ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

ཧྲང་ཧའེ་གྲོང་ཁྱེར་ཡོངས་ཀྱི་ཉིང་སྐྱུར་མ་དཔེ་ལེན་པའི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ།

འགག་སྒྲོལ་དཀའ་སེལ་གྱིས་མཉམ་དུ་ཧྲང་ཧའེ་སྲུང་བ།

སྤེལ་དུས 2022-04-07 ཡོང་ཁུངས། རྩོམ་པ་པོ།
  ཟླ་4ཚེས་4ཉིན། ཧྲང་ཧའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ཉིང་སྐྱུར་གྲལ་བཤེར་བྱས་ཏེ་ཉེན་ཡོད་ཁུལ་རྦད་དེ་བསལ་བ་དང་། འགོས་བའི་སྦྲེལ་ཐག་བཅད་ནས་རིམས་ནད་ཁྱབ་ཚུལ་གང་མགྱོགས་གཏན་འགོག་བྱས་པ་དང་། སྤྱི་ཚོགས་ངོས་ཀྱི་འགུལ་རྣམ་གཙང་སེལ་དམིགས་ཚད་སྔ་ཙམ་མངོན་འགྱུར་ཐུབ་པར་བྱས་པ་རེད།
  འདི་ནི་གཞི་ཁྱོན་ཧ་ཅང་ཆེ་བའི་དམག་འཐབ་ཅིག་རེད་ལ། ཧ་ཅང་རྒྱག་ཁག་པའི་དམག་འཐབ་ཅིག་ཀྱང་རེད། ཧྲང་ཧའེ་ནི་མི་འབོར་ཁྲི་2500ལྷག་ཙམ་ཟིན་པའི་གྲོང་ཁྱེར་ཧ་ཅང་ཆེན་པོ་ཞིག་རེད། ད་ཐེངས་ཀྱི་ཉིང་སྐྱུར་གྲལ་བཤེར་བྱེད་སྐབས་ཉིན་གཅིག་ལ་གྲོང་ཁྱེར་ཡོངས་ལ་ཁྱབ་པའི་ཉིང་སྐྱུར་མ་དཔེ་ལེན་ཐེངས་གཅིག་ལེགས་སྒྲུབ་བྱེད་དགོས་ཀྱི་ཡོད།
  དམིགས་ཚད་དེའི་ཆེད་དུ་སྤུན་ཟླའི་ཞིང་ཆེན་གྱིས་རོགས་སྐྱོར་སྨན་བཅོས་རུ་ཁག་མངགས་ནས་ཧྲང་ཧའེ་རུ་གཅིག་སྡུད་འཛོམས་ཤིང་། ཧྲང་ཧའེ་གྲོང་ཁྱེར་ཡོངས་ཀྱིས་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་དང་ཞིབ་ཚགས་སྒྲུབ་གང་ཐུབ་བྱས་ཏེ། ཉིང་སྐྱུར་གྲལ་བཤེར་ལ“དུད་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ཆད་པའི”འགན་ལེན་བྱེད་རྒྱུའི་སྐུལ་སློང་བྱས་པ་རེད།
  ཚེས་4ཉིན་གྱི་ཐོ་རེངས་སུ་ཉིང་སྐྱུར་གྲལ་བཤེར་བྱེད་པའི་དུང་བརྡ་གྲགས།
  ཆུ་ཚོད་4དང་སྐར་མ་30ཙམ་ལ་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་15ཡི་ནང་དུ་བསྡད་པའི་ཕུའུ་ཏན་སློབ་ཆེན་ཞོར་གཏོགས་ཕུའུ་ཏུང་སྨན་ཁང་གི་སྨན་དོན་མི་སྣ་400ལྷག་ཙམ་དང་། རོགས་སྐྱོར་ཚོགས་པའི་མི་1800ཡིས་ཉེ་འཁོར་གྱི་གྲོང་རྡལ་9དང་དམིགས་ས་700ལ་བསྐྱོད་དེ་གྲོང་མི་ཁྲི་བརྒྱ་གྲངས་ཀྱི་ཉིང་སྐྱུར་མ་དཔེ་ལེན་པའི་ལས་འགན་སྒྲུབ་འགན་ཁུར་བ་རེད།
  ཆུ་ཚོད་4དང་སྐར་མ་50ཙམ་ལ་ཆིང་ཕུའུ་ཆུས་ཤིང་ཧྲང་དབན་ཁུལ་ཆུང་གི་སྡེ་ལས་ཚོམས་ཆེན་དུ་སྨན་དོན་མི་སྣའི་དངོས་ཟོག་མཚན་གང་བགོ་འགྲེམས་བརྒྱབ་པ་རེད། དང་བླངས་པ་ཚོས་འགོག་སྲུང་གྱོན་གོས་གྱོན་ནས་ཁྲིད་སྟོན་ཐག་པ་འཐེན་པ་དང་། ལོགས་སུ་འཇོག་པའི་ཡོལ་བ་འཐེན་པ་སོགས་གྲ་སྒྲིག་ཨང་བསར་བྱས་པ་དང་། གྲོང་མི་མང་པོ་ཞིག་སྔ་ས་ནས་བང་སྒྲིག་པར་སླེབས་ཡོད།
  ཆུ་ཚོད་5དང་སྐར་མ་30ཙམ་ལ་ཕུའུ་ཐོ་ཆུས་ཁྲང་ཕུང་གྲོང་ཚོ་གསུམ་པའི་ཏང་ཡོན་དང་བླངས་པ་ཚོས་རང་ཉིད་ཀྱི་ལས་གནས་སུ་གྲ་སྒྲིག་བྱས་ནས་བསྡད་ཡོད། དུད་ཚང་2000ལྷག་ཙམ་དང་གྲོང་མི་4000ལྷག་ཙམ་ཡོད་པའི་ཁུལ་ཆུང་རྙིང་པ་དེར་གློག་སྐས་མེད་པས་དང་བླངས་པ་ཚོས་དུད་ཁྱིམ་རེ་རེ་བཞིན་ལ་བསྐྱོད་དེ་ཉིང་སྐྱུར་མ་དཔེ་ལེན་པའི་བརྡ་ཐོ་བཏང་བ་རེད།
  ཆུ་ཚོད་6པ་ཙམ་ལ་ཧྲང་ཧའེ་སྐོར་ལམ་ནང་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་སྡེ་ཁུལ་གྲས་ཤིག་ཀྲུང་ཡོན་ལཱེང་དབན་གྲོང་དུ། ཉིང་སྐྱུར་མ་དཔེ་ལེན་ཡུལ18དུས་གཅིག་ཏུ་ལས་འགོ་ཚུགས་པ་དང་སྨན་དོན་མི་སྣ་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་ལས་དོན་སྒྲུབ་བཞིན་ཡོད།
  ཆུ་ཚོད་10དང་སྐར་མ་30ཙམ་ལ་ཅིང་ཧྲན་ཆུས་ཀྲུའུ་ཅིང་གྲོང་རྡལ་ཐང་ཡོན་གྲོང་མིའི་ཁུལ་ཆུང་གི་གཅིག་སྡུད་ཉིང་སྐྱུར་མ་དཔེ་ལེན་ཡུལ་དུ་མི་ཉུང་དུ་ཕྱིན་པས། སྨན་དོན་མི་སྣ་ཁག་གཅིག་གིས་འཕྲལ་མར་ཉིང་སྐྱུར་མ་དཔེ་ལེན་ཆས་ཁྱེར་ནས་གྲོང་ལྷན་གྱི་ལས་དོན་མི་སྣ་དང་ཁུལ་ཆུང་གི་དང་བླངས་པ་དང་མཉམ་དུ་མི་བཞིའི་ཡན་ལག་རུ་ཁག་མང་པོ་གྲུབ་སྟེ་སྐོར་སྐྱོད་ཉིང་སྐྱུར་མ་དཔེ་ལེན་པར་ཕྱིན་ཡོད།
  ཆུ་ཚོད་11ཙམ་ལ་ཐོན་སྐྱེད་ཚོགས་ཆུང་ཚན་པར་བྱས་ནས་ཁག་བགོས་ཉིང་སྐྱུར་མ་དཔེ་ལེན་པ་དང་། ཁྲུང་མིང་ཆུས་ཧེང་ཧྲ་ཤང་གི་མི་22900ལྷག་ཙམ་ལ་ཉིང་སྐྱུར་མ་དཔེ་ལེན་པའི་ལས་འགན་ཚང་མ་ལེགས་སྒྲུབ་ཟིན་ཡོད།
  ཆུ་ཚོད་14ཙམ་ལ་ཕུའུ་ཐོ་ཆུས་ཀྲེན་རུ་གྲོང་རྡལ་ཁྲོམ་གཞུང་གིས་མི་ཡོངས་ལ་ཉིང་སྐྱུར་མ་དཔེ་ལེན་པའི་ལས་འགན་གཞི་རྩའི་ཆ་ནས་ལེགས་སྒྲུབ་ཟིན་ཞིང་། “ང་ཚོའི་ཁྲོམ་གཞུང་ལ་གྲོང་མིའི་ཁུལ་ཆུང་40ཡོད་པ་དང་ཉིང་སྐྱུར་མ་དཔེ་ལེན་ཡུལ་ཁྱོན་བསྡོམས་130ལྷག་ཙམ་བཙུགས་ཡོད། ང་ཚོར་ཕྱོགས་ཁག་གི་རྒྱབ་སྐྱོར་ཐོབ་བྱུང་། དེའི་ནང་ཀྲེ་ཅང་ཅིང་ཧྭ་སྨན་བཅོས་རུ་མི་100ཡི་རོགས་སྣོན་ཐོབ་བྱུང”ཞེས་ཀྲེན་རུ་གྲོང་རྡལ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཧྲའོ་ཁྲུན་གྱིས་བརྗོད།
  ཏང་ཡོན་དང་བླངས་པ་ཚོས་སྡེ་ཁུལ་ལ་འབྱོར་ཐོ་བཀོད་ནས་ཉིང་སྐྱུར་གྲལ་བཤེར་ལས་དོན་ལ་གཞོགས་འདེགས་བྱས་ཡོད།
  བགྲེས་སོང་འགའ་ཞིག་གིས་ཉིང་སྐྱུར་མ་དཔེ་ལེན་པའི་རྩ་གཉིས་ཨང་རྟགས་བཏོན་མ་ཐུབ་པས། དང་བླངས་པ་ཚོས་ལམ་སེང་རོགས་རམ་བྱེད་པ་དང་། བགྲེས་སོང་འགའ་ཞིག་གིས་བྲེལ་འཚུབ་བྱས་རྐྱེན་ལྡེ་མིག་བརྗེད་སྟབས་གྲོང་ལྷན་གྱི་ལས་བྱེད་པས་ཐག་གཅོད་བྱེད་རོགས་བྱས་ཡོད།
  ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་མིན་ཧང་སློབ་ཁུལ་ནས་སྒྲིག་ལམ་སྐྱོང་མཁན་དང་བླངས་པ་200ལྷག་ཙམ་བསྡུས་པ་དང་སྐར་མ་10ཡི་ནང་ཚུན་དུ་མིང་ཐོ་ཚང་མ་འགོད་ཟིན་ཡོད།
  “སྙིང་ཉེ་བའི་ཕྲུ་གུ་ཚོ། ཁྱེད་ཚོས་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱས་ནས་འགྲན་སློང་ལ་དཔའ་མི་ཞུམ་པ་ནི་སྣ་མང་ཕུན་སུམ་ཚོགས་པའི་མ་འོངས་གཏོད་ཆེད་རེད། ཁྱེད་རྣམ་པ་སྐུ་ལས་ཁག་སོང་། སྐུ་གཟུགས་ལ་ཐུགས་འཇགས་གནང་རོགས”ཞེས་སྐར་ཆ་ཙམ་ཡང་ལུས་པར་བརྩོན་ལེན་བྱེད་པའི་ཉིང་སྐྱུར་མ་དཔེ་ལེན་ཡུལ་དུ་ཧོང་ཕུའུ་ཆུས་ཀྱི་བགྲེས་སོང་ཞིག་གིས་རུའེ་ཅིང་སྨན་ཁང་གི་ཉིང་སྐྱུར་མ་དཔེ་ལེན་མཁན་ལ་ཐུགས་རྗེ་ཆེ་ཞུ་བའི་ཡིག་སྐོགས་མེད་པའི་འཕྲིན་ཡིག་ཅིག་ཏུ་དེ་ལྟར་བྲིས་ཡོད།
  ཚེས་4ཡི་ཉིན་གང་། ཧྲང་ཧའེ་གྲོང་ཁྱེར་ཡོངས་ཀྱི་ཉིང་སྐྱུར་མ་དཔེ་ལེན་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད། ཉིན་དེའི་ཆུ་ཚོད་19ཙམ་ལ་ཧྲང་ཧའེ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས། རྒྱ་ཆེའི་གྲོང་མིས་གཞོགས་འདེགས་ཧུར་ཐག་བྱས་པ་བརྒྱུད་གྲོང་ཁྱེར་ཡོངས་ཀྱིས་རེས་སྐོར་གསར་པའི་ཉིང་སྐྱུར་མ་དཔེ་ལེན་པའི་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱུང་སོང་། ཕྱིས་སུ་ད་དུང་གོ་རིམ་ལྡན་པའི་ངང་ཉིང་སྐྱུར་བརྟག་དཔྱད་དང་། བསྐྱར་ཞིབ། མི་སྣ་བརྒྱུད་འདྲེན། འབྲེལ་ཡོད་དབྱེ་ཞིབ་དང་བརྡར་གཅོད་ལས་དོན་སྤེལ་གྱི་ཡིན་ཞེས་པའི་ཆ་འཕྲིན་ཞིག་ཁྱབ་བསྒྲགས་བྱས་པ་རེད།