ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་ཁེ་ལས་ཀྱིས་ཁེན་ནི་ཡའི་ནེ་རོ་པིར་སྐྲུན་རོགས་བྱས་པའི་མགྱོགས་ལམ་ཚོད་ལྟ་བྱེད་འགོ་ཚུགས་པ།

སྤེལ་དུས 2022-05-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཀྲུང་གོ་ལམ་ཟམ་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས(གཤམ་དུ“ཀྲུང་གོ་ལམ་ཟམ”ཞེས་བསྡུ་རྒྱུ)མ་དངུལ་བཏང་ནས་གསར་སྤེལ་དང་འཛུགས་སྐྲུན་གཉེར་སྐྱོང་བྱས་པའི་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིའི་མགྱོགས་ལམ་ཚེས་14ཉིན་ཚོད་ལྟ་བྱེད་འགོ་ཚུགས་ཡོད།
  ཁེན་ནི་ཡའི་འགྲིམ་འགྲུལ་དང་རྨང་གཞིའི་སྒྲིག་བཀོད་པུའུ་ཀྲང་ཀྲན་མུའུ་སི·མ་ཁྲ་ལི་ཡས་དེ་ཉིན་འཚོགས་པའི་ཚོད་ལྟའི་མཛད་སྒོའི་ཐོག་ནེ་རོ་པིའི་མགྱོགས་ལམ་ནི་ཨ་ཧྥེ་རི་ཁའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཡག་ཤོས་ཀྱི་གྲས་ཤིག་དང་ཁེན་ནི་ཡའི་སྲིད་གཞུང་དང་སྤྱི་ཚོགས་ཀྱིས་མ་རྩ་མཉམ་ལས་བྱས་པའི་དཔེ་མཚོན་རྣམ་གྲངས་ཤིག་རེད་ཅེས་བརྗོད་པ་རེད།
  ནེ་རོ་པིའི་མགྱོགས་ལམ་དེས་ནེ་རོ་པིའི་གྲོང་ཁུལ་དང་ཆའོ་མོ·ཁེ་ཡ་ཐ་རྒྱལ་སྤྱིའི་གནམ་ཐང་འབྲེལ་ཡོད་པ་དང་ལམ་བར་དུ་ནེ་རོ་པིའི་ལྟེ་བའི་ཚོང་དོན་ཁུལ་དང་། རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་། རྒྱལ་ཁབ་ལུས་རྩལ་ཐང་། ཙུང་ཐུང་ལས་ཤག་སོགས་ས་གཤིས་མཚོན་རྟགས་གཙོ་བོ་བརྒྱུད་དགོས་ཀྱི་ཡོད་པ་དེའི་ལམ་ཐག་ཧྲིལ་པོར་སྤྱི་ལེ་27.1ཡོད་པ་དང་2020ལོའི་ཟླ་9པར་ལས་འགོ་བཙུགས་པ་རེད།
  རྣམ་གྲངས་དེ་ཁེན་ནི་ཡའི་གྲོན་བསྡུའི་འགྲོ་ལམ་རྣམ་གྲངས་ཐོག་མ་དེ་ཡིན་པ་དང་ཀྲུང་གོ་ལམ་ཟམ་གྱིས་འཛུགས་སྐྲུན་དང་། གཉེར་སྐྱོང་། རྩིས་སྤྲོད་བཅས་ཀྱི་རྣམ་པའི་ཐོག་ནས་ཁེན་ནི་ཡ་སྲིད་གཞུང་དང་མཉམ་ལས་གསར་སྤེལ་བྱས་པ་ཞིག་ཡིན་པ་དང་འཛུགས་སྐྲུན་དང་གཉེར་སྐྱོང་དུས་བཀག་ལོ་30ཡིན་པ་རེད། དུས་བཀག་གཙང་རྗེས་མགྱོགས་ལམ་ཧྲིལ་པོ་དང་དེ་བཞིན་འབྲེལ་ཡོད་སྒྲིག་ཆས་དང་ལག་རྩལ་རིན་མེད་ངང་ཁེན་ནི་ཡ་སྲིད་གཞུང་ལ་རྩིས་སྤྲོད་རྒྱུ་རེད།