སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་བཙུགས་ནས་ལོ་40འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་དང་། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་། བདེ་འཇགས་ཐོན་སྐྱེད། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ།
ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་5ཚེས་18ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་བཙུགས་ནས་ལོ་40འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། 《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》དང《དུས་བབ་གསར་པའི་འོག་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》《བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》《ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཅས་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བཏོན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་བཙུགས་ནས་ལོ་40འཁོར་ཚུན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཁས་ལེན་གང་ལེགས་གནང་བ་དང་། དུས་བབ་གསར་པའི་འོག་སྤྱི་ཚོགས་ཚན་རིག་ཁང་གི་ལས་དོན་ལ་བླང་བྱ་ཁ་གསལ་བཏོན་གནང་ཡོད། ང་ཚོས་སློབ་སྦྱོང་ནན་ཏན་བྱས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་དང་། སློབ་གསོ།
ཏང་གི་སློབ་གྲྭ་བཅས་ཁོངས་གཏོགས་ཀྱིས་སྤྱི་ཚོགས་ཚན་རིག་ཁང་གི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་དམ་པོར་དམིགས་པ། དུས་རབས་21པའི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་དོན་སྙིང་དང་རིན་ཐང་ཆེ་རུ་གཏོང་བར་གོ་བ་གཏིང་ཟབ་ལེན་པ་བཅས་ཀྱིས་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་དགོས། གཙོ་གནད་ལས་འགན་ཁ་གསལ་བཟོ་བ་དང་། གནའ་དེང་གི་འགྱུར་ལྡོག་ཤེས་པ། བསམ་བློའི་སྔོན་བརྡ་གཏོང་བ། བོད་ཀྱི་དོན་དངོས་ལ་གཞིས་འཛུགས་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་གྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་མཚང་འབྱིན་དགག་རྒྱག་གཏིང་ཟབ་བྱེད་པ། སྤེལ་རེས་དང་། མཉམ་ལས། ཞིབ་འཇུག་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་བོད་རིག་པའི་ཞིབ་འཇུག་གི་མཐོ་ས་བཟུང་བ། ཆོས་ལུགས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། དུས་བབ་གསར་པའི་འོག་གི་འདུ་ཤེས་འཛིན་སྟངས་ཀྱི་འགྱུར་ལྡོག་གི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་21པའི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
ཚོགས་འདུའི་ཐོག《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཡག་པོ་སྒྲུབ་པ་ནི་བློ་མཐུན་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང“སྔར་བས་བརྒྱད”ཀྱི་གལ་ཆེའི་མཛུབ་སྟོན་ལག་བསྟར་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་པ་དེ་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་ཁྱིམ་ཚང་ཚང་མའི་བདེ་སྐྱིད་དང་འབྲེལ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དེར་ཚད་མཐོའི་མཐོང་ཆེན་དང་དམ་འཛིན་ལྷོད་མེད་གནང་གི་ཡོད་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱའི་ཐོག་གཅིག་གྱུར་དང་། 《བསམ་འཆར》གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཡག་པོ་སྒྲུབ་པ་ནི་དམངས་འཚོའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ཏན་ཏིག་དང་དམ་འཛིན་ཡག་པོ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། སློབ་གསོ་སྡེ་ཚན་གྱིས་སློབ་གསོར་བརྟེན་ནས་སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་བཅས་ཀྱི་ལས་ཞུགས་ལྟ་བར་འགྱུར་ལྡོག་གཏོང་བར་ཁྲིད་སྟོན་བྱེད་པའི་འགན་འཁྲི་རང་རྟོགས་ངང་འཁུར་བ་དང་། སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་ལས་དོན་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སྒོ་ནས་ཡག་པོ་བསྒྲུབས་ཏེ་གསར་གཏོད་ལས་གཏོད་ཀྱི་ཚ་རླབས་ཁྲོད་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མའི་ཉམས་འགྱུར་མངོན་པ་དང་རང་ངོས་ཀྱི་རིན་ཐང་མངོན་པར་བྱེད་དགོས། གྲོང་ཁྱེར(ས་ཁུལ)ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ས་ཁོངས་ཅན་གྱི་དོ་དམ་ཤུགས་ཆེར་གཏོང་བ་དང་། བྱེད་པོའི་འགན་འཁྲི་དོན་འཁྱོལ། གུ་ཡངས་གཏོང་ཐུབ་རིགས་གུ་ཡངས་གཏོང་བ་དང་། རྩ་ཆག་གཏོང་ཐུབ་རིགས་རྩ་ཆག་གཏོང་བ། གཟིགས་སྐྱོང་བྱེད་ཐུབ་རིགས་གཟིགས་སྐྱོང་བྱེད་པ་བཅས་ཀྱི་རྩ་དོན་ལ་གཞིགས་ནས། ལས་ཞུགས་ལས་གཏོད་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཁག་ལག་བསྟར་ནན་པོ་བྱེད་པ་བཅས་ཀྱིས་བསམ་ཕོད་པ་དང་། བྱེད་ཕོད་པ། སྒྲུབ་ཕོད་པ་བཅས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་པ་རྟ་ལ་བསྐྱོན་ནས་གང་ལ་གང་མཚམས་ཤིག་སྐྱེལ་དགོས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་རིམ་པ་ཁག་དང་སྡེ་ཚན་ཁག་གི་དཔྱད་ཞིབ་གདེང་འཇོག་མ་ལག་ནང་འཇུག་པ་དང་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བཅས་ལ་རྗེས་སྙེག་དོ་ཁུར་དང་དཔྱད་ཞིབ། ལྟ་ཞིབ་བཅས་ཡག་པོ་བྱས་ནས《བསམ་འཆར》གྱི་དགོངས་དོན་རྩ་བ་བརྟན་ཚུགས་ཡོང་བའི་འགན་ལེན་བྱེད་དགོས། སྨྱན་སྦྱོར་ཐོན་ཁུངས་བསྡུ་སྒྲིལ་དང་། དྲིལ་བསྒྲགས་དང་གསལ་འགྲེལ་ཁོངས་གཏོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན། མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དུ་བསྐྱོད་ནས་ལས་ཞུགས་དང་། ཁེ་ལས་སུ་བསྐྱོད་ནས་ལས་ཞུགས། རང་བརྟེན་ལས་ལམ་གསར་གཏོད་བཅས་བྱས་པའི་སྔོན་ཐོན་བྱས་རྗེས་དང་དཔེ་མཚོན་ཉམས་མྱོང་དྲིལ་བསྒྲགས་ཤུགས་ཆེན། ངལ་རྩོལ་གྱི་གཟི་བརྗིད་དང་ལས་གཏོད་སྔོན་ཐོན་གྱི་གླེང་ཕྱོགས་ཀྱི་རྣམ་པ་ཡག་པོ་ཞིག་ཆགས་པར་བྱས་ནས་ལས་གཏོད་པར་གྲུབ་འབྲས་དང་ལ་རྒྱ་ཡོད་པར་བྱེད་པ་དང་། རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་རྣམས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་ཞུགས་སེམས་ཆེ་རུ་གཏོང་བ། ཡར་རྒྱས་བརྩོན་ལེན་དང་འབད་འབུངས་ལས་གཏོད་ཁྲོད་ཀྱི་ཁོང་ཚོའི་ལང་ཚོ་དང་ཚེ་སྲོག་གི་འོད་མདངས་རབ་ཏུ་འཕྲོ་བར་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་བཏོན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་གཞོན་ནུའི་འཚར་ལོངས་ལ་དོ་ཁུར་ཆེན་པོ་གནང་བ་མ་ཟད། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་སྐོར་ལ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་། བཞུགས་མོལ་དང་། གཏམ་བཤད། ཡིག་ལན་སྐུར་བ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་གཞོན་ནུ་ཚོར་བཀའ་ལན་གནང་བ་དེ་ནི་ང་ཚོར་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལས་དོན་ཡག་པོ་སྒྲུབ་པར་ཁྲིད་སྟོན་གནང་བའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མི་རབས་ནས་མི་རབས་བར་དུ་དར་བའི་འགན་ལེན་བྱེད་པ། བོད་དུ་སྲིད་སྐྱོང་བའི་ཏང་གི་གནས་བབ་ཀྱི་མཐོ་ཚད་སྲ་བརྟན་དུ་གཏོང་བ། བསམ་བློའི་འདུ་ཤེས་ཀྱི་སློབ་གསོ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་དང་དངོས་གཙོ་སྨྲ་བ་དང་ལྷ་མེད་སྨྲ་བའི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བཅས་ལ་དམ་འཛིན་ཡག་པོ་ཏན་ཏིག་བྱེད་པ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་གཏན་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་དེ་བཞིན་གཞོན་ནུའི་ལང་ཚོར་བཅངས་པའི་བཀའ་ལན་ལ་སྐུལ་འདེད་གཏོང་བ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”སོགས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་མཐོ་སློབ་དང་སློབ་ཁང་དུ་དྲིལ་བསྒྲགས་བྱས་ནས་མཐོ་སློབ་སློབ་མར་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱས་ནས་དད་སེམས་བརྟན་པ་དང་། སློབ་སྦྱོང་ལ་བརྩོན་པ། ལས་སྒྲུབ་ལས་གཏོད། དམངས་གཙོ་མཐུན་སྒྲིལ། གོམས་སྲོལ་སྒྱུར་བ་བཅས་ཀྱི་དཔེ་བཟང་ཞིག་བརྩོན་ལེན་བྱེད་དགོས། མཐོ་སློབ་ཀྱི་དགེ་སློབ་ཚོར་ཆོས་ལུགས་ལ་དད་པ་མི་བྱེད་པ་དང་། ཆོས་ལུགས་དྲིལ་བསྒྲགས་མི་བྱེད་པ། ཆོས་ལུགས་བྱེད་སྒོར་མི་ཞུགས་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ཏེ་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱར་བརྟེན་ནས་ཁྱིམ་ཚང་གི་ཁོངས་མི་དང་ཉེ་འགྲམ་གྱི་མི་སྣར་བདེ་ཐང་དང་ཤེས་དཔལ་གྱི་དེང་གི་བདེ་སྐྱིད་འཚོ་བ་དོན་གཉེར་བྱེད་པའི་ཤུགས་རྐྱེན་ཡག་པོ་ཐེབས་པ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས《དུས་བབ་གསར་པའི་འོག་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》གྱི་བཀོད་སྒྲིག་གཞིར་བཟུང་ལས་ཀའི་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་གི་འགན་འཁྲིའི་ཚན་པ་དང་ཞིབ་ཕྲའི་མི་སྣར་དོན་འཁྱོལ་ཏན་ཏིག་བྱས་ནས་རང་ལྗོངས་ཀྱི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།
ཚོགས་འདུའི་ཐོག་བཏོན་དོན། བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་སྒྲུབ་པ་ནི་ལྗོངས་ཡོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པ་དང་འབྲེལ་བ་ཡོད་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ཡང་འབྲེལ་བ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། གཅིག་ནས་འཕེལ་རྒྱས་གཏོང་བར་བདེ་འཇགས་བློས་གཏོང་རིན་དོད་དུ་བྱེད་པའི་སྒྲོལ་ཐབས་མེད་པའི་དམར་ཐིག་བརྟན་པོ་སྲུང་བ་དང་། “བདེ་འཇགས་ནི་ཐམས་ཅད་ལས་ལྷག་པའི”བསམ་བློ་བརྟན་པོར་འཛུགས་པ། སྔོན་ལ་འཆར་འགོད་དང་སྔོན་ལ་དོགས་ཟོན་མཐའ་འཁྱོངས་བྱེད་པ། རིམ་པ་ཁག་གི་ཏང་སྲིད་འགན་འཁུར་བ་གཙོ་བོའི་འགན་འཁྲི་སྔར་བས་ཆེ་རུ་གཏོང་བ། རྣམ་གྲངས་འཛུགས་སྐྲུན་གལ་ཆེན་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བཅས་བྱས་ནས་ལས་ཀའི་མྱུར་ཚད་མགྱོགས་སུ་བཏང་བར་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ལ་ལྷོད་གཡེང་གཏན་ནས་གཏོང་མི་རུང་བ་དང་། འགྲིམ་འགྲུལ་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་གྱིས་འགྲིམ་འགྲུལ་དོ་དམ་ལ་ཚན་རིག་དང་མཐུན་ཞིང་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་བ་མང་བའི་དུས་ཚིགས་ཀྱི་ཡུལ་སྐོར་བ་བལྟོས་བཅས་གཅིག་སྡུད་ཆེ་བའི་དོན་དངོས་ལ་གཞིགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་སྤྱད་ནས་ཡུལ་སྐོར་བ་ཡུལ་སྐོར་བྱེད་རིང་སྤྲོ་སྣང་ལྡན་པ་དང་བདེ་འཇགས་ལྡན་པའི་འགན་ལེན་བྱེད་དགོས། གཉིས་ནས་བོད་ཀྱི་དོན་དངོས་ལ་གཞིས་བཙུགས་ཏེ་དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ལ་སྟངས་འཛིན་བྱས་ནས་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་དང་འཚམ་མཐུན་ཡོང་བའི་འགན་ལེན་བྱེད་དགོས། གསུམ་ནས་ཁྲིམས་སྲོལ་དང་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བསྲུང་བྱའི་སྒྲིག་ལམ་ཡོད་པ་བྱེད་དགོས། བཞི་ནས་གཙོ་གནད་གཤམ་སྒྱུར་དང་སྟོབས་ཤུགས་གཤམ་གཏོང་མཐའ་འཁྱོངས་བྱས་ཏེ་གཞི་རིམ་ལ་ཕྱོགས་པའི་འགན་ལེན་བྱེད་པ་དང་། འགན་འཁྲི་འཁུར་ཕོད་པ་དང་། རིམ་པ་བཞིན་གནོན་ཤུགས་བརྒྱུད་ཁྲིད་བྱེད་པ། བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས་པ། བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་སློབ་གསོ་དང་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་དང་བཅའ་ཁྲིམས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས།
ཚོགས་འདུའི་ཐོག་བཏོན་དོན། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ནང་དོན་གལ་ཆེན་ཞིག་དང་། ཞིང་འབྲོག་ཁུལ་དང་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་མགྱོགས་སུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བའི་དགོས་ངེས་ཀྱི་ཐབས་ལམ་ཞིག ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། མང་ཚོགས་བདེ་སྐྱིད་བཅས་འགན་ལེན་བྱེད་པའི་འགྲོ་ལམ་ལྡོག་མེད་ཅིག་བཅས་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད《ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་སྐྱེད་སྲིང་མགྱོགས་པོ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག》གི་དགོངས་དོན་ཐོག་གཅིག་གྱུར་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་བསམ་པ་བཅས་ཆེ་རུ་ཏན་ཏིག་བཏང་ནས་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། གཅིག་ནས“འབྲེལ་བ་ཆ་བཅུ་གསུམ”དང“ཞིང་གསུམ”ལས་དོན་འབྲེལ་བ་ཟབ་མོ་ཡོད་པ་དེས་ཞིང་འབྲོག་ཁུལ་གྱི་འགུལ་ནུས་གསར་པའི་ནང་དོན《ལག་བསྟར་བསམ་འཆར》ཁྲོད་བསྡུ་ལེན་གང་ལེགས་བྱེད་པར་ཕན་ཐོགས་ཡོད་པར་བྱས་ནས་དམིགས་སའི་རང་བཞིན་དང་ཕན་པ་དངོས་ཀྱི་རང་བཞིན་འགན་ལེན་བྱེད་དགོས། གཉིས་ནས་སྒྱུར་བཅོས་བྱ་གཞི་ཡང་དག་བཙལ་ཏེ་ནས་ཐོན་མཐོའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་པ་དང་། ནས་མུའུ་རེའི་ཐོན་ཚད་ནུས་ཤུགས་ཡོད་རྒུས་མང་དུ་གཏོང་བ། ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་དང་ཐོན་ལས་ཀྱི་སྦྲེལ་ཐག་སྣུར་སྲིང་བྱས་ནས་ཐོན་རྫས་བྲིན་ཚོང་དང་ལས་དོན་སོགས་ཀྱི་ལས་དོན་ཇུས་འགོད་ཡག་པོ་བྱེད་དགོས། འབྲི་གཡག་རྒྱགས་གསོའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་གཡག་ཤའི་ཐོན་ཚད་ཆེས་ཆེར་མང་དུ་བཏང་སྟེ་ལྗོངས་ནང་ཁུལ་གྱི་ཁྲོམ་རའི་དགོས་མཁོ་རིམ་བཞིན་སྐོང་དགོས། གསུམ་ནས“་མཐའ་ཚད་གསུམ”བསྲུངས་ཏེ་ཞིང་འབྲོག་པའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་དང་གླ་ཕོགས་རང་བཞིན་གྱི་ཡོང་འབབ་མང་དུ་བཏང་ནས་ཞིང་འབྲོག་པའི་འབབ་འཕར་གྱི་ཁ་ཕྱོགས་མི་འགྱུར་བའི་འགན་ལེན་བྱེད་དགོས། བཞི་ནས་སྒྱུར་བཅོས་ཀྱི་དམིགས་ཚད་ཁ་ཕྱོགས་གསལ་པོ་བཟོས་ནས་ཚད་དང་མཐུན་པའི་གཞི་ཁྱོན་གྱི་གཉེར་སྐྱོང་དང་ཁྱིམ་ཚང་གི་འགན་གཙང་གཉེར་སྐྱོང་གི་འབྲེལ་བ་ཐག་གཅོད་ཡག་པོ་དང་། ཞིང་འབྲོག་ཁུལ་གྱི་ས་ཁོངས་བཀོད་པ་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་གནས་བབ་དང་གཙོ་རྒོལ་ཁ་ཕྱོགས་གསལ་པོ་བཟོ་བ། ནང་སའི་འབྲུ་འདེབས་ཕྱུགས་གསོ་སོགས་ཆེད་ལས་དུད་ཆེན་དང་། ཕྱུག་འགྱུར་འཇོན་ཐང་ཅན། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་འཚམ་པའི་ལག་རྩལ་སྣ་གཅིག་ལྡན་པའི་ནང་སའི་མང་ཚོགས་བོད་དུ་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་བྱེད་པར་འཚོལ་ཞིབ་དང་ནང་འདྲེན་བྱེད་པ། གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་བྱེད་སྟངས་འཕེལ་རྒྱས་གཏོང་བ་བཅས་ཀྱིས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་ཀྱི་གཙོ་ཁྲིད་ཐོན་རྫས་དང་། འདེགས་སྐྱོར་ཐོན་ལས། གྲགས་ཅན་སྤུས་རྟགས་བཅས་གང་མགྱོགས་ཆགས་པར་བྱེད་དགོས། ལྔ་ནས་སྒྱུར་བཅོས་ཀྱི་འདུ་ཤེས་གསར་གཏོད་དང་ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་ཁྱབ་གདལ་ཧུར་ཐག་བཏང་ནས་སྣོད་བཅུད་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་གཏོང་བ། མང་ཚོགས་ཕྱུག་འགྱུར་བཅས་ཀྱི་ལམ་བུ་ཡག་པོར་སྐྱོད་དགོས།
ཚོགས་འདུའི་ཐོག་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ལོག་ཆོས་ལ་དོགས་ཟོན་བྱ་རྒྱུའི་སྐོར་གྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།