ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་ཐུ་ནི་སིས་ཐུ་ནི་སིར་སྐྲུན་རོགས་བྱས་པའི་ཕྱི་འབྲེལ་གསོ་སྦྱོང་སློབ་གླིང་གི་རྣམ་གྲངས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ།

སྤེལ་དུས 2022-05-07 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཉེ་ཆར། ཀྲུང་གོས་སྐྲུན་རོགས་བྱས་པའི་ཐུ་ནི་སི་ཕྱི་འབྲེལ་གསོ་སྦྱོང་སློབ་གླིང་གི་རྣམ་གྲངས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་དྲ་ཐོག་ཏུ་འཚོགས་པ་རེད། ཀྲུང་གོའི་ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཆན་ཁེ་མིང་དང་ཐུ་ནི་སིའི་ཕྱི་འབྲེལ་པུའུ་ཀྲང་ཅེ་ལན་ཏི་ཡིས་རྒྱལ་ཁབ་གཉིས་ཀྱི་ཚབ་ཞུས་ནས་རྩིས་སྤྲོད་རྩིས་ལེན་གྱི་དཔང་ཡིག་ལ་མིང་རྟགས་བཀོད་པ་རེད།
  ཆན་ཁེ་མིང་གིས་ཤིས་ཚིག་སྒྲོན་སྐབས། ཐུ་ནི་སིར་སྐྲུན་རོགས་བྱས་པའི་ཕྱི་འབྲེལ་གསོ་སྦྱོང་སློབ་གླིང་རྣམ་གྲངས་ནི་2018ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི“བྱ་སྤྱོད་ཆེན་པོ་བརྒྱད”ཀྱི་རྣམ་གྲངས་འོག་གི་གཙོ་གནད་རྣམ་གྲངས་ཤིག་རེད། རྣམ་གྲངས་ལས་འགོ་ཚུགས་པ་ནས་བཟུང་ཀྲུང་གོ་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཨར་སྐྲུན་ལ་བཟོས་པའི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱས་ཏེ་ཚད་གཞི་མཐོ་ཤོས་དང་མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ལེགས་སྒྲུབ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བརྗོད།
  ཆན་ཁེ་མིང་གིས་ཀྲུང་ཐུ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སི་ཕྱོགས་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱས་ཏེ་གཙོ་གནད་མཉམ་ལས་རྣམ་གྲངས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་བརྟན་པོའི་ངང་གསར་འབྱེད་བྱེད་པ། མཚོན་རྟགས་རང་བཞིན་གྱི་འདུ་འགོད་གསར་པ་གཏོད་པ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱེད་པ་དང་ཆབས་ཅིག ཕྱོགས་མང་དང་ས་ཁོངས་མཉམ་ལས་ཁྲོད་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཨ་རབ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་འདོད་ཡོད་ཅེས་བརྗོད།
  ཅེ་ལན་ཏིས། རྣམ་གྲངས་འདི་ནི་ཐུ་ཀྲུང་དབར་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བའི་མཚོན་རྟགས་ཤིག་རེད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཚུན། ཁྱབ་ཁོངས་ཁག་གི་མཉམ་ལས་འཆར་གཞི་དང་འཕེལ་རྒྱས་རྣམ་གྲངས་ཀྱིས་ཐུ་ནི་སི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཏོག་གསར་རིམས་ནད་ཐོན་རྗེས་ཀྲུང་གོ་ཕྱོགས་ཀྱིས་འཕྲལ་མར་ཐུ་ནི་སིར་རིམས་འགོག་སྨན་ཁབ་དང་རིམས་འགོག་དངོས་ཟོག་རོགས་སྐྱོར་བྱས་པ་མ་ཟད། ད་དུང་རིམས་འགོག་ཉམས་མྱོང་མཉམ་སྤྱོད་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱས་ཏེ་ཐུ་ནི་སི་ཕྱོགས་ལ་སྤྱི་པའི་འཕྲོད་བསྟེན་གྱི་ཉམས་ཉེན་ལ་ཁ་གཏད་བཅག་ནས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་བྱེད་རོགས་བྱས་ཡོད། ཐུ་ནི་སིས་ཀྲུང་གོ་ཚུད་པའི་མཛའ་གྲོགས་རྒྱལ་ཁབ་དང་ཕྱི་འབྲེལ་རིག་གཞུང་སྤེལ་རེས་དང་གསོ་སྦྱོང་མཉམ་ལས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ཐུན་མོང་ཐོག་དར་སྤེལ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
  ཀྲུང་གོས་སྐྲུན་རོགས་བྱས་པའི་ཐུ་ནི་སི་ཕྱི་འབྲེལ་གསོ་སྦྱོང་སློབ་གླིང་གི་རྣམ་གྲངས་དེ་2019ལོའི་ཟླ་5པར་ལས་འགོ་ཚུགས་པ་དང་རྣམ་གྲངས་ཀྱི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.2ཙམ་ཟིན་པའི་ནང་ནུས་མང་སློབ་ཁང་དང་། སྙན་ཞུའི་ཚོམས་ཆེན། ཚོགས་ཁང་སོགས་སྒྲིག་བཀོད་ཚུད་ཡོད་པས་ཐུ་ནི་སིའི་ཕྱི་འབྲེལ་ཕྱི་དོན་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞིར་འགྱུར་རྒྱུ་རེད།