ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་མཛའ་གྲོགས་ཚོགས་ཆུང་བཙུགས་པ་ལས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པ།

སྤེལ་དུས 2022-01-26 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
               ཚེས་24ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་ནི་ཀྲུང་གོས་བཏོན་པ་ཞིག་ཡིན་མོད། འོན་ཀྱང་དེ་ནི་འཛམ་གླིང་ཡོངས་ཀྱི་རེད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་མཛའ་གྲོགས་ཚོགས་ཆུང་ནི་མཉམ་ལས་ལམ་སྲོལ་འཛུགས་རྒྱུར་གྲོས་འགོ་འདོན་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་པ་དེས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བའི་ཆོད་སེམས་བརྟན་པོ་མངོན་ཡོད་ཅེས་བརྗོད།
               གནས་ཚུལ་སྤེལ་བར་གཞིགས་ན། ཚེས་20ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཚོགས་པས་ཉིའུ་གཡོད་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་མཛའ་གྲོགས་ཚོགས་ཆུང་གི་འགོ་ཚུགས་ཚོགས་འདུ་འཚོགས་པ་ལས་ཚོགས་ཆུང་དངོས་སུ་བཙུགས་པ་མཚོན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཨ་མིང་ན་དང་དྲུང་ཆེ་གཞོན་པ་ལིའུ་ཀྲེན་མིང་ཚོགས་འདུར་ཕེབས་ནས་ཤིས་ཚིག་སྒྲོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཨ་ཧྥེ་རི་ཁའི་གནད་དོན་གྱི་དམིགས་བསལ་འཐུས་མི་དང་། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའི་ཧྲུའུ་ཀྲང་གཞོན་པ། མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་གཞོན་པ་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིའི་འགན་འཁུར་བ་20ལྷག་ཙམ་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་བ་རེད། རྒྱལ་ཁབ་80ལྷག་ཙམ་གྱི་གཞུང་ཚབ་ཆེ་མོ་བ་ཚུད་པའི་རྒྱལ་ཁབ་100ལྷག་ཙམ་ནས་ཕེབས་པའི་འཐུས་མི་ཚོགས་འདུར་ཞུགས་ཡོད་པ་རེད།
               ཀྲའོ་ལི་ཅན་གྱིས་བརྗོད་དོན། “མཛའ་གྲོགས་ཚོགས་ཆུང”བཙུགས་པ་དེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་ཕྱོགས་ཁག་གི་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་པ་ར་སྤྲོད་གང་ལེགས་ཐུབ་ཡོད། འཕེལ་རྒྱས་ནི་སྔར་བཞིན་དེང་གི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་གང་མགྱོགས་བྱ་རྒྱུ་ནི་རྒྱལ་ཁབ་ཁག་དང་། ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་བསམ་འདུན་ཡིན་པ་དང་། རྒྱལ་སྤྱིའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཁག་ཐུན་མོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་ཡིན་པས་དེ་ནི་སྟོབས་ཤུགས་གང་ཞིག་གིས་ཀྱང་འགོག་ཐབས་མེད།
               “དེ་དང་ཆབས་ཅིག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་གཞི་མཐོ་པོས‘མཛའ་གྲོགས་ཚོགས་ཆུང’གི་བྱེད་སྒོར་ཧུར་ཐག་ཞུགས་པ་དེ་ཐོག་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་ལྟེ་བའི་འདུ་ཤེས་ལ་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ལྡན་པ་དང་། མཉམ་ལས་ཀྱི་གཙོ་གནད་ཁ་ཕྱོགས་དེ་ཕྱོགས་ཁག་གི་སྔོན་ལ་སྒྲུབ་པའི་དོན་གནད་དང་འཚམ་པ། 2030ལོའི་གྲོས་རིམ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་གྲོས་འགོར་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་དེར་ཕྱོགས་ཁག་གི་ཁས་ལེན་ཐོབ་པ་མ་ཟད། བརྟན་བགྲོད་རྒྱང་འཁྱོལ་གྱི་གཞི་རྩའི་ཆ་རྐྱེན་ཡང་ལྡན་པ་གསལ་བཤད་གང་ལེགས་ཐུབ་ཡོད”ཅེས་ཁོང་གིས་བརྗོད།
               ཀྲའོ་ལི་ཅན་གྱིས་བརྗོད་དོན། འབྱུང་འགྱུར་ཀྲུང་གོ་ཕྱོགས་ཀྱིས་ད་དུང་མུ་མཐུད“མཛའ་གྲོགས་ཚོགས་ཆུང”གི་སྒྲོམ་གཞིའི་འོག་2030ལོའི་གྲོས་རིམ་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་རྒྱུར་དམིགས་ནས། བྱེད་སྒོ་སྣ་ཚོགས་སྤེལ་ཏེ་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་ཏུ་སྒྲིལ་བ་དང་དངོས་སྒྲུབ་མཉམ་ལས་ཀྱི་ཐབས་ལམ་ཇུས་འགོད་བྱ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་2030ལོའི་གྲོས་རིམ་མགྱོགས་མྱུར་དོན་འཁྱོལ་བྱ་རྒྱུའི་འདུན་པ་ཡོད་མཁན་ཕྱོགས་ཁག་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། 
རྩོམ་སྒྲིག་པ། བདེ་སྒྲོན།