དུས་སྐབས་དང་པོ། སྔ་རབས་བོད་ཀྱི་སྨན་དཔྱད་འགོ་ཚུགས་པ་དང་གོང་འཕེལ་བྱུང་བའི་སྐོར། བོད་ཀྱི་གསོ་བ་རིག་པ་ཆེས་རྩ་བའི་རྩ་བར་གྱུར་པ་ནི། བོད་མི་རིགས་རང་ཉིད་ཀྱིས་སྲོལ་གཏོད་དར་སྤེལ་བྱས་པ་ཞིག་ཡིན། དེ་ཡང་། ཐོག་མར་བོད་དང་། མཐའ་འཁོར་གྱི་མི་རིགས་ཁག་དང་། རྒྱལ་ཁབ་ཁག་དབར་ཕན་ཚུན་འགྲོ་འོང་ཆེས་ཉུང་བའི་སྐབས་ཏེ། བོད་ཡོངས་གཅིག་གྱུར་གྱི་ཐོག་མའི་རྒྱལ་པོ་མི་རྗེ་གཉའ་ཁྲི་བཙན་པོའི་དུས་ནས་བོད་དུ་སྨན་དཔྱད་ཀྱི་ལག་ལེན་ཡོད་པ་རྗེས་དཔག་བྱེད་ཐུབ། གང་ལགས་ཤེ་ན།གཉའ་ཁྲི་བཙན་པོ་སྲིད་ཁྲིར་འཁོར་འཁོད་སྐབས། ཆབ་འབང་དང་།རྒྱལ་སྲིད་ལ་གནོད་པ་ཡོད་པའི་དོགས་པ་དྲུག་བཏོན་ཏེ། དེ་དག་གི་གནོད་པ་སེལ་བའི་ཐབས་ཇི་ལྟར་ཡོད་ཅེས་དྲི་བ་མཛད་པ་ན་བོན་ཤེས་པ་ཅན་རྩིབས་ལྷ་སྐར་མ་ཡོལ་ལྡེས་གནོད་པ་རེ་རེ་བཞིན་སེལ་བའི་ཐབས་ཡོད་པའི་ལན་ཞུས་པའི་ནང་། དུག་གི་གནོད་པ་བྱུང་ན་ཇི་ལྟར་བྱ། ཞེས་དྲིས་པ་ནི། དེ་ལ་ཕན་པའི་ཐབས་སྨན་བསྟེན་རྒྱུ་ཡོད། ཅེས་ལན་བཏབ་ཡོད་པ་དང་། གཞན་ཡང་ཕན་ཤེས་སྨན་དཔྱད་པ་དང་། སྐོར་ཤེས་རྩིས་པ་སོགས་ཡོད་པ་ལོ་རྒྱུས་ཀྱི་ཡིག་རིགས་དུ་མ་ལས་གསལ་བའི་ཕྱིར་ནའོ། དེ་ནས་བཟུང་སྟེ་བོད་ཀྱི་མེས་པོ་མཁས་མཛངས་ལྡན་པ་རྣམས་ནས། ནད་བཅོས་ནད་འགོག་གི་བྱ་བར་འབད་བརྩོན་ཆེས་ཆེར་གནང་སྟེ་ཉམས་མྱོང་མང་པོ་བསགས་པར་བརྟེན། བོད་ཀྱི་རྒྱལ་རབས་༢༧པ་ལྷ་ཐོ་ཐོ་རི་གཉན་བཙན་བར་དུ་རིམ་གྱིས་གོང་འཕེལ་བྱུང་བ་ཞིག་རེད། དེ་ལྟར་བོད་དུ་སྨན་དཔྱད་ཀྱི་ལག་ལེན་ཡོད་པ་ཡིག་རིགས་ལས་གསལ་བ་ནས་བཟུང་ད་བར་མི་ལོ། ༢༡༢༡སོང་།
དུས་སྐབས་གཉིས་པ། བོད་ཀྱི་རྒྱལ་རབས་༢༧པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་དེ་སྔའི་སྨན་དཔྱད་ལག་ལེན་མ་ཉམས་དར་བཞིན་པའི་སྟེང་དུ་རྒྱ་གར་ནས་བི་ཇི་དགའ་བྱེད་དང་བི་ལྷ་དགའ་མཛེས་ཟེར་བའི་སྨན་པ་གཉིས་བོད་དུ་ཕེབས། གསོ་དཔྱད་ཀྱི་ལག་ལེན་གནང་བས་ནམ་ཞིག་ན་རྒྱལ་པོས་ཀྱང་གསན་ནས་དགའ་བསུ་དང་གཟེངས་བསྟོད་གནང་། ཕྱི་ཕྱོགས་ཀྱི་གསོ་དཔྱད་ལག་ལེན་དང་བོད་ལུགས་གསོ་དཔྱད་མཉམ་འབྲེལ་ཐོག་ནད་བཅོས་སྨན་དཔྱད་ཀྱི་ལག་ལེན་གནང་། སྨན་པ་དུང་གི་ཐོར་ཅོག་ཅན་སོགས་སྨན་པ་ཁག་གཅིག་སྐྱོང་གནང་བ་སོགས་ཕྱི་ཕྱོགས་དང་ཐོག་མའི་འབྲེལ་ཟབ་བཙུགས་ཏེ་གསོ་དཔྱད་ཀྱི་བྱ་བ་གོང་མཐོར་བཏང་ཡོད། དུས་སྐབས་འདིར་བོད་དུ་དམ་པ་ཆོས་ཀྱི་དབུ་བརྙེས་ཞེས་གྲགས།དེ་ནས་ད་བར་མི་ལོ་༡༧༩༡སོང་།
དུས་སྐབས་གསུམ་པ། བོད་ཀྱི་རྒྱལ་རབས་༣༣་པ། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཆོས་བློན་ཐོ་མི་སམ་བྷོ་ཊ་རྒྱ་གར་དུ་ཕེབས།། བློན་ཆེན་མགར་རྒྱ་ནག་དང་བལ་ཡུལ་དུ་ཕེབས་ནས་མཐའ་སྐོར་གྱི་རྒྱལ་ཁབ་ཁག་དང་། མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་མཛའ་མཐུན་གྱི་འབྲེལ་བ་གཏིང་ཟབ་བཙུགས། རྒྱ་གར། རྒྱ་ནག་ བལ་ཡུལ་སོགས་ནས་པཎྜི་ཏ་དང་མཁས་པ་མང་པོ་གདན་འདྲེན་ཞུས། ཡི་གེ་གཙོར་གྱུར་གྱི་བོད་ཀྱི་རིག་གནས་མཐའ་དག་སྔར་ལས་ལྷག་པའི་གོང་འཕེལ་བཏང་། བོད་ཀྱི་སྨན་པ་རྣམས་ནས་བོད་དར་རིག་གནས་ཁོ་ནར་བློ་ཡིད་ཚིམ་ནས་མ་བསྡད་པར་མི་རིགས་དང་རྒྱལ་ཁབ་གཞན་དག་གི་གསོ་རིག་རིག་གཞུང་དང་ལག་ལེན་ཁག་གཅིག་སློབ་སྦྱོང་བྱས་ཏེ་དེ་དག་བོད་སྐད་དུ་བསྒྱུར། བོད་རང་གི་གནམ་གཤིས་དང་ས་བབ། མིའི་ལུས་ཁམས་ཀྱི་ཁྱད་ཆོས་དང་མཐུན་པའི་ལེགས་ཆ་མང་དུ་བླངས་ཏེ། སྔར་གྱི་ལག་ལེན་ཉམས་མྱོང་རྣམས་དང་ཕྱོགས་གཅིག་ཏུ་བསྡེབས་པ་《མི་འཇིགས་པའི་མཚོན་ཆ》ཞེས་པའི་གཞུང་ལུགས་ཤིག་བརྩམས་ནས། བོད་མི་རིགས་རང་ཉིད་ཀྱི་གསོ་རིག་ཏུ་གྱུར་བར་བྱས། རྒྱ་དཀར་ནག་གི་པཎྜི་ཏ་རྣམས་ཡོན་ཀྱིས་མཉེས་པར་བྱས་ནས་ཕྱིར་ཕེབས། སྟོད་ཕྱོགས་ནས་གདན་འདྲེན་ཞུས་པའི་བོད་ཀྱི་སྨན་པ་ག་ལེ་ནོས་ཀྱི་དྲུང་ནས་བོད་ཀྱི་འབངས་མི་བློ་རྣོ་བ་འགའ་ཞིག་ལ་སློབ་སྦྱོང་བྱེད་དུ་བཅུག་ནས་བརྒྱུད་འཛིན་པ་གསོ་སྐྱོང་བྱས། རྒྱལ་པོས་ཀྱང་། ལུགས་ཆེན་གསུམ་གི་ཚུལ་དག་མ་རྟོགས་ན། །སྨན་པ་ཆེན་པོ་ཆེན་པོའི་གྲངས་སུ་མི་འགྲོ་སྟེ། །ཞེས་གསུངས་ནས་ཕྱོགས་མཐའ་དག་ལ་སློབ་སྦྱོང་བྱེད་རྒྱུའི་སྐུལ་མ་གནང་བ་དང་ལུགས་ཆེན་གསུམ་ཤེས་པ་ལ་སྨན་པ་ཆེན་མོ་ཞེས་དང་། ཕྱོགས་གཅིག་ཤེས་པ་ལ་སྨན་པ་ཞེས་པའི་ལག་རྩལ་མཚན་གནས་གནང་རྒྱུའི་སྲོལ་གཏོད་པ་སོགས་སྔར་ལས་ལྷག་པའི་གོང་འཕེལ་བཏང་། ཇོ་བོ་ཤཱཀྱ་རྣམ་གཉིས་སྤྱན་དྲངས། བོད་དུ་སངས་རྒྱས་བསྟན་པ་དར་བའི་རྨང་ཡང་གཏིང་། དེ་ནས་ད་བར་མི་ལོ༡༣༦༧སོང་།
དུས་སྐབས་བཞི་པ། བོད་ཀྱི་རྒྱལ་རབས་༣༨པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཞབས་ཀྱིས་ཡབ་མེས་གོང་མ་རྣམས་ཀྱི་སྲོལ་རྒྱུན་བཞིན་བོད་ཀྱི་རིག་གནས་སྤྱི་དང་། ཁྱད་པར་དུ་གསོ་བ་རིག་པ་གོང་འཕེལ་གཏོང་རྒྱུའི་དགོངས་བཞེད་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕྱི་ཕྱོགས་དང་འབྲེལ་ཟམ་བཙུགས། སྤྱན་འདྲེན་གྱི་ཕོ་ཉ་ཆེན་དུ་མངགས། རྒྱ་གར་དང་། རྒྱ་ནག བལ་ཡུལ་སོགས་ནས་མཁན་ཆེན་ཤནྟ་རཀྵི་ཏ་སོགས་མཁས་པ་མང་པོ་གདན་འདྲེན་ཞུས། བེེ་རོ་ཙཱ་ན་ལ་སོགས་པའི་བོད་ཀྱི་མཁས་པ་མང་པོ་གསོ་སྐྱོང་གནང་། ཕྱི་ཕྱོགས་ཀྱི་མཁས་པ་དང་། སྔར་ཡོད་བོད་ཀྱི་སྨྱན་པ་རྣམས་དང་ལྷན་ཅིག་ཏུ་ཞལ་འཛོམས་ནས་རྒྱལ་ཁམས་སོ་སོའི་ཁྱད་ཆོས་ལུགས་སྲོལ་མི་འདྲ་བ་རྣམས་སློབ་སྦྱོང་དང་ལག་ལེན་གནང་བ་བརྒྱུད། འཛམ་གླིང་རྩེ་མཐོའི་མིའི་ལུས་ཁམས་དང་བསྟུན་པའི་གསོ་དཔྱད་ཀྱི་གཞུང་ལུགས། 《རིན་ཆེན་སྤུངས་པ》ཞེས་དང་། 《ལུས་གནས་ནད་གཞི་གསུམ་གྱི་གསོ་ཐབས》ཞེས་སོགས་ཀྱི་གཞུང་གདམས་མང་དུ་བརྩམས་མཛད། དེ་དག་ཕྱོགས་གཅིག་ཏུ་བསྡུས་པའི་གླེགས་བམ་དེ་རྒྱལ་པོའི་སྤྱན་སྔར་བདག་གཉེར་གནང་བས་《རྒྱལ་པོའི་བླ་ཡིག་འོད་འབར》ཞེས་གྲགས་ཏེ། སྐབས་དེའི་གསོ་དཔྱད་ལག་ལེན་གྱི་གཞི་འཛིན་སར་གྱུར། ལྷག་པར་དུ། ལོ་ཆེན་བེེ་རོ་ཙཱ་ན་དང་། གཡུ་ཐོག་རྙིང་མོ་ཡོད་ཏན་མགོན་པོ། ཁམས་ཕྱོགས་ནས་གཉའ་པ་ཆོས་ཀྱི་བཟང་པོ་སོགས། ཕྱག་རྟེན་གསེར་གྱི་མནྜལ་དང་བཅས་སྔ་ཕྱིར་རྒྱ་གར་ལ་མངགས་གནང་མཛད། དེ་རྣམས་ནས་ཁ་ཆེ་ཟླ་བ་མངོན་དགའ་སོགས་པཎྜི་ཏ་མང་པོ་བསྟེན་ནས། རིག་པའི་གནས་མཐའ་དག་དང་ཁྱད་པར་དུ་གསོ་བ་རིག་པ་ལ་མཁས་པར་བསླབས། ལོ་ཆེན་བེེ་རོས་གསོ་རིག་གི་གཞུང་ལུགས་ཁག་གཅིག་བོད་སྐད་དུ་བསྒྱུར་བ་དང་།ཉམས་ཡིག་མཐོང་བ་དོན་ལྡན། ཁྱད་པར་ཟབ་པ་རྣམ་གསུམ། གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་སོགས་བརྩམས་ནས་དཔལ་ལྡན་རྒྱུད་བཞིའི་རྨང་གཏིང་། དེ་དག་ཕྱོགས་གཅིག་ཏུ་བསྒྲིགས་པ་རྒྱལ་པོའི་དཔེ་མཛོད་དུ་བཞུགས་སུ་གསོལ་བ《བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ》ཞེས་གྲགས། དེ་ལ་བརྟེན་ནས་སྨན་དཔྱད་ཀྱི་ལག་རྒྱ་ཆེར་འཕེལ། རིགས་མཐོ་དམན་དང་། གྲལ་རིམ་གྱི་དབྱེ་བ་མེད་པར་བོད་ཕྲུག་བློ་རྣོ་བ་ཁག་གཅིག་བསྡུས་ནས་གསོ་རིག་སློབ་སྦྱོང་བྱེད་དུ་བཅུག་སྟེ་བརྒྱུད་འཛིན་གསོ་སྐྱོང་བྱས། དེ་དག་ལས་ཀྱང་ཁྱད་པར་གྱུར་པ་གངས་ཅན་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོ་དེ་ཉིད་ཐུགས་སྐྱེད་དུས་སུ་སྨིན་ནས་མཁས་པའི་སྙན་གྲགས་ཆེས་ཆེར་རྒྱས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བླའི་སྨན་པར་དབང་བསྐུར། བེེ་རོས་བསྒྱུར་མཛད་པའི་སྨན་གཞུང་རྩ་བར་བཟུང་། དེའི་ཁར་གཡུ་ཐོག་པ་རང་གི་ཉམས་མྱོང་མན་ངག་གི་སྐོར་དང་། སྔ་དར་བོད་ཀྱི་གསོ་བ་རིག་པའི་གཞུང་གདམས་ཀྱི་མྱོང་བྱང་། ཐུན་མིན་གྱི་ཁྱད་ཆོས་བཅས་ཀྱི་བསྣན་ཁ་ཅི་རིགས་ཤིག་གནང་སྟེ། 《བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད》ཅེས་པ་འདི་ཉིད་སྒྲིག་གནང་མཛད། བཻ་རོས་བསྒྱུར་བའི་གཞུང་རྩ་བ་དང་། རང་གི་མན་ངག་མང་པོ་ཞིག་ཟླ་བ་མངོན་པར་དགའ་བའི་ཞལ་ཁྲིད་ལས་བྱུང་བ་ཡིན་པས། མཛད་བྱང་དུ། ཁ་ཆེ་ཟླ་བ་མངོན་པར་དགའ་བས་སྦྱར། ཞེས་པའི་མཛད་བྱང་བཀོད། རྒྱུད་འདིའི་མ་དཔེ་གཅིག་གནས་སྐབས་རིང་བསམ་ཡས་ཀ་བ་བུམ་པ་ཅན་དུ་གཏེར་དུ་སྦས་ཞེས་གྲགས། གཡུ་ཐོག་ཡོན་ཏན་མགོན་པོ་ཉིད་དགུང་ལོ་༥༠ཕེབས་པའི་སྐབས་སུ་སྐུ་འཁོར་བུ་སློབ་དང་བཅས་པ་ཀོང་པོ་སྨན་ལུང་དུ་ཕེབས། དེར་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བའི་སྨན་པའི་སློབ་གྲྭ་ཞིག་ཕྱག་བཏབ།སྣོད་ལྡན་གྱི་སློབ་མ་མི་གྲངས། ༣༠༠ལྷག་ཙམ་བསྡུས་མཛད་《བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད》དང་། དེའི་ཆ་ལག་དང་བཅས་པ་སློབ་གཞི་གཙོ་བོར་མཛད། གཞན་ཡང་། རྒྱ་དཀར་ནག་དང་། ཡུལ་ཁམས་གཞན་ནས་བསྒྱུར་མཛད་པའི་གསོ་རིག་གཞུང་དང་། རིག་པའི་གནས་གཞན་དག་ཀྱང་ཁྲིད་སྦྱོང་གནང། དེའི་སྟེང་སྐར་རྩིས་རི་བོ་རྡུལ་འབེབས་དང་། ནག་རྩིས་འཁོར་འདས་གཏན་འབེབས་སོགས་གནམ་རིག་སྐར་རྩིས་ཀྱི་སློབ་ཚན་ཀྱང་ཁྲིད་སྦྱོང་གནང་། ཚིག་རྒྱུགས། དོན་རྒྱུགས། སྨན་ངོ་ངོས་འཛིན་རྒྱུགས་སྤྲོད་སོགས་ཀྱི་ལམ་ལུགས་གཏན་འབེབས་བྱས་ནས་མང་ཐོས་མཁས་པ་སྨན་རྩིས་གཉིས་ལྡན་གྱི་བརྒྱུད་འཛིན་པ་མང་པོ་གསོ་སྐྱོང་གནང་། གསོ་དཔྱད་བསྟན་པ་རྒྱ་ཆེར་སྤེལ། སྨན་པ་འབུམ་རམས་པ། སྨན་པ་རབ་འབྱམ་པ། སྨན་པ་དཀའ་བཅུ་པ། སྨན་པ་བསྡུས་ར་བ་བཅས་ལག་རྩལ་ཤེས་ཡོན་གྱི་རིམ་པ་བཞིར་ཕྱེས་ནས་སོ་སོའི་མཚན་གནས་གནང་རྒྱུའི་གཏན་འབེབས་མཛད། དེ་ནི་དེང་དུས་རྒྱལ་ཁབ་ཀྱིས་གཏན་འབེབས་གནང་བའི་སྣན་པའི་ལག་རྩལ་རིམ་པའི་གོ་མིང་དང་འདྲ་བ་ཞིག་ཡིན། སློབ་གྲྭ་དེ་བཙུགས་པ་དང་སྨན་པའི་ལག་རྩལ་དེ་འདྲ་བཟོས་ནས་ད་བར་མི་ལི་༡༢༣༩སོང་། དེའི་སློབ་སྲོལ་དང་ལག་ལེན་གྱི་བརྒྱུད་པ་རྩ་བའི་ཆ་ནས་ད་ལྟའི་བར་དུ་མ་ཉམས་བརྒྱུད་འཛིན་བྱས་ཡོད་ལ། དེས་རྒྱ་ཆེའི་མང་ཚོགས་ཀྱི་ནད་བཅོས་ནད་འགོག་གི་བྱ་བར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད།
དུས་སྐབས་ལྔ་པ། མངའ་བདག་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་ཕྱི་ཕྱོགས་ཀྱི་པཎྜི་ཏ་མང་པོ་གདན་འདྲེན་ཞུས། སླར་ཡང་བོད་ཀྱི་ལོ་ཙཱ་བ་མང་པོ་གསོ་སྐྱོང་གནང་། རྒྱལ་པོ་དང་། བློན་པོ།པཎྜི་ཏ། ལོ་ཙཱ་བ་མང་དུ་བཀའ་བགྲོས། སྒྲ་སྦྱོར་བམ་པོ་གཉིས་པ་དང་། བྱེ་བྲག་རྟོགས་བྱེད་ཆེན་པོ་སོགས་བརྩམས་མཛད། སྔར་བསྒྱུར་ཟིན་པའི་རིག་གནས་ལ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ།ཆོས་ལུགས་དང་རིག་གནས་སྐོར་གྱི་རིགས་པའི་གཞུང་ལུགས་ཐོག་ནས་བོད་ཡོངས་སྒྲ་སྐད་གཅིག་གྱུར་བཟོས། 《བདུད་རྩི་སྙིང་པོ་གསང་བ་མད་ངག་གི་རྒྱུད》ཀྱི་དཔེ་ནི་སྐབས་འདིར་ཐུན་མོང་དུ་མི་སྣང་ཡང་། དེ་མིན་གསོ་བ་རིག་པའི་གཞུང་གདམས་ལག་ལེན་བཅས་སྔར་རྒྱུན་མི་ཉམས་གོང་འཕེལ་བཏང་གནང་།ད་བར་མི་ལོ་༡༡༢༩སོང་།
དུས་སྐབས་དྲུག་པ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་ཚེའི་སྟོད་ལ་སྙེ་བོ་ལོ་ཙཱ་བ་དབྱིག་གི་རིན་ཆེན་སོགས་ཀྱི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་། དེའི་རང་འགྲེལ། གཅེས་གྲུབ་སོགས་རྒྱ་གཞུང་འགའ་ཞིག་རྒྱུད་སྤེལ་མཛད་ཡོད་ཀྱང་། གཙོ་བོ་ནི། ལོ་ཆེན་རིན་ཆེན་བཟང་པོས། ཡན་ལག་བརྒྱད་པ་དང་། འགྲེལ་ཆེན་ཟླ་ཟེར། རྟ་དཔྱད་ཤ་ལི་ཧོ་ཏྲ་སོགས་བསྒྱུར་མཛད། སློབ་གྲྭ་བ་ཁག་གཅིག་བསྡུས་ནས། བརྒྱད་པ་རྩ་འགྲེལ་སློབ་གཞི་གཙོ་བོར་གནང་། གཞུང་ལག་ལེན་དང་བཅས་པ་དར་ཞིང་རྒྱས་པར་མཛད།ལོ་ཆེན་དེས་སློབ་མ་མང་པོ་གསོ་སྐྱོང་གནང་བའི་ནང་ནས་གཙོ་ཆེ་བ་སྤུ་རངས་ཀྱི་སྨན་པ་མི་བཞི་ཡིན། དེ་དག་མཁས་ཤིང་གྲགས་ལ་ཕྲིན་ལས་ཤིན་ཏུ་རྒྱས་པས་སྐབས་དེའི་དབུས་གཙང་གི་སྨན་པ་ཕལ་ཆེར་འདི་དག་གི་སློབ་བརྒྱུད་དུ་གྱུར། ཆེར་རྗེ་ཞིག་པོ་དང་།གཙང་སྟོད་དར་མགོན་པོ་སོགས་རིམ་པར་རྒྱུད་ནས་བོ་དོང་ཨེའི་ཕྱོགས་སུ་རྒྱུན་འཕེལ། ཇོ་བོ་རྗེ་དང་། ནག་ཚོ་ལོ་ཙཱ་བས་ཤ་སྦྱོར་བདུད་རྩི་དར་ཡ་ཀན་བསྒྱུར། མགོ་དཔྱད་དྲ་བ་སྡོམ་པ་སོགས་མན་ངག་ཁ་ཤས་མཛད། ཞང་སྟོན་ཆེན་པོ་དང་། བི་ཇི་སྨན་ནག་པ་ལས་མཉམ་མེད་དྭགས་པོ་ལྷ་རྗེས་གསན་ནས་གསོ་དཔྱད་ཀྱི་ལག་ལེན་རྒྱ་ཆེར་སྤེལ། ལོ་ཆེན་རིན་བཟང་གི་དངོས་སློབ་ཞང་ཞུང་པ་ཤེས་རབ་འདོ་ནས་རིམ་བརྒྱུད། གཡུ་ཐོག་རྒྱ་གར་རྡོ་རྗེ་དང་།གཡུ་ཐོག་བརྗིད་པོ། ཁྱུང་པོ་རྡོ་རྗེ་བར་དུ་བརྒྱུད་ནས་འཕེལ། དུས་དེ་ཙམ་ན་གྲྭ་མངོན་དབང་ཕྱུག་འབར་བས་《བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད》ཀྱི་དཔེ་གཏེར་ནས་བཞེས། གནས་བརྟན་དར་མ་གྲགས་དང་། སྟོད་སྟོན་དཀོན་མཆོག་སྐྱབས། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་བར་དུ་ཆིག་བརྒྱུད་ཀྱིས་སྤེལ། གཡུ་ཐོག་ཡོན་ཏན་མགོན་པོ་ལ་བཤད་སྲོལ་ཐམས་ཅད་ཀྱི་གཞུང་ལག་ལེན་དང་བཅས་པའི་གདམས་ངག་ཡོངས་རྫོགས་ཀྱི་བཀའ་བབས།བདུད་རྩི་སྙིང་པོ་གསང་བ་མན་ངག་རྒྱུད་ཉིད་རྩ་བར་བཟུང་། དེའི་སྟེང་དུ་བརྒྱད་པ་དང་། སྙིང་པོ་བསྡུས་པ་རྩ་འགྲེལ་དང་།དེ་མིན་སྔར་ཡོད་བོད་ཀྱི་སྨན་གཞུང་ལག་ལེན་དང་བཅས་པས་ཁ་སྐོང་། གཡུ་ཐོག་རྙིང་མ་ནས་བཟུང་མི་རབས་༡༣བར་དུ་བརྒྱུད་པའི་ལག་ལེན་མན་ངག་གིས་ཟུར་བརྒྱན། བདེ་བཤེས་སྨན་གྱི་བླ་མས་དངོས་སུ་ཞལ་གཟིགས་ལུང་བསྟན། དབུགས་དབྱུང་།སྤྲུལ་པའི་དྲང་སྲོང་རིག་པའི་ཡེ་ཤེས་དང་། ཡིད་ལས་སྐྱེས་ཀྱིས་ཞུ་བ་དང་། ཞུ་ལན་གྱི་ཚུལ་དུ་རྒྱུད་བཞི་ཡོངས་རྫོགས་གསུངས་པའི་དག་པའི་གཟིགས་པ་ཉིད་གཞིར་བཞག་སྟེ་བཀའ་དངོས་དང་ཁྱད་མེད་པའི་《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》དཔལ་ལྡན་རྒྱུད་བཞི་ཞེས་འཛམ་གླིང་ཀུན་ཏུ་ཡོངས་སུ་གྲགས་པ་གསོ་དཔྱད་ཀུན་གྱི་རྒྱལ་པོ་འདི་ཉིད་རྩོམ་སྒྲིག་གནང་། སྐོར་ཚོམ་སྟོང་ཐུན་བཅུ་གཅིག་སོགས་ཆ་ལག་གི་སྐོར་འགའ་ཞིག་ཀྱང་བརྩམས་མཛད། སྒོ་བཞི་རེ་ཐང་དུ་སློབ་མའི་ཚོགས་མང་དུ་བསྡུས་ནས་དཔལ་ལྡན་རྒྱུད་བཞི་འདི་ཉིད་སློབ་གཞི་གཙོ་བོར་གནང་ནས་གསོ་བ་རིག་པའི་གཞུང་ལག་ལེན་དང་བཅས་པ་འཆད་སྤེལ་གནང་སྨན་པའི་རྒྱལ་པོ་དེ་དག་གིས་ཐུགས་སྐྱེད་དང་། མིའི་རིགས་ཀྱི་བསོད་ནམས་ཀྱི་མཐུ་ལ་བརྟེན་ནས་གཞུང་གདམས་ལག་ལེན་དང་བཅས་པ་མི་ཉམས་གོང་དུ་འཕེལ། ནམ་མཁའི་མཐའ་དང་མཉམ་པའི་ཕྲིན་ལས་རྒྱས་བཞིན་བཞུས་ཡོད་པའི་འདི་ལྟར་ལགས་སོ། དེ་ལ་སློབ་མའི་ཚོགས་ཤིན་ཏུ་མང་ཡང་། གཙོ་ཆེ་ཤོས། བསྟེན་ཐབས་དོགས་པ་མེད་པར་བློ་གཏད་ལ། །ངོ་ལྐོག་མེད་པར་བྱ་བ་བསྒུབ་པར་བྱ། །ཞེ་པའི་མཚན་ཉིད་ཚང་བའི་སྡོན་ལྡན་གྱི་སློབ་མ་སུམ་སྟོན་ཡེ་ཤེས་གཟུངས་ལ་བཀའ་རྫོགས། ལུང་རྫོགས། གཞུང་གདམས་ལག་ལེན་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ནས་ཁྱད་དུ་འཕགས་པའི་བརྒྱུད་འཛིན་པར་གྱུར། བཀའ་སྲོལ་འདི་ཉིད་དེ་ལས་རིམ་པར་བརྒྱུད་དེ་འཕེལ་ཞིང་རྒྱས་པར་གྱུར་གཡུ་ཐོག་གསར་མས་རྒྱུད་འདི་སྤེལ་ནས་ལོ༨༦༩སོང་།
དུས་སྐབས་བདུན་པ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་《གསོ་དཔྱད་རྒྱལ་པོའི་དཀོར་མཛོད》སོགས་བརྩམས་མཛད།ས་སྐྱའི་སྨན་གྲོང་ཞེས་པ་བཙུགས་གནང་། སློབ་མ་ཁག་གཅིག་བསྡུས། བྲང་ཏི་ཡབ་སྲས་རྣམས་ནས་གསོ་རིག་འཆད་ཉན་དང་ལག་ལེན་གནང་། བརྒྱད་འཛིན་སློབ་མ་མང་དུ་ཐོན་ནས་གསོ་རིག་འཆད་སྤེལ་གནང་། ད་བར་མི་ལོ་༧༩༣སོང་།
ཁྲོ་ཕུ་ལོ་བའི་རྒྱུན་ལས། ཀུན་མཁྱེན་བུ་སྟོན་ཆེན་པོས་ཞྭ་ལུར་སློབ་ཚོགས་ཤིན་ཏུ་མང་པོ་འདུས་པ་ལ་རིག་པའི་གནས་མཐའ་དག་དང་། ཁྱད་པར་དུ་དུས་འཁོར་དང་ཡན་ལག་བརྒྱད་པ་རྩ་འགྲེལ་སློབ་གཞི་གཙོ་བོར་གནང་སྟེ་སྨན་རྩིས་གཉིས་ཀའི་འཆད་ཉན་རྒྱ་ཆེར་གནང་ནས་དར་སྤེལ་བཏང་། ད་བར་ལོ་༧༠༦སྐོར་སོང་།
མཁས་གྲུབ་ཨོ་རྒྱན་པ་དང་རྗེ་རང་བྱུང་རྡོ་རྗེས་སྟོད་ལུང་མཚུར་ཕུར་སློབ་མ་བསྡུས་ནས་སྨན་རྩིས་གཉིས་ཀའི་འཆད་ཉན་དང་ལག་ལེན་གནང་། གྲུབ་ཆེན་བྷ་ལི་པ་དང་འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱི་མན་ངག་དངུལ་ཆུ་སྐོར་གསུམ་གྱི་བསྟན་བཅོས་བོད་སྐད་དུ་བསྒྱུར། དངུལ་འབུམ་ཞེས་པའི་བསྟན་བཅོས་བརྩམས། དངུལ་ཆུ་བརྩོ་བཀྲུ་ཆེན་མོ་དང་། རིན་ཆེན་རིལ་ནག་ཆེན་མོ། ཡང་ཟབ་རིལ་བུ། དབང་རིལ་ཤེལ་དཀར་མཆོད་རྟེན་སོགས་ཕྱག་ལེན་གནང་ནས་དེའི་རྒྱུད་སྤེལ་བ་ད་ལྟའི་བར་དུ་བཞུགས་པ་འདི་དང་། ཟུར་མཁར་མཉམ་ཉིད་རྡོ་རྗེའི་མེས་པོ་སློབ་དཔོན་བསོད་ནམས་རིན་ཆེན་འདི་དག་གི་སློབ་མ་ཡིན་པས། ཟུར་ལུགས་ཀྱི་འཆད་སྲོལ་དང་ཕྱག་ལེན་ཕལ་ཆེར་འདི་དག་གི་དགོངས་པ་ལྟར་ཡིན། ད་བར་ལོ་༦༧༨སོང་།
བོ་དོང་པཎ་ཆེན་འཇིགས་མེད་གྲགས་པས་དཔལ་ལྡན་རྒྱུད་བཞིའི་འགྲེལ་པ་སོགས་བརྩམས་ནས་བོ་དོང་ཨེའི་ཆོས་གྲྭར་སྨན་རྩིས་གཉིས་ཀའི་འཆད་དང་ཕྱག་ལེན་གནང་། བརྒྱུད་འཛིན་སྨན་པ་ད་ལྟའི་བར་དུ་གནས་ཡོད། བྱང་པ་རིགས་ལྡན་ཆེན་པོའང་འདིའི་སློབ་བརྒྱུད་ཡིན་པས་འཆད་སྲོལ་དང་ཕྱག་ལེན་ཕལ་ཆེར་འདི་ལ་ཐུག་ཡོད།
དུས་སྐབས་བརྒྱད་པ། བྱང་པ་རིགས་ལྡན་ཆེན་པོ་རྣམ་རྒྱལ་གྲགས་བཟང་ནས་བྱང་ངམ་རིང་དུ་སློབ་མ་ཁག་གཅིག་བསྡུས་དཔལ་ལྡན་རྒྱུད་བཞིའི་འཆད་ཉན་དང་། སྨན་རྩིས་གཉིས་ཀའི་ཕྱག་ལེན་རྒྱ་ཆེར་གནང་། སློབ་མ་ཚོས་དགེ་སློབ་འདུས་ཚོགས་ཀྱི་དབུས་སུ་ཚོགས་ལངས་བྱས་ནས་རྒྱུད་བཞིའི་གོ་དོན།དཀའ་གནད། ལོ་རྒྱུས་སོགས་ངག་ཐོག་ནས་འབེལ་གཏམ་བཤད་རྒྱུགས་འབུལ་བ་དང་། རྒྱུད་བློ་འཛིན་དང་སྨན་ངོ་ངོས་འཛིན་གྱི་རྒྱུགས་འབུལ་ལམ་ལུགས་ཀྱི་སྲོལ་གཏོད་གནང་། བྱམས་པ་དཀོན་མཆོག་རིན་ཆེན། ལྷ་བཙུན་བཀྲ་ཤིས་དཔལ་བཟང་། བསོད་ནམས་ཡེ་ཤེས་རྒྱལ་མཚན། ལྷུན་སྡིངས་ལེགས་གྲུབ་དཔལ་བ་སོགས་བརྒྱུད་འཛིན་སློབ་མ་མང་པོ་གསོ་སྐྱོང་གནང་། བྱང་ལུགས་ཞེས་པའི་བཀའ་སྲོལ་གསར་དུ་བཏོད། ཁོང་ཡོབ་སྲས་རྣམས་ནས་རྒྱུད་བཞིའི་འགྲེལ་པ་རྒྱས་བསྡུས་ཁ་ཤས་བརྩམས་གནང་བ་སོགས་བོད་ཀྱི་གསོ་རིག་གོང་སྤེལ་གཏོང་བའི་མཛད་རྗེས་ཤིན་ཏུ་ཆེ། བྱང་པ་རྣམ་རྒྱལ་གྲགས་བཟང་གི་དངོས་སློབ་ལྷུན་སྡིངས་པ་ལེགས་གྲུབ་དཔལ་བ་ནས་ལྷུན་གྲུབ་སྡིངས་སུ་སློབ་མ་ཁག་གཅིག་བསྡུས། གསོ་རིག་རིགས་ལྡན་ཆེན་པོའི་བཤད་སྲོལ་ཕྱག་ལེན་རྒྱ་ཆེར་གནང་། བྱང་པ་རིགས་ལྡན་ཆེན་པོའི་བཤད་སྲོལ་ཕྱག་ལེན་དང་བཅས་པའི་བརྒྱུད་འཛིན་པ་གཙོ་བོར་གྱུར། དེའི་རྒྱུན་ལས་ལྷུན་སྡིངས་པ་བདུད་རྩི་འགྱུར་མེད་དང་རྣམ་རྒྱལ་རྡོ་རྗེ་སོགས་མཁས་གྲགས་ཉམས་མྱོང་ལྡན་པའི་བརྒྱུད་འཛིན་པ་མང་དུ་འཕེལ་ནས་གསོ་རིག་དར་སྤེལ་གནང་། མཁས་དབང་རྣམ་རྒྱལ་རྡོ་རྗེ་ལ་སྡེ་སྲིད་རིན་པོ་ཆེ་ནས་ཀྱང་དཀའ་གནད་འདྲི་མོལ་གནང་། གདེང་འཇོག་དང་བསྔག་བརྗོད་ཆེ། ཟུར་མཁར་མཉམ་ཉིད་རྡོ་རྗེ་རང་གི་མེས་པོར་གྱུར་པ་སློབ་དཔོན་བསོད་ནམས་རིན་ཆེན་ལས་གསོ་རིག་གཞུང་གདམས་བཅས་ཞུས། སྔོན་སྦྱངས་ཀྱི་བག་ཆགས་སད། གཡུ་ཐོག་པའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བའི་དག་གཟིགས་ལྟར། དཔལ་ལྡན་རྒྱུད་བཞིའི་དཔེ་ཡི་གེ་པས་འབྲི་ནོར། བརྐོས་ནོར་བྱས་པ་མ་དག་རྒྱུན་འབྱམས་སོང་བའི་རིགས་དག་བཅོས་གནང་། རྒྱུད་བཞིའི་འགྲེལ་ཆེན་པོད་ཤེལ་ཕྲ་མོ་དང་། མན་ངག་བྱེ་བ་རིང་བསྲེལ་སོགས་ཉམས་ཡིག་མང་པོ་བརྩམས་མཛད། ལ་ཐོག་ཟུར་མཁར་དུ། དྭགས། ཀོང་། ཉང་། བྱར། ཨེ་སོགས་བོད་ལྗོངས་ལྷོ་ཕྱོགས་ཁུལ་གྱི་སློབ་མ་མང་དུ་འདུས། རྒྱུད་བཞིའི་གཞུང་ལུགས་ལག་ལེན་དང་བཅས་པའི་འཆད་ཉན་གནང་། ཟུར་ལུགས་ཞེས་པའི་བཀའ་སྲོལ་གསར་དུ་བཏོད། དངུལ་ཆུ་བརྩ་བཀྲུ་ཆེན་མོ་དང་། རིན་ཆེན་རིལ་ནག་ཆེན་མོའི་ཕྱག་ལེན་རྒྱ་ཆེར་གནང་། དེང་དུས་ཕྱག་ལེན་ཕལ་ཆེར་བརྒྱུད་པ་འདི་ལས་འཕེལ་བ་ཡིན། སྐྱེམས་པ་ཚེ་འབུམ་རྡོ་རྗེ་སོགས་མཐར་ཕྱིན་གྱི་སློབ་མ་བཞིས་མཚོན་པའི་བརྒྱུད་འཛིན་གྱི་སློབ་ཚོགས་མང་དུ་འཕེལ། གཞན་ཡང་། སྐྱེམས་པ་ཚེ་དབང་རྒྱལ་པོ། ཟུར་མཁར་དབོན་བློ་གྲོས་རྒྱལ་པོ། མཚོ་སྨད་མཁན་ཆེན། བྱར་པོ་པཎ་ཆེན་སོགས་རིམ་པར་བརྒྱུད་ནས་གསོ་རིག་དར་སྤེལ་མཛད་དུས་ཕྱིས་ནད་ཐོག་ལག་ལེན་ཐད་ལ་བོད་ཁམས་ཡོངས་ཀྱི་སྨན་པ་ཕལ་ཆེར་ལུགས་འདི་གཙིགས་སུ་འཛིན། འབྲི་གུང་ཆོས་ཀྱི་གྲགས་པས་ཟུར་ལུགས་པས་ཟུར་ལུགས་གཞིར་བཞག་པའི་སྟེང་དུ། རང་གི་མཁྱེན་དཔྱོད་དང་ཉམས་མྱོང་ལ་བརྟེན་འབྲི་ལུགས་ཞེས་པའི་བཀའ་སྲོལ་བཏོད། རྒྱུད་བཞི་ལ་འབྲི་གུང་དཀའ་མཆན་ཞེས་པ་དེ་བཏབ། ལག་ལེན་གྱི་ཡིག་ཆ་མང་པོ་བརྩམས། འབྲི་གུང་དུ་ཕྱོགས་ཀྱི་སློབ་མ་མང་དུ་འདུས། རྒྱུད་བཞི་འཆད་ཉན་དང་། ཁྱད་འཕགས་མན་ངག་ལྡན་པའི་ཕྱག་ལེན་རྒྱ་ཆེར་གནང་། དཀོན་མཆོག་འགྲོ་ཕན་དབང་པོ། དཔོན་ཚང་ཡེ་ཤེས་སོགས་བརྒྱུད་འཛིན་མཁས་པ་མང་པོ་འཕེལ་འབྲི་ལུགས་ཞེས་པའི་ཕྱག་ལེན་ད་ལྟའང་མ་ཉམས་པར་གནས་ཡོད།
དུས་སྐུབས་དགུ་པ། རྒྱལ་པ་ལྔ་པ་ཆེན་པོའི་སྐུ་དུས་སུ། འབྲས་སྤུངས་དགའ་ལྡན་ཕོ་བྲང་ནུབ་མར་གསོ་རིག་འགྲོ་ཕན་གླིང་དང་། གཞིས་ཀ་བསམ་གྲུབ་རྩེར་དྲང་སྲོང་འདུས་པའི་གླིང་ཞེས་པའི་གསོ་རིག་སློབ་གྲྭ་ཁག་གཉིས་རྒྱུན་འཛུགས་གནང་། སློབ་མ་མང་དུ་བསྡུས། རྒྱུད་བཞི་ཆ་ལག་དང་བཅས་པའི་འཆད་ཉན་སྤེལ། རྒྱུད་བཞི་ཚིག་རྒྱུགས་འབུལ་བའི་ལམ་ལུགས་བཟོས། རྩེ་ལྷ་དབང་ལྕོག་ཏུའང་ནང་སོ་དར་རྒྱས་དང་དར་མོ་སྨན་རམས་པས་གཉེར་བའི་གསོ་རིག་སློབ་གྲྭ་བཙུགས། རྒྱུད་བཞི་འཆད་སྤེལ་མཛད། དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་། རིན་ཆེན་རིལ་བུའི་སྦྱོར་པ་ཕོན་ཆེ་བར་མཛད། སྔ་རབས་བོད་རྗེ་རྣམས་ཀྱི་མཛད་སྲོལ་བཞིན་ཕྱི་དང་ནང་གི་སྨན་པ་ཁག་གཅིག་གདན་འདྲེན་ཞུས། དར་མོ་བ་སོགས་ལ་དེ་དག་གི་ཁྱད་ཆོས་མན་ངག་ལག་ལེན་སྐོར་སློབ་སྦྱོང་བྱེད་དུ་བཅུག་པ་སོགས་བརྒྱུད་འཛིན་པ་མང་པོ་གསོ་སྐྱོང་གནང་། རྒྱུད་བཞིའི་དཔེ་དག་བཅོས་དང་། ཆ་ལག་བཅོ་བརྒྱད་སྒྲིག་ཞུས་མཛད་ནས་ཤིང་པར་བརྐོས་གནང་བ་སོགས་གསོ་རིག་གོང་སྤེལ་གནང། ལྷག་པར་དུ་རབ་བྱུང་༡༢པའི་མེ་བྱི་ལོར། མིའི་དབང་པོ་སྡེ་སྲིད་རིན་པོ་ཆེ་སངས་རྒྱས་རྒྱ་མཚོས་ལྕགས་པོ་རི་ལ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ཞེས་པའི་སྨན་གྱི་སློབ་གྲྭ་བཙུགས། དབུས་གཙང་ཁུལ་གྱི་དགོན་སྡེ་ཁག་ནས་སློབ་མ་མང་དུ་བསྡུས། མཐུན་རྐྱེན་ཚང་མ་བོད་ཀྱི་གཞུང་ས་རང་ནས་བསྩལ། དཔལ་ལྡན་རྒྱུད་བཞི་དང་། བེེ་ཌཱུརཡ་སྔོན་པོ་སློབ་གཞི་གཙོ་བོར་བྱས་ནས་འཆད་ཉན་གནང་། སློབ་མ་རེ་རེ་བཞིན་རྒྱུད་གསུམ་བློ་འཛིན་རྒྱུགས་སྤྲོད་ལམ་ལུགས་དང་། དེ་བཞིན་སྔོན་སྨན་དང་ཁྲོག་སྨན་སྦྱོར་སྡེར་ངེས་འགྲོའི་རིགས་མཐའ་དག་ངོས་འཛིན་རྒྱུགས་སྤྲོད་ལམ་ལུགས་བཟོས། ལེགས་པ་ལ་གཟེངས་བསྟོད་དང་དཔའ་དར། ཉེས་པ་ལ་ཆད་ལས་དང་དམའ་འབེབས་བྱས་ནས་སྐུལ་འདེད་གཏོང་བའི་སྲོལ་བཙུགས། སློབ་གྲྭ་འདི་ནས་ཐོན་ཏེ་ཕྱིར་ལོག་རྗེས་སྨན་པ་བྱེད་ཆོག་པའི་ཚད་གཞི་ནི་སྨན་པ་རེ་རེ་བཞིན་རྒྱུད་གསུམ་བློ་ལ་ཐོན་ནས་རིགས་པའི་གཞུང་ལུགས་ཤེས་པ། སྨན་ངོ་ཤེས་པ། སྨན་བཟོ་ཤེས་པ། ནད་པར་བརྟག་བཅོས་ཤེས་པ་བཅས་ཀྱི་ཡོད་ཚན་ལྡན་དགོས་པའི་གཏན་འབེབས་བྱས་ཏེ་སྨན་པ་མང་པོ་གསོ་སྐྱོང་གནང་བའི་རྒྱུད་ལས་ད་ལྟའང་དགེ་རྒན་དང་སྨན་པ་མི་ཉུང་བ་ཞིག་བཞུགས་ཡོད་ལ་སྨན་རྩིས་མཁས་དབང་སྐུ་ཞབས་མཁྱེན་རབ་ནོར་བུའང་ཐོག་མར་སློབ་གྲྭ་འདི་ནས་སློབ་མཐར་ཕྱིན་པ་ཞིག་ཡིན།
ལྔ་པ་ཡབ་སྲས་ནི་བོད་ཀྱི་གསོ་རིག་ལ་མཛད་རྗེས་ཤིན་ཏུ་ཆེ་ཞིང་། ལྷག་པར་དུ་སྡེ་སྲིད་རིན་པོ་ཆེ་མཆོག་ནས་རིག་གཞུང་ཐད་ལ་རྒྱ་ཆེ་བའི་རྒྱུད་འགྲེལ་བེེ་ཌཱུརྱ་སྔོན་པོ་བརྩམས་ནས་ཕྱི་རབས་ཀྱི་སྨན་པ་ཡོངས་ལ་ལྟ་བའི་མིག་བསྩལ།ལག་ལེན་ཐོག་ལ་ཤིན་ཏུ་ཟབ་པ་མན་ངག་ལྷན་ཐབས་བརྩམས་ནས་ལས་ཀྱི་ལག་པ་བྱིན་པ་བཅས་ཡིག་འཇོག་དང་། སློབ་གྲྭ་བཙུགས་ནས་བརྒྱུད་འཛིན་པ་མང་པོ་གསོ་སྐྱོང་གནང་བ་སོགས་བཀའ་དྲིན་ཤིན་ཏུ་ཆེ་བར་འཁུམས།ལྩགས་རི་རིག་བྱེད་འགྲོ་ཕན་གླིང་བཙུགས་ནས་ད་བར་མི་ལོ་༣༠༠སོང་།
དུས་སྐབས་བཅུ་པ། ལྷ་སར་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་བཙུགས་པའི་སྔ་རྗེས་སུ་མདོ་ཁམས་སྡེ་དགེར་ཆོས་རྒྱལ་བསྟན་པ་ཚེ་རིང་ཞབས་ཀྱིས་དཔལ་ལྷུན་གྲུབ་སྟེང་དུ་སྨན་པའི་སློབ་གྲྭ་བཙུགས། སེར་སྐྱ་གཉིས་ཀའི་སློབ་མ་འགའ་ཞིག་བསྡུས་ནས་རྒྱུད་བཞི་འཆད་ཉན་དང་། རྒྱུད་བཞི་ཀ་བློ་འཛིན་རྒྱུགས་སྤྲོད་དང་། སྨན་ངོ་ངོ་སྤྲོད། ལག་ལེན་བྱེད་དུ་བཅུག་ནས་དྲུང་འཚོ་བ་གུ་རུ་འཕེལ་སོགས་བརྒྱུད་འཛིན་མཁས་པ་མང་པོ་གསོ་སྐྱོང་གནས་ནས་ཕན་འབྲས་ཐོན་པས་མང་ཚོགས་ཀྱི་བརྩི་བཀུར་ཐོབ་ཡོད།
དེ་བཞིན་དུ། སི་ཏུ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཞབས་ཀྱིས་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་རིག་གནས་སློབ་གྲྭ་ཆེན་མོ་བཙུགས། མདོ་ཁམས་སྨད་ཕྱོགས་ཀྱི་སློབ་མ་མང་དུ་བསྡུས་ནས་དཔལ་ལྡན་རྒྱུད་བཞི་སོགས་རིག་གནས་ཁག་འཆད་སྤེལ་དང་། སློ་མ་ཚོར་རིགས་གཞུང་ཁག་གི་ཚིག་རྒྱུགས། དོན་རྒྱུགས། སྨན་ངོ་ངོས་འཛིན་བཅས་ཀྱི་རྒྱུགས་སྤྲོད་ལམ་ལུགས་བཟོས། རྒྱ་གར། རྒྱ་ནག བལ་ཡུལ་བཅས་ནས་སྨན་རྩིས་ཀྱི་རིག་གཞུང་ཁག་གཅིག་བོད་དུ་བསྒྱུར་ནས་རང་གཞུང་གི་ཆ་ལག་ཏུ་འགྱུར་བར་བྱས་། འཚོ་བའི་མཐུན་རྐྱེན་གྱི་ཐེབས་རྩ་གཙོ་བོ་སྡེ་དགེ་གཞུང་ནས་སྦྱར། སི་ཏུ་ན་རིམ་གྱི་སྐུ་དུས་སུ་སློབ་གྲྭ་དེ་རྒྱུན་མ་ཆད་པར་གནས། སློབ་གྲྭ་དེར་སྔ་ཕྱིར་འབེ་ལོ་ཚེ་དབང་ཀུན་ཁྱབ།ཀརྨ་ངེས་ལེགས་བསྟན་འཛིན། གླིང་སྨན་བཀྲ་ཤིས་འབུམ། རྗེ་དབོན་ཀརྨ་ར་ཏྣ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇུ་མི་ཕལ་རྣམ་རྒྱལ་རྒྱ་མཚོ། བླ་སྨན་ཆོས་གྲགས་རྒྱ་མཚོ། ཆོས་གྲགས་རྒྱ་མཚོ། བླ་སྨན་རིན་ཆེན་འོད་ཟེར་སོགས་བརྒྱུད་འཛིན་མཁས་པ་མང་པོ་གསོ་སྐྱོང་གནང་བར་བརྟེན་བོད་ཡོངས་ལ་རིག་གནས་སློབ་སྲོལ་གྱི་ཤུགས་རྐྱེན་ཆེས་ཆེར་ཐེབས། མེས་རྒྱལ་ནང་ཁུལ་ནས་སོག་པོ་དང་འཇང་སོགས་མི་རིགས་དང་། འབྲུག་པ། བལ་པོ། ལ་དྭགས། རྒྱ་གར་བཅས་ཕྱི་རྒྱལ་ལའང་སློབ་བརྒྱུད་འཕེལ། འདི་ལས་གྱེས་པའི་ཡན་ལག་དང་ཉིང་ལག་གི་སློབ་ཚོགས་ཤིན་ཏུ་མང་། དེ་བཞིན་མདོ་ཁམས་ཀཿཐོག་རྡོ་རྗེའི་གདན་དུ་སྔ་རབས་ནས་རིག་གནས་སློབ་གྲྭ་དང་སྨན་པ་གྲྭ་ཚང་ཞེས་པ་ཞིག་ཡོད་པ་བར་ལམ་དར་ནུབ་འཕེལ་འགྲིབ་ཅི་རིགས་བྱུང་བ་བརྒྱུད། སླར་རབ་བྱུང་༡༩པའི་ནང་སི་ཏུ་ཆོས་ཀྱི་རྒྱ་མཚོས་གཙོ་འགན་བཞེས་ནས་སྔར་ཡོད་སྨན་གྲྭའི་རྨང་གཞིར་བྱས་ཏེ་རིག་གནས་སློབ་གྲྭ་ཆེན་མོ་ཞེས་པ་གསར་འཛུགས་གནང་། མདོ་སྨན་ཁུལ་གྱི་དགོན་སྡེ་ཁག་ནས་སློབ་མ་འདུས། ཐོག་མར་སློབ་གྲྭ་བ༥༠ཡོད་པ་ནས་རིམ་གྱིས་མང་དུ་ཕྱིན་ནས་དངོས་གཞི་སློབ་གྲྭ་བ་བརྒྱར་ཉེ་བ་རེ་ཡོད། མི་རིགས་གཞན་དང་ཕྱི་ཕྱོགས་ཀྱི་སློབ་མའང་ཁ་ཤས་རེ་ཡོད། སློབ་གྲྭ་འདིར་སྒྲ་ཚད་བཟོ་གསོ་སོགས་གནས་ཆེན་ལྔ་དང་། སྐར་རྩིས་སྙན་ངག་སོགས་གནས་ཆུང་ལྔ་བཅས་བཅུ་ཕྲག་རིག་པའི་གནས་ཀུན་སློབ་སྦྱོང་དང་། ཁྱད་པར་དུ། གསོ་རིག་རྒྱུད་བཞི་འཆད་ཉན་དང་ཚིག་རྒྱུགས། དོན་རྒྱུགས། སྨན་ངོ་ངོ་སྤྲོད་སོགས་གནང་སྲོལ་བཟོས། འཚོ་བའི་ཐེབས་རྩ་གཙོ་བོ་སྡེ་དགེ་གཞུང་ནས་གནང་ཞིང་དེ་སྟེང་དགོན་པས་ཁ་གསབ་བརྒྱབ་ནས་གནང་། སློབ་དུས་ཐུང་ཤོས་ལོ་༥རེའི་ཚད་རེད། ལོ་༥ཡན་ལོ་༢༠བར་ཇི་ཙམ་སྡོད་པ་རང་མོས་བྱེད་ཆོག སློབ་གྲྭ་ཐོན་སྐབས་སོ་སོའི་སྦྱངས་འབྲས་ལ་གཞིགས་ནས་ལེགས་པ་ལ་དཔེ་བཟང་དང་གཟེངས་བསྟོད་གནང་ཞིང་སྨན་རམས་པ་དང་། སྒྲ་རམས་པ། རྩིས་རམས་པ་ཞེས་པ་དང་། སྤྱིར་བཏང་ལ། སྨན་པ་ལྷ་རྗེ་རྩིས་པ་ཞེས་པའི་མིང་གི་རིམ་པ་ཞིག་གནང་སྲོལ་ཡང་ཡོད། ལེགས་པ་རེ་གཉིས་སློབ་གྲྭའི་སྐྱོར་དཔོན་དང་། མཁན་པོ་བསྐོ་བཞག་བྱེད། དེ་མིན་སྡེ་དགེའི་བླ་སྨན་དང་། དྲུང་ཡིག་སོགས་སུ་གདམས་གསེས་བྱེད་སྲོལ་ཡང་ཡོད། སློབ་གྲྭ་འདིར་བརྒྱུད་འཛིན་པ་མ་པོ་གསོ་སྐྱོང་གནང་བ་ལས། གཙོ་བོ་དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། མཁས་གྲུབ་བྱམས་པ་བསྟན་འཕེལ། རྟ་ཆུང་ཆོས་གྲགས། ཚེ་རིང་ཆོས་འཕེལ། དཀོན་མཆོག་གྲགས་པ་སོགས་གྲགས་ལྡན་མཁས་པ་དེ་དག་གི་དངོས་སློབ་ཡང་སློབ་དང་བཅས་པའི་སྨན་པ་ཤིན་ཏུ་མང་། གུས་པས་ཀྱང་གཙོ་བོར་སློབ་གྲྭ་འདིར་སློབ་སྦྱོང་ཕྲན་བུ་བྱས་ཏེ་སྨན་པའི་མིང་ཙམ་ཐོབ་པ་ཡིན།སློབ་གྲྭ་འདི་ནི་མདོ་སྨད་མངའ་ཁུལ་དུ་རིག་གནས་དར་རྒྱས་གཏོང་བའི་སྐུལ་ཤུགས་ཤིན་ཏུ་ཆེན་པོ་ཞིག་ཏུ་གྱུར། འདི་ལས་གྱེས་པའི་ཡན་ལག་དང་ཉིང་ལག་གི་སློབ་མ་ནི་ཤིན་ཏུ་མང་བས་རེ་རེ་ནས་སྨོས་མི་ལང་།
མདོ་སྨད་བྱང་ཤར་ཁུལ་དུ་སྤྱི་ལོ་༡༢༩༢སྐོར་ནས་མཁས་གྲུབ་ཨོ་རྒྱན་པ་གོང་མ་སེ་ཆེན་རྒྱལ་པོས་གདན་འདྲེན་སྐབས་མཚོ་སྔོན་དུ་གསོ་རིག་འཆད་སྤེལ་གནང་། དཀར་རྩེ་གདུང་བ་བློ་བཟང་རྣམ་རྒྱལ། ཟ་ན་སྨན་པ་ཤེས་རབ་མཆོག་ལྡན་སོགས་གསོ་སྐྱོང་གནང་། དེ་རྗེས་རྗེ་རང་བྱུང་རྡོ་རྗེ་དང་ས་སྐྱ་ཨ་མེས་ལྷ་རྗེ་སོགས་བོད་དབུས་ཕྱོགས་ནས་ཕེབས་པའི་མཁས་པ་རྣམས་ཀྱིས་ཀྱང་མཚོ་སྔོན་ཁུལ་དུ་གནས་སྐབས་ཀྱི་སློབ་མ་བསྡུས་ནས་གསོ་རིག་འཆད་སྤེལ་གྱིས་བརྒྱུད་འཛིན་པ་གསོ་སྐྱོང་གནང་།སྤྱི་ལོ་༡༧༡༡ལོར་ཡོངས་འཛིན་ཆུ་བཟང་བསྟན་པའི་རྒྱལ་མཚན་མཆོག་སྐུ་འབུམ་དགོན་གྱི་ཚོགས་ཆེན་མཁན་པོའི་ཁྲི་བཞུགས་སྐབས་སུ་སྐུ་འབུམ་བྱམས་པ་གླིང་དུ་སྨན་པ་གྲྭ་ཚང་གཞན་ཕན་ནོར་བུའི་གླིང་ཞེས་པ་གསར་འཛུགས་གནང་། དཔལ་ལྡན་རྒྱུད་བཞི་འཆད་ཉན་གནང་ནས་གྲོ་ལུང་པཎྚི་ཏ་བློ་བསང་བསྟན་པའི་རྒྱལ་མཚན། མེར་རྒན་ཆོས་རྗེ་ཤེས་རབ་བསྟན་འཛིན།ཧོར་ཧུ་ཐོག་ཐུ་དཔལ་ལྡན་རྒྱ་མཚོ། རྒྱ་ཡག་ཞབས་དྲུང་བློ་བཟང་དར་རྒྱས། ཉ་ཀྱ་དགེ་བཤེས་རྒྱལ་མཚན་ནོར་བུ། གྲོ་ཚང་སྨན་པ་ཚང་། དཀའ་ཆེན་བྱང་ཆུབ་རིན་ཆེན་བཟང་པོ་སོགས་ནས་འབྲི་གུང་གྲུབ་ཆེན་བློ་བཟང་བསྟན་པའི་རྒྱལ་མཚན་བར་སྨན་པའི་ཁྲི་རབས་རིམ་པར་བྱོན་པ་རྣམ་ནས་མདོ་ཁམས་བྱང་ཕྱོགས་རྒྱུད་དུ་གསོ་རིག་གི་བསྟན་པ་རྒྱ་ཆེར་སྤེལ།
སྤྱི་ལོ་༡༧༨༩ལོར་ཀུན་མཁྱེན་འཇིགས་མེད་དབང་པོས་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་ཞེས་པ་འཛུགས་གཉེར་མཛད།ལྩགས་པོ་རི་སྨན་གྲྭ་ནས་དགེ་རྒན་གདན་འདྲེན་ཞུས་ནས་རྒྱུད་གསུམ་བློ་འཛིན་བྱེད་པ་སོགས་བཀའ་སྲོལ་ཕལ་ཆེར་ལྩགས་རི་རིག་བྱེད་འགྲོ་ཕན་གླིང་གི་ཕྱག་བཞེས་ལྟར་གནང་སྟེ་བརྒྱུད་འཛིན་མཁས་པ་མང་པོ་གསོ་སྐྱོང་གནང་། འདི་ཕྱོགས་ཀྱི་སྨན་པ་ཕལ་ཆེར་འདིའི་སློབ་རྒྱུ་དུ་གྱུར་པས་གསོ་རིག་གོང་འཕེལ་བཏང་གནང་ཡོད།
དུས་སྐབས་བཅུ་གཅིག་པ། སྤྱི་ལོ་༡༩༡༦ལོར་རྒྱལ་མཆོག་༡༣་པའི་སྐུ་དུས་སུ་རྒྱུལ་དབང་མཆོག་གི་བླ་སྨན་པ་སྐུ་ཞབས་མཁྱེན་རབ་ནོར་བུ་མཆོག་གིས་གཙོ་འཛིན་གནང་ནས་བོད་ལྗོངས་སྨན་རྩིས་ཁང་འཛུགས་གནང་མཛད། ཕྱོགས་ཀྱི་སློབ་མ་བརྒྱ་ཕྲག་མང་པོ་བསྡུས། དེ་དག་ལ་གསོ་རིག་སློབ་ཁྲིད། བློ་འཛིན་རྒྱུགས་སྤྲོད།སྨན་ངོ་བཤེས་བ་སོགས་དེ་སྔོན་ལྩགས་རི་སྨན་གྲྭའི་ཕྱག་རྒྱུན་གཞིར་བཞགས་སྐུ་ཞབས་རང་གི་མཁྱེན་དཔྱོད་ཀྱི་རྩལ་ལས་ཐོན་པའི་གཞུང་གདམས་ལག་ལེན་དང་བཅས་པའི་སྐོར་ལ་ཐུན་མོང་མིན་པའི་ཁྱད་ཆོས་མང་པོ་ཞིག་གིས་བརྒྱན་ཏེ་སློབ་ཁྲིད་དང་ཕྱག་བཞེས་གནང་བ་སྟེ། གནམ་རིག་སྐར་རྩིས། སུམ་རྟགས། སྙན་ངག། མངོན་བརྗོད། བཤེས་སྤྲིང་སོགས་སློབ་ཁྲིད་གནང་ནས་བོད་ཀྱི་རིག་གནས་མཐའ་དག་གསོ་སྐྱོང་གནང་སའི་རྟེན་གཞི་ཞིག་ཏུ་འཛུགས་སྐྲུན་གནང་བ་དང་། ཕྱོགས་ཀྱིས་སྨན་པ་སྤྱོད་གོ་འཕེར་བ་མང་པོ་ཞིག་གསོ་སྐྱོང་གནང་བར་བརྟེན། ད་ཡོད་ཀྱི་དགེ་རྒན་མཁས་པ་འདི་དག་ཀྱང་། ལྩགས་པོ་རི་དང་། སློབ་གྲྭ་ཆེན་པོ་འདི་གཉིས་ལས་ཐོན་པ་ཞིག་ཡིན་པས། རྒྱ་ཆེའི་བོད་རིགས་ས་ཁུལ་གྱི་བོད་ལུགས་སྨན་ཁང་དང་། སྨན་པ་ཕལ་ཆེར་འདིའི་ཡན་ལག་ལྟ་བུར་གྱུར་ཡོད་སྟབས། ཁོང་ཚོས་ཀྱང་ཆུ་འགོ་གངས་ལ་ཐུག་ས་ཡིན་ཞེས་བསྔགས་བརྗོད་ཀྱིས་བཀུར་ཞིང་ཡིན་ཆེས་བྱེད་ཀྱི་ཡོད། བོད་དུ་དམངས་གཙོའི་བཅོས་བསྒྱུར་རྗེས་སུ་ལྩགས་པོ་རི་སྨན་གྲྭ་དང་སྨན་རྩིས་ཁང་གཉིས་ཟླ་འགྲིལ་བཏང་ནས་གཅིག་གྱུར་ཐོག་དུས་རབས་གསར་པའི་ཁྱད་ཆོས་ལྡན་པའི་བོད་ལྗོངས་སྨན་རྩིས་ཁང་གསར་པ་ཞིག་ཏུ་འཕེལ་རྒྱས་ཕྱིན་པ་རེད། འདི་ནི་དེང་དུས་རང་རྒྱལ་ཙམ་དུ་མ་ཟད་འཛམ་བུའི་གླིང་དུའང་སྙན་གྲགས་ལྡ་པ་ཞིག་ཏུ་གྱུར་ཡོད་པ་ཚང་མས་མཁྱེན་གསལ་ལྟར་ལ། སྐུ་ཞབས་བྱམས་པ་འཕྲིན་ལས་ཀྱིས་མཛད་པའི་སྨན་རྩིས་ཁང་གི་གདན་རབས་ཞེས་པ་ལས་ཀྱང་གསལ་པོར་ཤེས་པར་འགྱུར་བས་འདིར་མདོར་བསྡུས་ཙམ་ལས་ཞིབ་ཕྲ་ཞུ་མ་དགོས། ད་བར་ལོ་༨༠སོང་།
དུས་སྐབས་བཅུ་གཉིས་པ། སྤྱི་ཚོགས་གསར་བརྗིའི་དུས་སྐབས་ནང་དུ། འཕྲོད་བསྟེན་སློབ་གྲྭ། སྨན་རྩིས་ཁང་གིས་གཉེར་བའི་སློབ་གྲྭ། ཀླུ་སྒྲུག་སློབ་གྲྭ། གཡུ་ཐོག་ཤར་བོད་སྨན་སློབ་གྲྭ། བོད་ལྗོངས་སློབ་ཆེའི་བོད་སྨན་ཚན་ཁག་བཅས་འཛུགས་གནང་མཛད་པ་དང་། དེ་བཞིན་གཞིས་རྩེ་དང་། ཆབ་མདོ་སོགས་ས་ཁུལ་སོ་སོར་ཡང་། བོད་སྨན་སློབ་གྲྭ་བཙུགས་ནས་བརྒྱུད་འཛིན་པ་མང་པོ་གསོ་སྐྱོང་གནང་ནས་བོད་ལུགས་སྨན་པའི་དཔུང་ཁག་རྒྱ་ཆེར་ཕྱིན་ནས་ས་ཁུལ་ཁག་ལ་སྨན་པ་དཀོན་པའི་དཀའ་ངལ་སེལ་བ་སོགས་ཕན་འབྲས་ཡག་པོ་ཐོན་ཡོད། ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དཔྱིད་ཀའི་འབྲུག་སྒྲ་བསྒྲགས་པ་དང་། ཆབས་ཅིག་རང་སྐྱོང་ལྗོངས་ཏང་ཨུད་དང་ལྗོངས་མི་དམངས་སྲིད་གཞུང་གི་ཐུགས་ཁུར་འོག་༡༩༨༦ལོར་ལྷ་སར་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་འཛུགས་རྒྱུའི་བཀའ་ཁྱབ་དང་གྲོན་དངུལ་གནང་བར་བརྟེན།ཨར་ལས་དང་གྲ་སྒྲིག་བྱས་ནས་སྤྱི་ལོ་༡༩༨༩ཟླ་༩ཚེས་༣ཉིན་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་དངོས་སུ་དབུ་བརྙེས་པ་རེད།ད་ཡོད་སློབ་མ་༣༢༠ལྷག་ཙམ་ཡོད་པ་ཁོང་ཚོ་ནི་རང་སྐྱོང་ལྗོངས་ཁོངས་ས་ཁུལ་༦དང་། གྲོང་ཁྱེར་༡གི་ཁོངས་ནས་བསྡུས་པ་དང་། དེ་མིན། ཟི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་བོད་རིགས་སུ་ཁུལ་ཁག་གི་འཐུས་ཚབ་རང་བཞིན་གྱི་སློབ་མ་ཡང་ཡོད་ལ་ཕྱི་རྒྱལ་གྱི་སློབ་མ་ཁག་གཅིག་བསྡུ་རྒྱུའི་འཆར་གཞི་ཡང་ཡོད་པ་དང་། ཁོང་ཚོས་ཀྱང་དེ་བཞིན་རེ་བ་བྱེད་ཀྱི་ཡོད། བོད་སྨན་སློབ་གྲྭ་ཆེན་མོ་འདི་ནི། སྔ་རབས་རྙིང་པ་ལྩགས་པོ་རི་དང་སྨན་རྩིས་ཁང་སོགས་སྔར་གྱི་ལུགས་སྲོལ་དགེ་མཚན་ལྡན་པ་རྣམས་བརྒྱུད་འཛིན་བྱེད་པ་དང་། དེང་རབས་ཅན་གྱི་ལུགས་སྲོལ་གསར་པ་དང་ཡང་ཟུང་འབྲེལ་བྱེད་པའི་ཕྱོགས་གཉིས་ཀྱི་དགེ་མཚན་ལྡན་པའི་སློབ་གྲྭ་གསར་པ་ཞིག་ཡིན། འདི་ནི་སྨན་རྩིས་གཉིས་ལྡན་གྱི་བརྒྱུད་འཛིན་སློབ་མ་གསོ་སྐྱོང་བྱེད་སའི་ལྟེ་གནས་ཡིན་པར་མ་ཟད། བོད་ཀྱི་རིག་གནས་མཐའ་དག་སློབ་སྦྱོང་བྱེད་པའི་ལྟེ་གནས་ཤིག་ཏུ་འགྱུར་རྒྱུའི་མཐུན་རྐྱེན་ཚང་ཡོད། བོད་དུ་སློབ་གྲྭ་འདི་འདྲ་ཞིག་ཚུགས་ཐུབ་པ་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཧ་ཅང་དགའ་ཞེན་དང་ཡི་རངས་ཚད་མེད་གནང་གི་ཡོད་ལ། ཕྱིའི་རྒྱལ་ཁབ་མང་པོས་ཀྱང་གདེང་འཇོག་དང་ཡིན་སྨོན་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོ་རང་ཉིད་ཀྱིས་འབད་བརྩོན་ལྡབ་བརྒྱ་བསྐྱེད་ནས་བརྒྱུད་འཛིན་སློབ་མ་སྤྱོད་གོ་འཕེར་བ་མང་ཙམ་གསོ་སྐྱོང་བྱེད་རྒྱུ་དང་། བོད་ཀྱི་རིག་གནས་ནོར་བུའི་མཛོད་དང་འདྲ་བ་འདི་དག་ལ་མཐོང་ཆེན་གྱི་སྒོ་ནས་སློབ་སྦྱོང་དང་ཞིབ་འཇུག་བྱས་ནས་ཕྱོགས་གང་ཅིར་སྔ་སྲོལ་མ་ཉམས་བརྒྱུད་འཛིན་དང་། དུས་བབ་གསར་པའི་ཁྱད་ཆོས་དང་མཐུན་པར་རྒྱུན་ཆད་མེད་པར་གོང་འཕེལ་གཏོང་དགོས།
སྨྲས་པ། མང་མང་འདས་པའི་ལོ་ཟླར་བྱུང་བའི་གཏམ།།
མང་མང་མཁས་པའི་ཡིག་ཚང་འཁོད་པ་དང་།།
མང་མང་འཇིག་རྟེན་ཁམས་འདིར་མཐོང་བ་རྣམས།།
མང་མང་བགྲང་བྱའི་ཁུར་ནོན་རྒན་པོས་བྲིས།།
ཞེས་ཁྲོ་རུ་ཚེ་རྣམ་འབོད་པས་སྤྱི་ལོ་༡༩༩༦ལོར་བྲིས་པའོ།།