ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

གོ་ལ་ཧྲིལ་པོའི་གངས་འཁྱགས་ལུས་རྩལ་པས་པེ་ཅིང་དུ“འབྲུག་འཕྱོ་སྟག་མཆོང”བྱས་ནས་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ“སྟག་རྩལ”ལེགས་སྐྱེས་འབུལ་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ།

སྤེལ་དུས 2022-01-25 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་ཕྱི་འབྲེལ་པུའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་དྲི་བར་ལན་སྐྱོན་སྐབས། ཀྲུང་གོ་ཕྱོགས་ཀྱིས་སྐབས་76པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྲ་ཤིས་ཏེ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཕེབས་ནས་དཔལ་འབར་འཁྱེར་འགན་འཁུར་བ་དང་འབྲེལ་ཀེ་རི་སེའི་གྲོགས་པོ་ཚོས་སྨོན་འདུན་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ས་གནས་དེ་གའི་དུས་ཚོད་ཚེས་20ཉིན་སྐབས་76པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྲ་ཤིས་ཏེའི་གཞུང་དོན་ཁང་གི་མགྲིན་ཚབ་པས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་གདན་ཞུས་ལྟར་ཧྲ་ཤིས་ཏེ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་དཔལ་འབར་བརྒྱུད་སྤྲོད་ནང་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཀྲའོ་ལི་ཅན་གྱིས་ཧྲ་ཤིས་ཏེས་དེ་གོང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་ལུགས་ཐེངས་མང་མཚོན་པ་དང་། ཁོང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལས་མིའི་རིགས་ཀྱི་ཚན་རྩལ་དང་ཚན་རིག་ཡར་ཐོན་མཚོན་ལ། ཀྲུང་གོའི་རྣམ་པ་ཡག་ཤོས་དང་མིའི་རིགས་ཡོངས་ཀྱི་རྣམ་པ་ཡག་ཤོས་མཚོན་པས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལེགས་འགྲུབ་ལྡན་པ་ཡོང་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་པའི་ངོས་འཛིན་གནང་ཡོད་ཅེས་བརྗོད་པ་རེད།
         ཀྲའོ་ལི་ཅན་གྱིས་ཉེ་དུས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་ཚུད་པའི་རྒྱལ་སྤྱིའི་རྩ་འཛུགས་དང་འཛམ་གླིང་གི་རྒྱལ་ཁབ་མང་པོའི་མི་སྣས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་དང་རེ་སྒུག་བྱེད་ལུགས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་དང་། ལུས་རྩལ་ཆབ་སྲིད་ཅན་དུ་འགྱུར་རྒྱུར་ངོ་རྒོལ་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས“མཉམ་དུ་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པའི”ཐུན་མོང་གི་བསམ་འདུན་གང་ལེགས་མཚོན་པར་བྱས་ཡོད། “པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་ཉེར་ཡོད་པས་ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ‘དེ་བས་མཐུན་སྒྲིལ’གྱི་ཨོ་ལིམ་ཕིག་གི་སྙིང་སྟོབས་ལག་ལེན་བསྟར་ནས་འཛམ་གླིང་ལ་སྟབས་བདེ་དང་། བདེ་འཇགས། ངོ་མཚར་བཅས་ལྡན་པའི་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་འཚོག་རྒྱུའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།
         གསར་འགོད་པ་ཞིག་གིས་དྲིས་དོན། གནས་ཚུལ་སྤེལ་བར་གཞིགས་ན། ཀེ་རི་སེའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁ་ཕུའུ་ལ་ལུའོ་སིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཅར་འདྲི་དང་ལེན་གནང་ནས་ཀྲུང་གོ་ཕྱོགས་ཀྱི་རིམས་ནད་སྔོན་འགོག་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གྲ་སྒྲིག་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་རྒྱ་སྐད་ཀྱི་ཐོག་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་སྨོན་འདུན་ཞུས་པ་དང་འབྲེལ། ཀྲུང་གོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བ་བརྒྱུད་ཨོ་ལིམ་ཕིག་ལུས་རྩལ་གྱི་ཕུགས་བསམ་ཁས་ལེན་གང་ལེགས་བྱས་ཡོད་ཅེས་གསུངས་ཡོད། ཉེ་ཆར་ཨ་ཐེན་སིའི་ཧྲི་ཀྲང་པ་ཁོ་དབྱང་ཉི་སིས་ཀྱང་བརྙན་ཐུང་ཕབ་བཟོ་བྱས་ནས་ཨ་ཐེན་སིའི་ཚབ་ཞུས་ཏེ་པེ་ཅིང“ཨོ་རྩལ་འགྲན་ཚོགས་གཉིས་ཀྱི་གྲོང་ཁྱེར”དང་པོར་འགྱུར་ཉེར་ཡོད་པར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་ཡོད། དེའི་ཐད་མགྲིན་ཚབ་པས་དཔྱད་གཏམ་གང་འདྲ་སྤེལ་རྩིས་ཡོད་དམ།
         ཀྲའོ་ལི་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཨོ་ལིམ་ཕིག་ལུས་རྩལ་གྱི་འབྱུང་ཁུངས་ནས་ཞུས་པའི་སྨོན་འདུན་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཀྲའོ་ལི་ཅན་གྱིས་འཛམ་གླིང་ལ་སྟབས་བདེ་དང་། བདེ་འཇགས། ངོ་མཚར་བཅས་ལྡན་པའི་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པ་དེ་ནི་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཞག་པའི་སྒམ་བརླིང་ལྡན་པའི་དམ་བཅའ་ཞིག་རེད་ལ། ང་ཚོས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུ་ལེགས་གྲུབ་བྱུང་བའི་ཉིན་མོ་ནས་བཟུང་བློ་བརྟན་འགྱུར་མེད་ངང་དོན་གཉེར་བྱེད་པའི་དམིགས་ཚད་ཅིག་ཀྱང་རེད། ཀྲུང་གོ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2015ལོར་པེ་ཅིང་གིས་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུ་བྱས་པ་ནས་བཟུང་མི་དུང་ཕྱུར་3.46གངས་འཁྱགས་ལུས་རྩལ་ནང་ཞུགས་པ་དེ་ཐོག་ནས“མི་དུང་ཕྱུར་གསུམ་ལ་གངས་འཁྱགས་ལུས་རྩལ་རྩེ་རྒྱུར་སྐུལ་ཁྲིད་བྱེད་པའི”དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་བ་མཚོན་ཡོད། མིག་སྔར་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་སྤྲོ་སེམས་ཆེ་ཤོས་ཀྱི་སྒོ་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་གངས་འཁྱགས་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཡོངས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་ཧུར་ཐག་གཉེར་ནས་འཛམ་གླིང་ལ“ཨོ་རྩལ་འགྲན་ཚོགས་གཉིས་ཀྱི་གྲོང་ཁྱེར”གྱི་ཉམས་འགྱུར་མངོན་པར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         “གཟའ་འཁོར་གཉིས་རྗེས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དེ་ཀྲུང་གོའི་ལུགས་རྙིང་ལོའི་སྟག་ལོའི་དཔྱིད་གསར་དུས་ཆེན་གྱི་ཅོང་སྒྲ་དང་བསྟུན་ནས་ལྷབ་ལྷུབ་ཏུ་འབར་རྒྱུ་རེད། ང་ཚོས་གོ་ལ་ཧྲིལ་པོའི་གངས་འཁྱགས་ལུས་རྩལ་པས་པེ་ཅིང་དུ‘འབྲུག་འཕྱོ་སྟག་མཆོང’ལྟ་བུའི་རང་གི་རྩལ་ནུས་འདོན་ཐུབ་པ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་བྱ་གཞག་ལ‘སྟག་ཟིལ’ངོམ་ནས་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཡོང་ཆེད‘སྟག་རྩལ’ལེགས་སྐྱེས་འབུལ་བའི་རེ་བ་ཡོད”ཅེས་ཀྲའོ་ལི་ཅན་གྱིས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།