ལུས་པོའི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིད། 

   

            བདེ་ཐང་གི་མཁལ་མ་ཞིག་དགོས་བསམ་ན།  དོན་དག་རིགས་འདི་5ལས་གཡོལ་དགོས།  

            གཅིན་བསྲན་པ།  

            དུས་ཡུན་རིང་པོར་གཅིན་བསྲན་ན་གཅིན་པ་ལྒང་བུའི་ནང་ཡུན་རིང་གསོག་ཐེབས་ནས། གཅིན་པ་ཡར་བསྐྱོད་དུ་བཅུག་ནས།  མཁལ་མར་གནོད་སྐྱོན་ཐེབས་པ་དང་། གཅིན་ལམ་གཉན་ཚད་དང་རྡེའུ་སྐྲན་སློང་སྲིད།  

            གཉིད་བཅག་པ། 

            དུས་ཡུན་རིང་པོར་གཉིད་བཅག་ན་མི་ལུས་ཀྱི་སྐྱེ་དངོས་དུས་ཚོད་ལ་གཏོར་བརླག་སོང་ནས། མཁལ་མའི་དབང་པོའི་ངལ་གསོ་དང་སླར་གསོ་ལ་ཤུགས་རྐྱེན་ཐེབས་སྲིད་པས། ལས་བྱེད་དང་ངལ་གསོའི་དུས་ཚོད་བཟང་པོ་དང་གཉིད་འདང་ངེས་རྒྱུན་འཁྱོངས་བྱེད་དགོས། དགོང་མོར་ཆུ་ཚོད་11གི་སྔོན་དུ་གཉིད་ཉལ་དགོས་པ་དང་། ཆུ་ཚོད་7ནས་8བར་གྱི་གཉིད་ཉལ་བའི་དུས་ཚོད་རྒྱུན་འཁྱོངས་བྱེད་དགོས།  

            ཟ་ཡ་བཟང་དྲགས་པ། 

            སྤྲི་དཀར་མང་བ་དང་ཚྭ་ཁུ་མང་མའི་བཟའ་བཏུང་གིས་མཁལ་མའི་གནོན་ཤུགས་ཆེར་བཏང་ནས་རྡེའུ་སྐྲན་འབྱུང་དུ་འཇུག་སླ། སྔོ་ཚལ་དང་ཤིང་ཏོག་ཟ་ཚད་དེར་བསྟུན་གྱིས་མང་དུ་བཏང་ནས། འཚོ་བཅུད་དོ་སྙོམས་ཡོང་བར་འགན་ལེན་བྱེད་དགོས། 

            ངལ་དུབ་ཚད་ལས་བརྒལ་བ།  

            ངལ་དུབ་ཚད་ལས་བརྒལ་སྐབས་ལུས་པོ་གྲིམ་འཁུམ་གྱི་གནས་སུ་ཡོད་པས་མཁལ་མའི་རྒྱུན་ལྡན་གྱི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་སྲིད། ལས་ཀ་དང་ངལ་གསོའི་དུས་ཚོད་བཀོད་སྒྲིག་ལུགས་དང་མཐུན་པ་བྱས་ནས། ལས་ཀ་ལྗིད་མོ་མི་བྱེད་པ་དང་དུས་ཡུན་རིང་པོར་ངལ་དུབ་ཚད་ལས་བརྒལ་མི་རུང་།  

            ཆུ་འཐུང་ཚད་མི་འདང་བ།  

            ཆུ་འཐུང་ཚད་མ་འདང་ཚེ། གཅིན་པ་གར་དུ་སོང་ནས་རྡེའུ་སྐྲན་དང་གཉན་ཚད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད། དེའི་ཕྱིར་ཉིན་རེར་ཆུ་འདང་ངེས་ཤིག་འཐུང་དགོས་ཤིང་། གཅིན་པའི་ཁ་དོག་དྭངས་མའམ་སེར་སྐྱ་ཡིན་ན་འོས་ཤིང་འཚམ་པ་ཡིན་ལ། དེ་ལྟར་བྱས་ན་རྡེའུ་སྐྲན་དང་གཅིན་ཟགས་སྐྱེ་འཕེལ་ལམ་གྱི་གཉན་ཚད་འཇུ་རིགས་སྔར་ལས་དམའ་རུ་གཏོང་ཐུབ།  

   

            གཤམ་གསལ་གྱི་གནས་ཚུལ་འདི་རིགས་ཐོན་ཚེ། དུས་ཐོག་ལ་སྨན་པ་བསྟེན་དགོས། 

            སྤྱིར་མཁལ་མའི་ནད་ཀྱི་དམིགས་བསལ་ནད་རྟགས་སུ་གཅིན་པ་རྒྱུན་ལྡན་མིན་པ་དང་སྐྲངས་སྦོས་སོགས་ཚུད་ཅིང་། ནད་རྟགས་དེ་རིགས་ཀྱིས་མཁལ་མའི་གནད་དོན་གསལ་སྟོན་བྱེད་བཞིན་ཡོད་པས། དུས་ཐོག་ལ་སྨན་པ་བསྟེན་ནས་ནད་གཞི་བརྟག་དཔྱད་དང་སྨན་བཅོས་བྱ་དགོས།   

            གཅིན་པའི་ནང་དུ་ཁྲག་ཤ་དང་ཁྲག་དམར་ཐོན་པའམ་གཅིན་པ་ཉག་ཉོག་ཡིན་རིགས་དང་། 

            རྒྱུན་མཐུད་ཀྱི་སྐེད་པ་ན་བའམ་ཕོ་ཞབས་ན་བའི་རིགས། 

            གཅིན་པ་གཏོང་འདོད་ཆེ་བ་དང་གཅིན་པ་མང་བ། གཅིན་བྲེལ་ཆེ་བའི་རིགས།  

            ངལ་དུབ་པ་དང་ནུས་ཤུགས་ཟད་པ། ལུས་པོའི་ལྗིད་ཚད་ཡང་དུ་སོང་བའི་རིགས། 

            ཆུ་སྐྲངས་དང་ཁྲག་ཤེད་མཐོ་བའི་རིགས་བཅས་སོ།།