ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

ཐེན་ཅིན་གྲོང་ཁྱེར་གྱིས་ཆབ་མདོ་གྲོང་ཁྱེར་དུ་སྒྲོམ་ཚང་སྨན་ཁང་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ།

སྒོར་ཁྲི་1000རི་བའི་དངོས་ཟོག་ཞལ་འདེབས་བརྒྱབ་པ།

སྤེལ་དུས 2022-05-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཚེས་14ཉིན། ཐེན་ཅིན་གྲོང་ཁྱེར་མཁའ་འགྲུལ་ཟོག་འདྲེན་ལས་སྣོན་ཁུལ་ནས་རྡོག་ཐོན་བྱས་པའི“ཅིན་བོད་གཅེན་གཅུང་གི་བརྩེ་བ་ཟབ། ལག་གདང་སྦྲེལ་ནས་རིམས་འགོག་བྱས་ཏེ་མཉམ་དུ་བདེ་ཐང་སྲུང”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་སྦྱར་བ་དང་རིམས་འགོག་དངོས་ཟོག་བྱུར་བུར་བླུགས་པའི་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་གསུམ་བདེ་བླག་ངང་ཆབ་མདོ་གྲོང་ཁྱེར་དུ་འབྱོར་བ་དང་། ཆབ་མདོ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་པོའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་ཆེད་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད།
  ཤེས་རྟོགས་བྱུང་བར་གཞིགས་ན། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་གཟབ་ནན་དང་ཏན་ཏིག་ངང་ཡག་པོ་སྒྲུབ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ནད་ཁྲི་1000འཇོག་ཐུབ་པའི་སྒྲོམ་ཚང་སྨན་ཁང་བསྐྲུན་རྩིས་ཡོད་པ། ཐེན་ཅིན་གྲོང་ཁྱེར་གྱིས་ཤེས་རྟོགས་བྱུང་རྗེས་རིམས་འགོག་དངོས་ཟོག་དང་མ་དངུལ་གྲབས་གསོག་ཧུར་ཐག་བྱས་པ་དང་། ཐེན་ཅིན་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། གྲོང་ཁྱེར་ནོར་སྲིད་ཅུས། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་སོགས་ཚན་པ་མང་པོ་སྒྲིག་འཛུགས་བྱས་པ། དེ་བཞིན་པེ་ཀྲན་ཆུས་དང་། ཝུའུ་ཆིང་ཆུས། ཉིང་ཧོ་ཆུས། ཅིང་ཧའེ་ཆུས་སོགས་ཁ་གཏད་ཆུས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ་ནུས་ཤུགས་ཡོད་རྒུས་ཆབ་མདོ་གྲོང་ཁྱེར་དུ་སྒྲོམ་ཚང་སྨན་ཁང་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་པ་རེད།
  ད་རེས་ཐེན་ཅིན་གྲོང་ཁྱེར་གྱིས་ཞལ་འདེབས་བརྒྱབ་པའི་རིམས་འགོག་དངོས་ཟོག་ནང་གཙོ་བོ་སྨན་སྤྱོད་འགོག་སྲུང་ཁ་རས་དང་། སྨན་སྤྱོད་འགོག་སྲུང་གྱོན་ཆས། སྙིང་གློག་ལྟ་སྐྱོང་དཔྱད་ཆས་སོགས་ཡོད་པ་དེ་དག་གི་རིན་ཐང་སྒོར་ཁྲི་1000ཙམ་ཟིན་ཡོད། གཞན་ཡང་ཐེན་ཅིན་གྲོང་ཁྱེར་གྱིས་བོད་སྐྱོར་མ་དངུལ་གཏོང་སྤྲོད་གནས་ཚུལ་དང་མིག་སྔའི་ནོར་ཤུགས་ཀྱི་རྣམ་པ་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་སྐུལ་སློང་བྱས་ནས་ཁྱོན་མ་དངུལ་སྒོར་ཁྲི་361ཞལ་འདེབས་བརྒྱབ་སྟེ་ཆབ་མདོ་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་རམ་འདེགས་བྱས་པ་རེད།