“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

བོད་ལུགས་གསོ་རིག་ལས་དྲེག་ནད་ཀྱི་བརྟག་བཅོས་སྐོར་གླེང་བ།

སྤེལ་དུས 2019-12-24 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། ཚེ་བརྟན་རྣམ་རྒྱལ། བཀྲ་ཤིས། བསོད་རམས་དངོས་གྲུབ།
          [ནང་དོན་གནད་བསྡུས།] འདིར་གཙོ་བོད་བོད་ལུགས་གསོ་རིག་སྐོར་གྱི་དཔེ་ཆ་ཁག་གཅིག་ལ་གཞི་བཅོལ་ཏེ་དྲེག་ནད་ཀྱི་ངོ་བོ་དང་དབྱེ་བ། ནད་རྟགས། རྒྱུ་རྐྱེན་སོགས་རགས་བརྗོད་དང་སྦྲགས་ནད་ཐོག་དངོས་ཀྱི་ལག་ལེན་ཐོག་ནས་དྲེག་ནད་འདི་ཉིང་ཇི་ལྟར་བཅོས་ཐབས་ཀྱི་སྐོར་ཅུང་ཟད་གླེང་ཡོད།
          [བརྡ་ཆད་གཙོ་བོ།] དྲེག་ནད། བཅོས་ཐབས།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]R219.4[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)04-101-06                 
          གླེང་གཞི།
          བོད་ཀྱི་གསོ་བ་རིག་པ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་། དེར་ད་བར་ལོ་ངོ་སུམ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་ལ། དེ་ནི་བོད་མི་རིགས་ཀྱིས་ཡུན་རིང་འཚོ་བའི་ཁྲོད་ནད་རིམས་དང་འཐབ་རྩོད་ངང་བློ་རིག་གི་མྱོང་གྲུབ་ལ་བརྟེན་ནས་གསོ་བ་ནད་བཅོས་ཀྱི་ཉམས་མྱོང་གསོག་འཇོག་བྱས་ནས་བྱུང་བ་ཞིག་ཡིན་པས། ད་བར་ནད་རིགས་འགོག་སྲུང་དང་འཚོ་སྡོད་བྱ་བར་ཕན་འབྲས་ཆེན་པོ་ཐོན་ཡོད། དེས་ན་བོད་ཀྱི་གསོ་བ་རིག་པ་འདིར་འཛམ་གླིང་གསོ་རིག་དང་དེང་རབས་ཚན་རིག་གི་ཁས་ལེན་དང་གདེང་འཇོག་སོགས་ཐོབ་དགོས་ན། ངེས་པར་དུ་རང་ཉིད་ཀྱི་སྲོལ་རྒྱུན་ཁྱད་ཆོས་མི་འདོར་ཞིང་། དེང་རབས་སྔོན་ཐོན་ཚན་རིག་གི་ཞིབ་འཇུག་ཐབས་ཤེས་ལེགས་པར་བེད་སྤྱད་དེ་རིག་གཞུང་དང་ནད་ཐོག་སྨན་བཅོས་ཟུང་འབྲེལ་གྱི་ཐོག་ནས་འདིའི་ཕན་ནུས་ར་སྤྲོད་བྱེད་དགོས་པ་མ་ཟད། ད་དུང་ནད་རིགས་སོ་སོར་ཕན་ནུས་ཆེ་བའི་བརྟག་བཅོས་ཚད་གཞི་དང་། ཕྱོགས་སྟོན་ཁ་གསལ་ཞིག་ཡོད་དགོས་པ་ཡིན། དེ་ལྟར་དྲེག་ནད་ཀྱི་བརྟག་བཅོས་ཚད་གཞི་དང་ཕྱོགས་སྟོན་ཁ་གསལ་ཞིག་ཡོང་ཆེད་ད་ལམ་དྲེག་ནད་དང་འབྲེལ་བའི་གསོ་རིག་དཔེ་ཆ་ཁྲག་གཅིག་གི་ནང་དོན་ལ་དབྱེ་ཞིབ་ཀྱིས་ཞིབ་འཇུག་དང་ནད་ཐོག་སྨན་བཅོས་ཟུང་འབྲེལ་གྱི་ཐོག་ནས་དྲེག་ནད་སྐོར་མདོ་ཙམ་གླེང་བར་འདོད་པ་ལ། 
          ངོ་བོ་དང་ངེས་ཚིག་བཤད་པ།
          དྲེག་ནད་ཀྱི་ངོ་བོ་དང་མིང་གི་རྣམ་གྲངས་སྐོར་ལ་《གཙང་སྟོད་ཟིན་ཐིག་དང་ཡང་ཐིག་》ལས། “དེ་ནས་དྲེག་མཁར་བཞི་ལ་གནས། ། ངོ་བོ་རླུང་ཁྲག་གཉིས་ཡིན་ནོ། ། མིང་ནི་རྣམ་གྲངས་འདི་ལྟ་སྟེ། ། རྒྱ་གར་ཐེང་ནད་སྟོབས་འཇིག་ཟེར། ། རྒྱ་ནག་ཕྱུག་པོའི་རླུང་ནད་ཟེར། ། བལ་པོ་ཤུགས་དྲེག་ཡན་ལག་ཟེར། ། བོད་ནི་དེ་ལ་དྲེག་ནད་ཟེར། ། དོན་གཅིག་མིང་གི་རྣམ་གྲངས་ལ། །”ཞེས་དང་། སྟག་ཚང་ལོ་ཙཱ་བས། “གྲུ་ཚིགས་གཉིས་དང་རྒྱ་ཚིགས་གཉིས། ། དྲེག་བཞི་ཞེས་གྲགས་དེའི་གནས་སམ། ། གང་ནའི་གནས་སུ་དྲེག་སྨུག་ནག ། ཆགས་པས་དྲེག་ནད་ཅེས་སུ་བཤད། །”ཅེས་གསུངས་པ་ལྟར། ངོ་བོ་རླུང་ཁྲག་གཉིས་ལས་བྱུང་ཞིང་། གཙོ་བོར་རླུང་ཁྲག་འཁྲུགས་པ་ལས་དྲེག་བཞི་སྟེ། ལག་པའི་གྲུ་ཚིགས་དང་རྐང་པའི་རྒྱ་ཚིགས་ལ་ན་ཟུག་གཏོང་ཞིང་དམར་སྐྲངས་སམ་སྨུག་ཐིག་བྱུང་བས། ན་བའི་གནས་སམ་མདོག་ལ་བལྟོས་ནས་མིང་དེ་ལྟར་ཐོགས་པའོ།
          རྒྱུ་རྐྱེན་བཤད་པ།
          《རྒྱུད་》ལས། “རྒྱུ་རྐྱེན་ཁྲག་འཁྲུགས་བྱེད་པའི་ཟས་སྤྱོད་བསྟེན། ། ཉིན་པར་གཉིད་ལོག་སྐྱིད་པར་འདུག་པ་དང་། ། དྲག་ཤུལ་རྐྱེན་གྱིས་རླུང་ཁྲག་འཁྲུགས་པ་ཡིས། ། རྐང་པའི་མཐེ་བོང་ལག་པའི་གྲུ་མོར་གནས། ། དང་པོ་ཁོལ་བུ་རྙིང་ནས་མཆེད་པར་འགྱུར། །”ཞེས་དྲེག་ནད་དེ་ནི་ལུས་ལ་གནས་པའི་ཁྲག་གི་འཁོར་སྐྱོད་རྒྱུན་གཏན་མིན་པར་འཁྲུགས་པར་བྱེད་པའི་ཁ་ཟས་ཏེ། རོ་ཚ་བའི་རིགས་དང་། ཤ་ཚིལ་སྣུམ་པ་ཅན། རྒྱ་མཚོའི་ནང་གི་ཟས་རིགས་སོགས་རྒྱུན་དུ་བསྟེན་པ་དང་། ཆང་མང་བཏུངས་པ་སོགས་ཀྱི་སྟེང་སྤྱོད་ལམ་དུས་མ་ཡིན་པར་ཉིན་པར་གཉིད་ལོག་པ་དང་། ཟས་གོས་གནས་མལ་གང་འདོད་སྤྱད་ནས་བདེ་བར་དལ་དུ་རོལ་དྲགས་པ། ཡང་ན་ལུས་ཀྱི་རྩོལ་བ་དྲག་ཤུལ་བྱས་རྐྱེན་གྱིས་རླུང་དང་ཁྲག་འཁྲུགས་པ་སོགས་ཀྱིས་སྐྱེད་པར་གསུངས་པ་དང་། གཞན་ཡང་རླུང་སྐྱེད་པར་བྱེད་པའི་ཟས་སྤྱོད་བསྟེན་པས་རླུང་གི་ནད་འཕེལ་ཏེ་ལོག་པའི་ལམ་དུ་ཞུགས་པས་ཁྲག་རྒྱུའི་ལམ་འགག་པ་སོགས་ཀྱིས་དྲེག་ནད་སྐྱེད་པ་ཡིན་ཚུལ་དེ་ནི་དེང་རབས་གསོ་རིག་གིས་བསྟན་པའི་དྲེག་ནད་ཀྱི་རྒྱུ་རྐྱེན་དང་གཅིག་མཚུངས་སུ་སྣང་། དེ་མིན་《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་》དང་། 《ཡན་ངག་རིན་ཆེན་འབྱུང་གནས་》 དང། 《ཕྱག་རྡོར་གསོ་རིག་ཕྱོགས་བསྒྲིགས་》《དཔལ་ལྡན་ས་སྐྱའི་གསུང་རབ་》སོགས་ཀྱི་ནང་དུ་དྲེག་ནད་དེ་ནི་དམིགས་བསལ་རྔུལ་འདྲེས་ཤིང་ལྷམ་དོག་པ་ལས་ཀྱང་འབྱུང་བ་དང་། དང་པོའི་དུས་སུ་ཁོལ་བུར་ན་བ་དང་། ནད་དེ་རྙིང་ནས་རིམ་གྱིས་ལུས་ལ་ཁྱབ་པར་འགྱུར་པའི་ནད་གདུག་པ་ཅན་ཞིག་ཡིན་པའི་སྐོར་བསྟན་ཡོང།
          དབྱེ་བ་བཤད་པ།
          དྲེག་ནད་ལ་སྤྱིར་དབྱེ་ཚུལ་མི་འདྲ་བ་ཁག་གསུམ་ཙམ་ཡོད་པ་ལས་《མན་ངག་རིན་ཆེན་འབྱུང་གནས་》ཀྱིས་“དེ་ལ་དབྱེ་བ་དཀར་ནག་ཁྲ་བོ་གསུམ། ། དཀར་པོ་རྐང་མཐིལ་རྒྱུ་ཞིང་མཐེབ་ཆུང་འཁར། ། ནག་པོ་ལོང་རྩ་བརྒྱུད་ཅིང་མཐེབ་ཆེན་འཁར། ། ཁྲ་བོ་ཉྭ་སུལ་རྒྱུ་འིང་རྟིང་པར་འཁར། །”ཞེས་དབྱེ་བ་དཀར་ནག་ཁྲ་གསུམ་དུ་དབྱེ་བའི་ཚུལ་དེ་ནི་གཙོ་བོ་ནད་དེ་ན་བའི་གནས་ལ་བལྟོས་ནས་དབྱེ་བ་ཡིན་ཞིང་། དེ་མིན་《རྒྱུད་》ལས། “དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་བཞི་”ཞེས་ཁག་བཞི་རུ་དབྱེ་ནའང་ནད་ཐོག་དངོས་ཀྱི་ལག་ལེན་ནང་མཁས་དབང་མང་པོའི་ཉམས་མྱོང་དང་དེ་སྔ་སྨན་བཅོས་ཟིན་པའི་ནད་དེབ་ཁག་གི་ནད་རྟགས་ལ་དབྱེ་ཞིབ་བྱས་པ་བརྒྱུད་དྲེག་ནད་གསར་དུས་ཁྲག་མཁྲིས་ནད་རྟགས་ཤས་ཆེ་བ་དེ་ནི་ཚ་དྲེག་དང་། རྙིང་ནས་བད་རླུང་ནད་རྟགས་ཤས་ཆེ་བ་དེ་ནི་གྲང་དྲེག་ཅེས་གཉིས་སུ་དབྱེ་རུང་བས། དེ་ནི་《གཙང་སྟོད་ཟིན་ཐིག་དང་ཡང་ཐིག་》ཏུ “ཚ་དྲེག་གྲང་དྲེག་གཉིས་ཟེར་ཀྱང་། ། གསར་དང་རྙིང་པའི་བྱེ་བྲག་ལ། ། ཁྲག་སྟོབས་རླུང་གི་ཁྱད་པར་ཡིན། །”ཞེས་འཁོད་པ་དང་མཐུན་ནོ།
          ནད་རྟགས་བཤད་པ།
          སྤྱིའི་རྟགས། རྒྱུད་བཞིའི་གསལ་བྱེད་《བེཌཱུརྱ་སྔོན་པོ་》ལས། དང་པོ་མངོན་ཚུལ་བརླ་དང་རྐེད་པ་པུས་ཚིགས་བྱིན་པ་རྣམས་ན་ཞིང་གཡའ་བ་སྟེ། ཟ་ཡ་འགུལ་བསྐྱོད་བྱས་ཤིང་། ཚོར་བ་མེད་པར་ལྕི་བ་སྟེ་བེམ་བེམ་བྱེད་པ་དེ་རྣམས་ཡང་ཡང་ལྡང་ཞིང་སླར་ལྕི་བར་འགྱུར་བ་ཡིན། ནད་རྒྱས་ཏེ་གསར་པའི་དུས་སུ་པགས་པ་དང་ཁྲག་ལ་གནས་པས་སྐྲངས་དམར་ཞིང་དྲོད་ཆེ་ལ་སྔོན་པོའི་ཐིག་ལེ་བཅས་ཤིན་ཏུ་ན་ཞིང་། རྐང་ལག་རྐེད་པ་སོགས་ཤད་ཤད་བྱ་རྨྱང་མང་བར་འབྱུང་ཞེས་དང་། 《ཟླ་ཟེར་》ལས། “ནད་གཅིག་ལས་གྱུར་གསར་གསོ་སླ་”ཞེས་དྲེག་ནད་དེ་ནད་གཞི་གཅིག་ལས་བྱུང་བ་དང་། གསར་དུ་བྱུང་ཞིང་ཡུན་རིང་མ་ལོན་པའི་སྐབས་གསོ་སླ་བ་དང་། དེ་ལས་ལྡོག་སྟེ་རྙིང་ནས་རྩ་ཆུ་རུས་ཚིགས་ཤ་ཚིལ་ཀུན་ལ་ཁྱབ་ཅིང་། ལྷག་པར་སྐྲངས་ཤིང་མི་བཟོད་པ་སྲ་ལ་ཧྲེམ་ཞིང་དྲོད་ཆེ་བ་དང་། གཞང་ཁ་དང་རུས་ཚིགས་རྣམས་ཆད་པར་སྙམ་དུ་འབྱུང་སྐབས་ཞ་བ་དང་འཐེང་བར་བྱེད་པས་དེ་དུས་གསོ་དཀའ་བར་འབྱུར་རོ་ཞེས་དྲེག་ནད་ཀྱི་སྤྱིའི་ནད་རྟགས་དང་། འཕེལ་ཚུལ་སོགས་གཞི་མཐུན་པའི་སྐོར་གསལ་བར་བསྟན་ཡོད། དེ་ལྟར་ནད་ཐོག་དངོས་སུ་ཡང་དྲེག་ནད་ནི་གཙོ་བོ་ངན་ཁྲག་ཆུ་སེར་རླུང་གསུམ་འཁྲུགས་པའི་དབང་གིས་ཐོག་མར་ནད་དེ་ཕོག་སྐབས་ལུས་ཡོངས་ལ་ཚ་དྲོད་ཆེན་པོ་རྒྱག་པ་དང་གྲང་ཤུམ་བྱེད་པ། རྐང་པ་བཤལ་སྦྲིད་བྱེད་ཅིང་ལུས་ཁམས་ཉོབ་ལྡང་བྱེད་པ། རྐང་པའི་མཐེ་བོང་དང་བོལ་ཚིགས་རྐང་མཐིལ་བཅས་ལ་ན་ཟུག་བཟོད་མེད་གཏོང་བ་དང་། དམར་སྐྲངས་དང་དམར་སྨུག་ཆགས་ནས་སྔོ་ཐིག་དོན་པ། སྐྲངས་པ་ཚ་ཞིང་ཚ་དྲོད་ཆེ་བ། རེག་པའི་དུས་སུ་ན་ཟུག་བཟོད་མེད་གཏོང་བ་དང་། སྐད་ངན་འཆོར་བ། འགྲོ་སྐྱོད་དཀའ་ཞིང་བརྐྱང་བསྐུམ་མི་བདེ་བ་དང་། ཉིན་པར་ཅུང་བདེ་ལ་མཚན་མོར་ནད་ལྡང་ཆེ་རུ་འགྲོ་བའི་ནད་རྟགས་གསལ་བར་མངོན་པས། དེའི་དུས་སུ་སྨན་བཅོས་ཚུལ་བཞིན་མ་བྱུང་ཚེ་ནད་རོ་ཡང་ཡང་ལྡང་བ་དང་། གྲུ་ཚིགས་དང་། པུས་ཚིགས། རུས་ཚིགས། དེ་བཞིན་ཆུ་རྒྱུས་ཁག་ལ་མཆེད་དེ་གྲུམ་བུའི་ནད་ལ་འགྱུར་བ་མང་ཞིང་། དྲེག་ན་བའི་གནས་སུ་རྡོ་ཞོ་ལྟ་བུའི་དྲེག་རྡོ་འབྱུང་བ་དང་།  གཅིན་ལམ་དང་། གཞང་ཁ་ལ་ན་ཟུག་དྲག་ཏུ་ལྡང་བ། མཁལ་མའི་གནས་སུ་བྱེར་ནས་མཁལ་ནུས་ཞན་པར་གྱུར་བ་ཡིན་པས། ཤིན་ཏུ་བཅོས་དཀའ་བའོ།  
           ཁྱད་པར་རྟགས་སམ་བྱེ་བྲག་གི་རྟགས། དྲེག་ནད་ལ་དབྱེ་ཚུལ་མི་འདྲ་བ་ཁག་གསུམ་ཡོད་པ་དེ་རྣམས་སོ་སོའི་ཁྱད་པར་རྟགས་གཞི་མཐུན་པ་རྣམས་རེའུ་མིག་གི་ཐོག་ནས་གསལ་བར་བཀོད་ན་འདི་ལྟ་སྟེ།
  
          ༡ རླུང་མཁྲིས་བད་གན་ཁྲག་བཅས་བཞི་རུ་དབྱེ་བའི་ཁྱད་པར་ནད་རྟགས་སྐོར་ལ་《ཟླ་ཟེར་》ལས།
          ༢ དཀར་ནག་ཁྲ་གསུམ་དུ་དབྱེ་བའི་ཁྱད་པར་ནད་རྟགས་སྐོར་ལ་《མན་ངག་རིན་ཆེན་འབྱུང་གནས་》ལས།
          ༣ ཚ་གྲང་གཉིས་སུ་དབྱེ་བའི་ཁྱད་པར་ནད་རྟགས་སྐོར་ལ་《གཡུ་ཐོག་ཤོག་དྲིལ་》ལས།
          རྩ་ཆུ་ཕྱི་ཡུལ་གསུམ་ལ་བརྟག་པ། དེ་ཡང་《མན་ངག་རིན་ཆེན་འབྱུང་གནས་》ལས། “དྲེག་གི་ནད་ལ་རྩ་ཆུ་ཕྱི་ཡུལ་གསུམ། ། དྲེག་གི་རྩ་ནི་སྣ་ཐུང་མཁྲང་ལ་གྲིམས། ། ཁྲག་ཚད་རྩ་འདྲ་ཁྱད་པར་ཅུང་ཞིག་གཡུང་། ། དྲེག་གི་ཆུ་ལ་ངེས་མེད་ཚད་པ་འདྲ། ། མི་ནོར་རྟགས་སུ་རྭ་གཞོབ་ཁོན་བྲོ། །”ཞེས་དང་། 《རྒྱུད་》ལས། “དྲེག་དང་གྲུམ་བུ་རྐང་འབམ་རྟགས་བཅོས་འཁྲུལ་”ཞེས་གསུངས་པ་ལྟར།  ནད་ཐོག་དངོས་སུ་གྲུམ་བུ་དང་རྐང་འབམ་གྱི་ནད་རྟགས་དང་འཁྲུལ་སོ་ཡོད་པ་དང་། ཡང་ན་བླ་གཉན་དང་གསོ་བྱའི་ཉེས་པའི་སྡོང་ཟླའི་དབང་གིས་མ་ངེས་པ་ཡང་ཡོད་པ་དེ་ནི་ནད་ཐོག་དངོས་དང་རིག་གཞུང་གང་ཐད་ནས་མུ་མཐུད་དཔྱད་པར་བྱ་བའི་གནད་ཅིག་ཡིན།
          བཅོས་ཐབས་བཤད་པ།
          དྲེག་ནད་ལ་ཟས་སྤྱོད་སྨན་དཔྱད་བཞིའི་སྒོ་ནས་བཅོས་པར་བྱ་དགོས་ཏེ།
          ༡ ཟས་སྤྱོད་གཉིས་ཀྱི་ཐད་གོང་དུ་དྲེག་ནད་སློང་རྐྱེན་སྐབས་བཤད་པ་ལྟར་སྤང་བླང་བྱ་དགོས་པའི་སྟེང་། ཁྱད་པར་རླུང་མཁྲིས་བད་ཀན་ཁྲག་བཅས་སོ་སོའི་ཤས་ཆེ་ཆུང་ལ་བལྟོས་ནས་དེ་འཚམས་ཀྱིས་ཟས་སྤྱོད་ལ་ཡིད་གཟབ་བྱ་དགོས་པ་དཔེར་ན། རླུང་ཤས་ཆེར་གྱུར་པ་ལ་ཟས་རིགས་ནུས་པ་འཇམ་དྲོའི་རིགས་བསྟེན་པ་དང་། མཁྲིས་ཤས་ཆེར་གྱུར་པ་ལ་ཟས་སྤྱོད་ནུས་པ་བསིལ་སླ་དང་ལྡན་པ་བསྟེན་པ། ཁྲག་ཤས་ཆེར་གྱུར་པ་ལ་ཟས་སྤྱོད་ནུས་པ་བསིལ་བ་དང་ལྡན་པ་བསྟེན་པ། བད་ཀན་ཤས་ཆེ་ལ་ཟས་སྤྱོད་ནུས་པ་ཡང་རྩུབ་དང་རྩོལ་བཅག་དྲོ་ས་བསྟེན་དགོས་པ་ལྟ་བུའོ།
          ༢ སྨན་དཔྱད་ཀྱི་བཅོས་ཐབས་ཀྱི་ཐད་《གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ་》ཡི་ནང་། ཐོག་མར་སྨན་དྲག་ཐང་དང་། ཀླུ་བདུད་༡༨  ཁྱུང་ལྔ། དངུལ་ཆུ་༡༨སོགས་བཏང་ནས་གཉན་ཁ་གཅོག་ཐབས་བྱེད་དགོས་ཤིང་། རྗེས་སུ་སྤོས་ཁྱུང་༡༥  སེང་ལྡེང་༢༣  མགྲིན་མཚལ་༢༥སོགས་འབྲེལ་ཡོད་སྨན་སྤྱོད་གང་ལ་དེ་འཚམས་ཀྱིས་བེད་སྤྱོད་དང་། རྭ་འཇིབ་རྒྱག་པ། ཆུ་ཚན་རྒྱག་པ་སོགས་ཀྱི་ཐབས་ཐེས་ལ་བརྟེན་ནས་བཅོས་དགོས་པར་གསུངས། དེ་མིན་སྨན་སྦྱོར་གྱི་ཐད་《སྡེ་དགེ་བླ་སྨན་སྨན་ཡིག་བཅེས་པཏུས》སུ། སེང་ལྡེང་༢༡ སེང་ལྡེང་༦ བོང་ཁྲག་༡༡ དངུལ་ཆུ་༢༥སོགས་ཀྱི་སྦྱོར་བ་དང་ནུས་པ་གསལ་བར་གསུངས་ཡོད་པ་ལྟར་དང་། གོང་གསལ་སྨན་སྤྱོར་དེ་རྣམས་ཀྱི་ནུས་པ་ཅུང་བསིལ་བས་ངེས་པར་དུ་ཕོ་བའི་མེ་དྲོད་ལ་སྐབས་བསྟུན་གྱིས་སྲུང་སྐྱོབ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ།
          དཔྱད་ཀྱི་སྐོར་ལ་《རྒྱུད་》ལས། “བཅོས་ཐབས་རླུང་བཅོས་ཅི་རིགས་རླུང་བསལ་ལ། ། དེ་རྗེས་མང་དུ་གཏར་ལ་ཉུང་དུ་དབྱུང་། །”ཞེས་དང་། 《སྨན་བཅོལ་ལག་ལེན་སྙིང་བཅུད་དྭངས་མ་》ལས། “ནད་རིགས་རླུང་མཁྲིས་ཁྲག་དང་བད་ཀན་ལ་སོགས་མང་ཡང་། ། སྤྱི་སྨན་སྤང་སྤོས་ལྔ་པ་བཏང་། ། གཉན་ཁ་ཆོག་ནས་དྲེག་རྩ་གཏར། །”ཞེས་གསུངས་པ་ལྟར། གཉན་ཚད་རྣམས་ཞི་ཞིང་རླུང་གསལ་བའི་རྗེས་བར་གསེང་དུ་སླེ་ཏྲེས་༥ཐང་དང་།  འབྲས་༣ཐང་། དྲེག་ཐང་སོགས་བཏང་རྗེས་དྲེག་རྩ་སྔེ། དེའུ་དམར་པས། “དྲེག་རྩ་བོལ་སྟེང་རྩ་མཁྲིས་བཅིང་ཐག་བཞིན། ། འཕྲེད་ལ་གནས་པར་རྩ་རྒྱུས་གཞན་བྱོལ་གཏར། །”ཞེས་པ་ལྟར་གང་ནའི་གནས་སུ་གཏར་བའམ་གང་ནའི་གནས་སུ་རྔབས་རྭས་འཇིང་པ་དང་། དེ་ནས་གཙགས་བུས་ཞལ་ཞལ་བྱས་ནས་ཆུ་སེར་དང་ངན་ཁྲག་དབྱུང་བར་བྱ་བའི་ཐབས་དེ་རྣམས་ནི་ནད་ཐོག་དངོས་སུ་ཡང་ཕན་ནུས་ཆེས་ཆེར་ཐོན་པ་ཞིག་ཡིན་པ་གསོ་བྱའི་སྔ་ཕྱིའི་ནད་ཀྱི་དྲག་སྐྱེས་ལས་ར་སྤྲོད་གསལ་བར་ཐུབ་བོ།
          གཞན་ཡང་། དམིགས་བསལ་གྱི་བཅོས་ཐབས་སྐོར་ལ་《གསོ་རིག་ཉེར་མཁོ་གཅེས་པསྡུས་》ཞེས་པ་ལས། “ཡང་ཅིག་དྲེག་ནད་སྔགས་བཅོས་ལ། ཨོམ་ཕལ་པོ་ཕ་ལྔ་སོད། ཕལ་པོ་མ་སོད། ཀོན་ཀྲ་བྱིན་ཀྲ་སོད། ཏི་ཚེ་ཏ་ཚེ་སྲིད། ཟེ་མོ་ན་ཏྲེ་སོད། རྡ་ཨུ་ན་བམ་སོད། སྔགས་མཁན་ལྷ་ཡི་ང་རྒྱལ་དང་། ལྡན་པས་བརྒྱ་རྩ་བཟླས་བྱས་ལ། མགོ་ལ་བྱུང་ན་ཡར་ཕུས་བཏབ། རྐང་པར་བྱུང་ན་མར་ཕུས་བཏབ་” ཅེས་པ་སོགས་གཞུང་མང་པོའི་ནང་དུ་སྔགས་བཅོས་མི་འདྲ་བ་མང་པོ་གསུངས་ཡོད་པ་རིགས་བསྒྲེ་བས་འདིར་རེ་རེ་བཞིན་བཀོད་མེད།  
          ༣ རྗེས་གཅོད་དུ་《མན་ངག་ལྷན་ཐབས་》ལས། “རྗེས་སུ་མུ་ཟི་ལ་སོགས་ཆུ་ཚན་འཕྲོད། ། ཆུ་སེར་སྐྱེད་ཟས་དཀར་མངར་སྐྱུར་རྣམས་སྤངས།། སྤྱོད་ལམ་དྲག་ཤུལ་མ་ཡིན་བྲེལ་བར་བཅག། ”ཅེས་གསུངས་པ་ལྟར། ཐོག་མར་གཏར་ཁ་དང་རྗེས་སུ་ནད་རིགས་རྣམས་སུ་མེ་བཙའ་བཏབ་པ་དང་རང་བྱུང་ཆུ་ཚན་ཁག་དང་བདུད་རྩི་ལྔའི་སྨན་ལུམས་སུ་ཞུགས་ཤིང་། ད་དུང་《རྒྱུད་》 ལས་གསུངས་པའི་ལྡེ་གུ་དང་བྱུག་པ་སོགས་ན་བའི་གནས་སུ་བྱ་ལ་ཟས་སྤྱོད་ལ་ཡིད་གཟབ་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའོ།
          མདོར་ན། དྲེག་ནད་གསར་པའི་དུས་སུ་གསོ་བཅོས་ལེགས་པར་བྱུང་ན་བཅོས་སླ་ཞིང་། ནད་དེ་ཉིད་རྙིང་པར་སོང་ནས་ལུས་ཡོངས་ལ་ཁྱབ་ན་གསོ་དཀའ་བས། གོང་དུ་བསྟན་པ་ཇི་བཞིན་དྲེག་ནད་ཀྱི་རྒྱུ་རྐྱེན་དེ་རྣམས་གསོ་བྱ་ཐ་མལ་སྐབས་ནས་སྔོན་འགོག་ཡོང་བ་དང་ནད་གཞི་དེ་ཉིད་གསོ་ཐབས་ཀྱི་ཤེས་བྱ་ཁག་ནན་ཏན་གྱི་སྒོ་ནས་ཁོང་དུ་ཆུད་པ་བྱ་རྒྱུ་ནི་གནད་ཀྱི་དམ་པ་ཡིན། འོན་ཀྱང་ངེད་ཚོའི་ཤེས་བྱ་ཡོན་ཏན་དམན་ཞིང་གསོ་རིག་གཞུང་ལུགས་ལ་འཇུག་པའི་བློ་རིག་ཕྲ་བས། འདིར་འགལ་འཁྲུལ་དུ་སོང་རིགས་ལ་གཟུར་གནས་བོད་ལུགས་གསོ་རིག་གི་མཁས་པ་སྤྱི་དང་ལས་རིགས་གཅིག་པའི་སྨན་པ་ཚོས་རིན་བྲལ་བཀའ་སློབ་སྩལ་གནང་ཡོད་པ་མཁྱེན། །
          དཔྱད་གཞིའི་ཡིག་ཆ།
          ༡《གཙང་སྟོད་ཟིན་ཐིག་དང་ཡང་ཐིག་》གཙང་སྟོད་རམ་མགོན་པོ། མི་རིགས་དཔེ་སྐྲུན་ཁང་།
          ༢《རྒྱུད་བཞི་》གཡུ་ཐོག་ཡོན་ཏན་མགོན་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
          ༣ 《ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པ་ཡིད་བཞིན་ནོར་བུ》བྱང་པ་རྣམ་རྒྱལ་གྲགས་བཟང་། མི་རིགས་དཔེ་སྐྲུན་་གང་།
          ༤《ཕྱག་རྡོར་གསོ་རིག་ཕྱོགས་བསྒྲིགས་》ཕྱག་རྡོར་མགོན་པོ། མི་རིགས་དཔེ་སྐྲུན་ཁང་།
          ༥《དཔལ་ལྡན་ས་སྐྱ་པའི་གསུང་རབ་》མཁན་པོ་ཀུན་དགའ་བཟང་པོས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
          ༦《རྒྱུད་བཞིའི་གསལ་བྱེད་བེེཌཱུརྱ་སྔོན་པོ》སྡེ་སྲིད་སངས་རྒྱས་རྒྱ་མཚོ། མི་རིགས་དཔེ་སྐྲུན་ཁང་།
          ༧《ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་འགྲེལ་ཚིག་དོན་ཟླ་ཟེར་》ཁ་ཆེ་ཟླ་བ་མངོན་དགའ། མི་རིགས་དཔེ་སྐྲུན་ཁང་།
          ༨《མན་ངག་རིན་ཆེན་འབྱུང་གནས་》
          ༩《གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ་》བསམ་གཏན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
          ༡༡《སྡེ་དགེ་བླ་སྨན་གྱི་སྨན་ཡིག་གཅེས་བསྡུས་》རིན་ཆེན་འོད་ཟེར། མི་རིགས་དཔེ་སྐྲུན་ཁང་།
          ༡༢《སྨན་བཅོས་ལག་ལེན་སྙིང་བཅུད་དྭངས་མ་》ཨ་མྱེ་སྔགས་རྩ་དང་བྱང་ཚུལ་ཁྲིམས་རྒྱ་མཚོ། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་།
          ༡༢《མན་ངག་ལྷན་ཐབས་བཞུགས་སོ་》སྡེ་སྲིད་སངས་རྒྱས་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
རྩོམ་སྒྲིག་པ། བདེ་སྒྲོལ།