ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

འདི་ལོའི་དཔྱིད་གསར་དུས་ཆེན་ལ་ཀྲུང་གོའི་སྨན་བཅོས་རུ་ཁག་ཀུའེ་ཡ་ནའི་ཆར་མང་ཚ་ཁུལ་ནགས་ཚལ་དུ་བསྐྱོད་པ།

སྤེལ་དུས 2022-02-22 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           སྟག་ལོའི་དཔྱིད་གསར་དུས་ཆེན་སྐབས་སུ། ཀྲུང་གོའི(ཅང་སུའུ)དུས་ཐེངས་17པའི་ཀུའེ་ཡ་ནར་རོགས་སྐྱོར་སྨན་བཅོས་རུ་ཁག་གི་ཁོངས་མིས་རྒྱལ་ནང་དུ་གཉེན་ཉེ་ཐུག་འཕྲད་བྱེད་པར་སྐྱོད་པའི་གོ་སྐབས་དོར་ནས་རོགས་སྐྱོར་དང་ལེན་རྒྱལ་ཁབ་ཏུ་བསྡད་ཅིང་། ཁོ་ཚོས་ཀུའེ་ཡ་ནའི་ཆར་མང་ཚ་ཁུལ་ནགས་ཚལ་དུ་སྐོར་སྐྱོད་སྨན་བཅོས་བྱེད་པར་ཐེངས་གསུམ་བསྐྱོད་དེ། ཐག་རིང་ལུང་ཁུག་ས་ཁུལ་གྱི་ཕྱིར་སྡོད་རང་མི་དང་། ཕྱི་ཁོངས་ཀྲུང་གོ་བ། དེ་བཞིན་ས་གནས་དེ་གའི་དམངས་ཚོགས་བཅས་ལ་གཅེས་སེམས་བཅངས་པར་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད།
           ཟླ་2ཚེས་6ཉིན་སྨན་བཅོས་རུ་ཁག་གི་ཁོངས་མི་ཀུའེ་ཡ་ནའི་ལྷོ་ནུབ་མཐའ་མཚམས་གྲོང་ཁྱེར་ལའེ་སེ་མུའུ་རུ་བསྐྱོད་ནས། ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་འོས་འགན་སྨན་བཅོས་བྱས་པ་རེད། རྒྱལ་ས་ཅོར་ཅི་ཐོན་དང་བར་ཐག་སྤྱི་ལེ་550ཙམ་ཡོད་པའི་ས་གནས་དེར་ཕྱི་ཁོངས་ཀྲུང་གོ་བ་བརྒྱ་ཕྲག་ཁ་ཤས་འཚོ་སྡོད་བྱེད་ཀྱི་ཡོད། ས་གནས་དེ་གར་སྨན་བཅོས་ཀྱི་ཐོན་ཁུངས་དཀོན་པའི་ཁར། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་དེ་མུ་གེའི་སྟེང་ལ་ཟླ་ལྷག་རང་རེད། ཉིན་དེར་ས་གནས་དེ་གའི་ཕྱི་ཁོངས་ཀྲུང་གོ་བ་མང་ཆེ་བས་འོས་འགན་སྨན་བཅོས་བྱ་ཡུལ་དུ་བསྐྱོད་ནས་རང་འགུལ་ངང་སྨན་བཅོས་རུ་ཁག་ལ་བྱེད་སྒོ་སྤེལ་ཡུལ་བཀོད་སྒྲིག་བྱེད་རོགས་དང་སྒྲིག་ལམ་སྲུང་རོགས་བྱས་ཡོད།
           སྨན་པ་བསྟེན་པར་ཡོང་མཁན་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་མི་ཉུང་བ་ཞིག་གིས། སྨན་བཅོས་ཞབས་ཞུ་རུ་ཁག་གིས་སྨན་བཅོས་ཞབས་འདེགས་དང་རྒྱུན་སྤྱོད་སྨན་རྫས་འཁྱེར་ཡོད་པ་མ་ཟད། ལེ་དབར་ཁྲི་ཡི་སར་ཡོད་པའི་མེས་རྒྱལ་སྐྱེད་མའི་ཐུགས་ཁུར་བྱེད་ལུགས་ཀྱང་མཚོན་པར་བྱས་པས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་བཤད།
           ཟླ་2ཚེས་11ཉིན་གྱི་ཞོགས་པར། སྨན་བཅོས་རུ་ཁག་གི་ཁོངས་མི་ཡོངས་ཆར་པར་མ་འཛེམས་པར་ཅོར་ཅི་ཐོན་ནས་རླངས་འཁོར་ལ་བསྡད་དེ། སྤྱི་ལེ་200ཡི་ཕྱི་རོལ་ཏུ་ཡོད་པའི་ཁོ་ཁོ་ཉི་སྡེ་ཁུལ་དུ་རིམ་སྤེལ་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་པ་རེད། ཀུའེ་ཡ་ནའི་ཤར་རྒྱུད་ཀྱི་ཆར་མང་ཚ་ཁུལ་ནགས་གསེབ་ཏུ་གནས་པའི་ཁོ་ཁོ་ཉི་ནི་ལུང་ཁུག་ཏུ་གནས་ཤིང་འགྲིམ་འགྲུལ་སྟབས་བདེ་མེད་པའི་ཁར། ཉེ་འགྲམ་དུ་སྨན་ཁང་ཆེ་གྲས་ཀྱང་མེད་པས། ས་གནས་དེ་གའི་དམངས་ཚོགས་ལ་སྨན་དང་སྨན་པ་ཧ་ཅང་དཀོན་པོ་ཡོད།
           སྨན་བཅོས་རུ་ཁག་གིས་ས་བབ་རྙོག་འཛིང་ཆེ་བ་དང་རླངས་འཁོར་ལ་སྐྱོན་ཤོར་བ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་པ་བརྒྱུད། ཉིན་དགུང་ཙམ་གཞི་ནས་འོས་འགན་སྨན་བཅོས་བྱ་ཡུལ་དུ་འབྱོར་ཙམ་བྱུང་། དེ་གར་དུས་ཆད་བྱས་པའི་ནད་པ་བརྒྱ་ཙམ་གྱིས་སྨན་བཅོས་རུ་ཁག་བསྒུགས་ནས་བསྡད་ཡོད། ཀུའེ་ཡ་ནར་རོགས་སྐྱོར་སྨན་བཅོས་རུ་ཁག་གི་ཁོངས་མིའི་ཆེད་ལས་ཀྱི་ཁོངས་སུ་ཕྱི་བཅོས་ཚན་ཁག་དང་། ཁོག་ནད་ཚན་ཁག བུད་མེད་དང་བུ་བཙའ་ཚན་ཁག བྱིས་ནད་ཚན་ཁག མིག་ནད་ཚན་ཁག ཀྲུང་ལུགས་གསོ་རིག་གི་གསེར་ཁབ་ཚན་ཁག འཚིག་རྨས་ཚན་ཁག སྦྲིད་སྨན་ཚན་ཁག་སོགས་ཡོད་པ་དེས་སྨན་པ་བསྟེན་མཁན་སྣ་ཚོགས་ཀྱི་དགོས་མཁོ་སྤྱིར་ན་སྐོང་ཐུབ་ཀྱི་ཡོད། རུ་མི་ཚོས་བརྟག་དཔྱད་ཞིབ་ཚགས་བྱས་པ་མ་ཟད། སྨན་ཤོག་ལྟར་རིན་མི་དགོས་པར་ནད་པར་སྨན་ཡང་སྤྲད་པ་རེད།
           ཁོ་ཁོ་ཉི་སྡེ་ཁུལ་ནས་བྲལ་རྗེས། སྨན་བཅོས་རུ་ཁག་གིས་སླར་ཡང་རླངས་འཁོར་དུ་བསྡད་ནས་སྤྱི་ལེ་བརྒྱ་ལྷག་ཙམ་གྱི་སར་ཡོད་པའི་ནགས་ཁུལ་དུ་བསྐྱོད་དེ། ཀྲུང་གོའི་མ་འཇོག་ཁེ་ལས་རུང་ཨན་ཀུང་སི་བཅའ་སྡོད་བྱ་ཡུལ་ནགས་ཁུལ་དུ་འབྱོར་ཞིང་། ཁོ་ཚོས་ཕྱིར་སྡོད་རང་མི་དང་། ཕྱི་ཁོངས་ཀྲུང་གོ་བ། ས་གནས་དེ་གའི་ལས་བཟོ་བཅས་ལ་འོས་འགན་སྨན་བཅོས་བྱས་པ་རེད། ཆར་མང་ནགས་ཚལ་གྱི་ལྟེ་གནས་དང་ཀུའེ་ཡ་ན་ཤར་རྒྱུད་ཀྱི་མཐའ་མཚམས་དང་ཐག་ཉེ་བའི་སར་གནས་པའི་བཅའ་སྡོད་བྱ་ཡུལ་དེར་སྨན་དང་སྨན་པ་ཧ་ཅང་དཀོན་པོ་ཡོད། སྨན་བཅོས་རུ་ཁག་བཅའ་སྡོད་བྱ་ཡུལ་དུ་སླེབས་རྗེས། ཁོ་ཚོར་ཕྱོགས་ཡོངས་ནས་གཟུགས་པོར་བརྟག་དཔྱད་བྱས་པ་དང་། ཁོ་ཚོས་སེམས་ཁྲལ་བྱེད་པའི་བདེ་ཐང་གི་གནད་དོན་ལ་ལན་ཞིབ་ཕྲ་བརྒྱབ་པ་མ་ཟད། ནད་གཞིར་གཞིགས་ནས་སྨན་ཡང་སྤྲད་པ་རེད།
           ཀུའེ་ཡ་ན་ཀྲུང་ཧྭ་ཡུལ་གྲོགས་ཚོགས་པའི་ཚོགས་གཙོ་སུའུ་རུའེ་ཧུའེ་ཡིས། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་མི་ཉུང་བ་ཞིག་ལ་སྐད་བརྡ་མ་འཕྲོད་པའི་དབང་གིས་ས་གནས་དེ་གའི་སྨན་པ་དང་འབྲེལ་གཏུག་བྱེད་པར་དཀའ་ངལ་ཕྲད་ལ། རང་ཉིད་ཀྱི་ནད་གཞིར་ཡང་སེམས་ཁྲལ་ཆེན་པོ་ཡོང་གི་ཡོད། ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྨན་དོན་མི་སྣས་ཆེད་ལས་ཀྱི་ཤེས་བྱར་བརྟེན་ནས་ཁོ་ཚོར་འགྲེལ་བཤད་བརྒྱབ་པ་དང་། བརྟག་དཔྱད་བྱས་པ། སྨན་སྤྲད་པ་བཅས་ནི་ཚང་མའི་སེམས་རྣལ་རིལ་བུ་ལྟ་བུ་རེད། ཁོ་ཚོས་རོགས་རམ་དང་གཅེས་སྐྱོང་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་ཞེས་བཤད།