ལི་ཐུ་ཝ་ནི་ཡས་དཀར་ནག་ཕྱིན་ཅི་སློག་ཐུབ་པའི་དབང་དུ་བཏང་ནའང་ནོར་འཁྲུལ་གྱི་བྱེད་སྤྱོད་འགེབས་མི་ཐུབ།
སྤེལ་དུས 2021-12-30
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་པ་པོ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས། གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་བཅའ་སྡོད་ལི་ཐུ་ཝ་ནི་ཡའི་གཞུང་ཚབ་ཁང་གི་མི་སྣ“གནས་བཟོད་མི་བདེ་བ་བཟོ་བ”ཟེར་བའི་ཤོད་སྲོལ་དེ་ནི་མ་ཉེས་ཁག་གཡོགས་བྱས་པ་ཞིག་རང་རེད། ལི་ཐུ་ཝ་ནི་ཡས་དཀར་ནག་ཕྱིན་ཅི་སློག་ཐུབ་པའི་དབང་དུ་བཏང་ནའང་ནོར་འཁྲུལ་གྱི་བྱེད་སྤྱོད་ཡང་ཡང་སྤེལ་བ་འགེབས་མི་ཐུབ་ཅེས་བརྗོད་པ་རེད།
གསར་འགོད་པ་ཞིག་གིས། དབྱིན་ཇིའི《དཔལ་འབྱོར་རིག་པ་མཁས་ཅན》ཞེས་པའི་དུས་དེབ་ཐོག་བཀོད་པའི་རྩོམ་ཡིག་གཅིག་ནང་། ཀྲུང་གོས་ཕྱོགས་རྐྱང་པའི་ཐོག་ནས་བར་གནས་ཀྱི་ཕྱི་འབྲེལ་འབྲེལ་བ་དེ་ཚབ་སྒྲུབ་རིམ་པར་གཅོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་འབྲེལ། ལི་ཐུ་ཝ་ནི་ཡའི་ཕྱི་འབྲེལ་དཔོན་ལ་ཀྲུང་གོར་སྡོད་རིང་གི་ཐོབ་ཐང་མངོན་པའི་ལག་ཁྱེར་གོང་འབུལ་ཞུ་དགོས་པའི་བླང་བྱ་བཏོན་ཏེ། ཁོང་ཚོའི་ཕྱི་འབྲེལ་ཕོ་ཉ་ཚོགས་པའི་ཐོབ་ཐང་ལ་འགྱུར་ལྡོག་བཏང་བ་དང་། ཀྲུང་གོར་བཅའ་སྡོད་ལི་ཐུ་ཝ་ནི་ཡའི་གཞུང་ཚབ་ཁང་གི་མི་སྣ་གནས་བཟོད་མི་བདེ་བ་བཟོས་ཡོད། དེས་ན་ལི་ཐུ་ཝ་ནི་ཡའི་གཞུང་ཕྱོགས་ཀྱིས་ཀྲུང་གོར་བཅའ་སྡོད་ལི་ཐུ་ཝ་ནི་ཡའི་གཞུང་ཚབ་ཁང་གི་མི་སྣའི་ཕྱི་འབྲེལ་ཐོབ་ཐང་འགན་ལེན་བྱེད་ཐབས་བྲལ་བ་མ་ཟད། ཀྲུང་གོར་བཅའ་སྡོད་ལི་ཐུ་ཝ་ནི་ཡའི་གཞུང་ཚབ་ཁང་གི་རིམ་པ་བཅག་པ་དང་ལེན་བྱེད་ཐབས་ཀྱང་བྲལ། ཕྱི་འབྲེལ་དཔོན་དང་ནང་མི་ཚང་མ་ཀྲུང་གོ་ནས་ཁ་འབྲལ་རྒྱུའི་གདམ་ག་བྱ་རྒྱུ་ལས་མ་འདས་ཞེས་འཁོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
ཀྲའོ་ལི་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་བཅའ་སྡོད་ལི་ཐུ་ཝ་ནི་ཡའི་གཞུང་ཚབ་ཁང་གི་མི་སྣ“གནས་བཟོད་མི་བདེ་བ་བཟོ་བ”ཟེར་བའི་ཤོད་སྲོལ་དེ་ནི་མ་ཉེས་ཁག་གཡོགས་བྱས་པ་ཞིག་རེད། ལི་ཐུ་ཝ་ནི་ཡས་ཁ་དན་ཚིག་ལ་མ་གནས་པར་རྒྱལ་སྤྱིའི་ཐོག“ཀྲུང་གོ་གཅིག་དང་ཐའེ་དབན་གཅིག”བཟོས་ཏེ་ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་ཚབས་ཆེན་བཏང་བ་དང་། བར་གནས་སུ་སྡོད་པར་བརྟེན་ནས་གཞུང་ཚབ་ཆེ་མོ་རིམ་པའི་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་ཆབ་སྲིད་ཀྱི་རྨང་གཞིར་གཏོར་བཤིག་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་ལྟེ་བའི་ཁེ་ཕན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཞིག་ཡིན་པའི་ཀྲུང་གོ་གཅིག་གི་རྩ་དོན་སྲུང་སྐྱོང་བྱ་ཆེད། རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་འབྲེལ་བ་དེ་ཚབ་སྒྲུབ་རིམ་པར་བཅག་པ་ནི་རྦད་དེ་ལུགས་དང་མཐུན་པ་ཞིག་ཡིན་ཞེས་བརྗོད་པ་རེད།
ཁོང་གིས་བར་གནས་ཀྱི་འབྲེལ་བ་དེ་ཚབ་སྒྲུབ་རིམ་པར་བཅག་པའི་གནས་ཚུལ་འོག ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་བཅའ་སྡོད་ལི་ཐུ་ཝ་ནི་ཡའི་ཕྱི་འབྲེལ་སྒྲིག་གཞིར་ཕྱི་འབྲེལ་མི་སྣ་དང་སྲིད་འཛིན་ལག་རྩལ་མི་སྣའི་ཐོབ་ཐང་མངོན་པའི་ལག་ཁྱེར་བསྐྱར་དུ་གཉེར་རྒྱུའི་རེ་འདུན་ཞུ་དགོས་པའི་བླང་བྱ་བཏོན་ཡོད། དེ་ནི་ཀྲུང་གོར་བཅའ་སྡོད་ཕོ་ཉ་ཚོགས་པར་ཞབས་འདེགས་ཞུ་བ་དང་དོ་དམ་ཡག་པོ་བྱེད་པའི་ཀྲུང་གོ་ཕྱོགས་ཀྱི་རྒྱུན་གཏན་གྱི་ལས་རིམ་ཞིག་ཡིན་པ་དང་། འབྲེལ་ཡོད་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་རྒྱུན་སྲོལ་དང་མཐུན་གྱི་ཡོད་ལ། ལི་ཐུ་ཝ་ནི་ཡའི་ཕྱི་འབྲེལ་མི་སྣས་ཀྲུང་གོར་རྒྱུན་གཏན་ལྟར་ལས་འགན་སྒྲུབ་པ་དང་འཚོ་བ་སྐྱེལ་བར་ཤུགས་རྐྱེན་ཐེབས་ཀྱི་མེད། དེ་དང་ཆབས་ཅིག་ཀྲུང་གོ་ཕྱོགས་ཀྱིས《ཝི་ཨེན་ནའི་ཕྱི་འབྲེལ་འབྲེལ་བའི་སྤྱི་ཆིངས》གཞིར་བཟུང་། ཀྲུང་གོར་ཡོད་པའི་ཕྱི་འབྲེལ་སྒྲིག་གཞི་ཚང་མའི་བདེ་འཇགས་དང་ཁྲིམས་མཐུན་དབང་ཆར་འགན་ལེན་བྱས་ཡོད་ལ། ལི་ཐུ་ཝ་ནི་ཡ་ཚུད་པའི་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་སྒྲིག་གཞིས་རྒྱུན་གཏན་ལྟར་ལས་དོན་སྤེལ་བར་འགན་ལེན་ཡང་བྱས་ཡོད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།