སྤྱི་ཚེས་8ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་དང་འཇར་མན་གྱི་ཙུང་ལི་ཧྲོར་ཙེ་དང་བརྙན་མཐོང་དབུ་ཚོགས་འཚོགས་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔའི་ཆར་འཛམ་གླིང་ཁྱོན་ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་ཆེན་པོ་འགོས་ཁྱབ་འགྲོ་བའི་འབྲེལ་མཚམས་ན་གནས་པ་དང་། གོ་ལ་ཧྲིལ་པོར་འགྲན་རྩོད་དུ་མ་འཕྲད་བཞིན་པས། གོ་ལ་ཧྲིལ་པོས་མཉམ་ལས་བྱེད་དགོས་ཀྱི་ཡོད། ཀྲུང་གོ་དང་ཡོ་རོབ་ལ་ཞི་བདེ་དོན་གཉེར་དང་། གོང་འཕེལ་ཡོང་ཐབས། མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཐུན་མོང་གི་ཆ་མང་པོ་ལྡན་ཡོད། ང་ཚོས་འགན་འཁྲི་འཁུར་སེམས་འཆང་ནས་ཟང་ཟིང་ཆེ་ལ་འགྱུར་ལྡོག་མང་བའི་འཛམ་གླིང་ཁྱོན་ལ་བརྟན་བརླིང་དང་གཏན་འཁེལ་དེ་བས་མང་བ་མཁོ་འདོན་བྱེད་དགོས། ཕྱོགས་གཉིས་པོས་འབྲེལ་གཏུག་ལ་ཤུགས་སྣོན་དང་མཉམ་ལས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བརྟན་ཐོག་རྒྱང་རིང་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་གོང་འཕེལ་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་ལ་བར་ཁམས་དེ་བས་མང་བ་གཏོད་རྒྱུ་རེད། ཕྱོགས་གཉིས་པོས་མུ་མཐུད་ནས་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་གཞིར་བཟུང་། གནོད་མེད་དང་གྲངས་འཛིན་རོགས་ཟླའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་རིམ་གལ་ཆེན་དག་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
མ་ཁེ་ལུང་དང་ཧྲོར་ཙེས། ཀྲུང་གོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲ་རྒྱས་ཕུན་སུམ་ཚོགས་པོ་ཞིག་གཉེར་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མིག་སྔའི་འཛམ་གླིང་ཁྱོན་ལ་འགྲན་རྩོད་དུ་མ་འཕྲད་ཡོད་པས། རང་ཁ་རང་གསོ་བྱས་ནས་བསྡད་ན་དུས་བབ་དེ་ལས་སྡུག་ཏུ་འགྲོ་རྒྱུ་ལས་མ་འདས། ཀྲུང་གོས་འཛམ་གླིང་གི་བྱ་དོན་ཁྲོད་འདོན་སྤེལ་བྱས་པའི་གལ་ཆེ་ལ་དགེ་མཚན་ལྡན་པའི་ནུས་པ་དག་ལ་ཡོ་རོབ་ནས་མཐོང་ཧ་ཅང་ཆེན་པོ་བྱེད་མུས་རེད་ལ། ཀྲུང་གོའི་དབར་མཉམ་ལས་དམ་ཟབ་བྱས་ནས། གནམ་གཤིས་འགྱུར་ལྡོག་དང་སྤྱི་པའི་འཕྲོད་བསྟེན་སོགས་གོ་ལ་ཧྲིལ་པོའི་འགྲན་རྩོད་ཆེན་པོར་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཐག་གཅོད་བྱ་འདོད་ཡོད། ཡོ་རོབ་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་དོན་གཉེར་ཡག་པོ་བྱས་ཏེ། ཧྥ་ཀྲུང་དང་འཇར་ཀྲུང་། དེ་བཞིན་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་མདུན་ཕྱོགས་སུ་གོང་འཕེལ་ཟམ་མི་ཆད་པར་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད།
ཕྱོགས་གཉིས་པོས་གཙོ་བོ་མིག་སྔའི་ཨུ་ཁེ་ལན་གྱི་དུས་བབ་སྐོར་ལ་དགོངས་འཆར་བརྗེ་རེས་གནང་ཡོད།
མ་ཁེ་ལུང་དང་ཧྲོར་ཙེས། མིག་སྔའི་ཨུ་ཁེ་ལན་གྱི་དུས་བབ་སྐོར་གྱི་གཟིགས་སྟངས་དང་ལངས་ཕྱོགས་ངོ་སྤྲོད་གནང་ནས། ཡོ་རོབ་ལ་འཛམ་གླིང་དམག་ཆེན་གཉིས་པའི་ཚུན་གྱི་ཉམས་ཉེན་ཆེ་ཤོས་འཕྲད་བཞིན་ཡོད་པ་དང་། ཧྥ་རན་སི་དང་འཇར་མན་ནས་དབྱེ་འབྱེད་གྲོས་མོལ་ཐོག་ནས་གནད་དོན་ཐག་གཅོད་བྱས་ཏེ། ཞི་བདེ་མངོན་འགྱུར་ཡོང་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོས་མི་ཆོས་རིང་ལུགས་ཀྱི་དུས་བབ་ཐད་གྲོས་འགོ་བཏོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་དབར་སྤེལ་རེས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཞི་གྲོས་ཡོང་རྒྱུར་སྐུལ་འདེད་གཏོང་བ། དུས་བབ་མུ་མཐུད་སྡུག་ཏུ་འགྲོ་རྒྱུ་སྔོན་འགོག་བྱེད་པའི་ཐོག་ནས་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་དེ་བས་ཚབས་ཆེ་བ་མི་ཐོན་པ་བྱ་འདོད་ཡོད་ཅེས་གསུངས་ཡོད།
ཞི་ཅིན་ཕིང་གིས། མིག་སྔའི་ཨུ་ཁེ་ལན་གྱི་དུས་བབ་ནི་མི་རྣམས་སེམས་ཁྲལ་སྐྱེ་དགོས་པ་ཞིག་རེད། ཡོ་རོབ་ཏུ་སླར་ཡང་དམག་འཁྲུག་གི་སྐྱོ་གར་ཐོན་པར་ཀྲུང་གོ་བློ་ཕམ་ཆེན་པོ་སྐྱེས་བྱུང་། ཀྲུང་གོའི་འདོད་ཚུལ་སྐོར་གླེང་ན། རྒྱལ་ཁབ་ཚང་མའི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་བརྩི་བཀུར་ཐོབ་དགོས། མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་བཀུར་ཞུ་དགོས། རྒྱལ་ཁབ་ཁག་གི་ལུགས་དང་མཐུན་པའི་བདེ་འཇགས་སྐོར་གྱི་དོ་ཁུར་བྱ་ཡུལ་ལ་མཐོང་ཆེན་བྱེད་དགོས། ཞི་བའི་ཐོག་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་བྱ་བ་ཡོད་དོ་ཅོག་ལ་རྒྱབ་སྐྱོར་བྱེད་དགོས། མིག་སྔའི་ཁ་ཚ་དགོས་གཏུག་ནི་དུས་བབ་སྡུག་ཏུ་མི་འགྲོ་བ་དང་ཡང་སྒོས་སུ་ཚོད་འཛིན་མ་ཐུབ་པ་མི་ཆགས་པ་བྱ་རྒྱུ་དེ་ཡིན། ཨུ་ཁེ་ལན་གྱི་དུས་བབ་ཐད་བར་འདུམ་བྱེད་པའི་སྐོར་ལ་ཧྥ་རན་སི་དང་འཇར་མན་གྱིས་འབད་བརྩོན་གང་མང་གནང་བར་ཀྲུང་གོས་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ཧྥ་རན་སི་དང་འཇར་མན། ཡོ་རོབ་ཕྱོགས་དང་འབྲེལ་གཏུག་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ཏེ། མིག་སྔའི་ཕྱོགས་ཁག་གི་དགོས་མཁོ་གཞིར་བཟུང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ང་ཚོས་ཐུན་མོང་ཐོག་ཨུ་རུ་སུ་དང་ཨུ་ཁེ་ལན་གྱི་ཞི་བའི་གྲོས་མོལ་ལ་རྒྱབ་སྐྱོར་བྱས་ནས། ཕྱོགས་གཉིས་པོས་གྲོས་མོལ་ལ་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དཀའ་ངལ་ཁྱད་བསད་ཀྱིས་གྲོས་མོལ་བྱེད་པ། གྲོས་མོལ་ལ་མཇུག་འབྲས་ཡོད་པ་དང་ཞི་བདེ་གྲོས་མོལ་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། བཟོད་སྒོམ་ཆེན་པོ་བྱ་རྒྱུ་མ་ཟད། གཞི་ཁྱོན་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་མི་ཐོན་རྒྱུ་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན། ཀྲུང་གོས་ཨུ་ཁེ་ལན་གྱི་མི་ཆོས་རིང་ལུགས་ཀྱི་དུས་བབ་སྐོར་གྱི་གྲོས་འགོ་དྲུག་བཏོན་ནས་ཨུ་ཁེ་ལན་ལ་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་རོགས་སྐྱོར་བྱེད་འདོད་ཡོད། ཉམས་ཉེན་གྱིས་བཟོས་པའི་ཤུགས་རྐྱེན་ངན་པ་ང་ཚོས་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། འབྲེལ་ཡོད་བཀག་སྡོམ་གྱིས་གོ་ལ་ཧྲིལ་པོའི་དངུལ་རྩ་དང་། ནུས་རྒྱུ། འགྲིམ་འགྲུལ། མཁོ་སྤྲོད་འབྲེལ་ཐག་བཅས་བརྟན་པོ་ཡོང་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། རིམས་ནད་ཕོག་པའི་གནོན་ཤུགས་ཆེན་པོའི་མདུན་དུ་མདུན་སྐྱོད་བྱེད་བཞིན་པའི་འཛམ་གླིང་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ང་ཚོས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་སྐུལ་སྤེལ་ཧུར་ཐག་བྱེད་དགོས། ཧྥ་རན་སི་དང་འཇར་མན་རྒྱལ་ཁབ་གཉིས་པོས་ཡོ་རོབ་རང་ངོས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་བ་དང་ཡོ་རོབ་ཡུན་རིང་བདེ་འཇགས་ཡོང་རྒྱུར་བསམ་གཞིགས་བྱས་ནས་འཐབ་ཇུས་རང་ཚུགས་རྒྱུན་འཁྱོངས་བྱས་ཏེ། དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་བཅས་ཀྱི་ཡོ་རོབ་ཀྱི་བདེ་འཇགས་སྒྲོམ་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་དང་། ཨུ་རུ་སུ། ཨ་རི་བཅས་དང་། དེ་བཞིན་བྱང་ཆིངས་སྒྲིག་འཛུགས་དབར་འདྲ་མཉམ་ངང་སྐད་ཆ་ཤོད་རེས་བྱ་རྒྱུ་མཐོང་འདོད་ཆེན་པོ་ཡོད་ཅེས་གསུངས་ཡོད།
ཕྱོགས་གཉིས་པོས་ད་དུང་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ཡོད།
ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།