ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་མཁན་གཙོ་བོ་ཞིག་ཡིན།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱིས་འཛམ་གླིང་ཡོངས་ལ་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་པ་དང་གོ་ལ་ཧྲིལ་པོའི་མི་འབོར་དུང་ཕྱུར་བཅུ་ཕྲག་གི་འཚོ་བ་ལེགས་སུ་བཏང་བ་དང་། ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དཔལ་འབྱོར་འཕར་བ་དང་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་རྒྱུར་གོ་སྐབས་བསྐྲུན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཕྲད་པའི་དབུལ་ཕོངས་ཀྱི་གནད་དོན་སེལ་རྒྱུར་ཕན་ཐོགས་ཡོད། སིང་ཀ་ཕོར་ནི་དཔེ་མཚོན་ཞིག་ཡིན་ཞིང་། སིང་ཀ་ཕོར་གྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་ཆུང་བ་དང་རང་བྱུང་ཐོན་ཁུངས་དང་རྒྱ་ཆེ་ལ་དར་རྒྱས་ཆེ་བའི་ཁྲོམ་ར་དཀོན་པས། རང་མོས་ཚོང་དོན་དེ་སིང་ཀ་ཕོར་གྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།
  སིང་ཀ་ཕོར་དང་ཀྲུང་གོའི་དབར་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་དང་ཐུན་མོང་གི་ཁེ་ཕན་ལྡན་ཡོད། དོན་དངོས་ཐོག་སིང་ཀ་ཕོར་ལའང་ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེ་ལས་ཕན་པ་ཐོབ་ནས་སིང་ཀ་ཕོར་གྱི་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་ར་གསར་སྤེལ་བྱས་ཡོད། ཀྲུང་སིང(ཁྲུང་ཆིང)འཐབ་ཇུས་རང་བཞིན་གྱི་ཕན་ཚུན་སྦྲེལ་མཐུད་ཀྱི་དཔེ་སྟོན་རྣམ་གྲངས་ནི་སིང་ཀ་ཕོར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་མིང་བྱང་གསར་པ་ཞིག་ཡིན་པ་དེའི་ནང་གི་གཙོ་གནད་མཉམ་ལས་རྣམ་གྲངས་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པས་ས་ཁོངས་སྒོ་དབྱེ་མཉམ་སྤྱོད་ལ་ཕྱོགས་པའི་མཉམ་ལས་སྟེགས་བུ་གཏོད་རྒྱུར་གཞོལ་བ་དེ་ཐོག་ནས་ཀྲུང་གོས་ཕྱི་ཕྱོགས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་ཡོད།
  ཀྲུང་གོ་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཕན་པ་ཐོབ་མཁན་ཡིན་ལ་སྐུལ་འདེད་གཏོང་མཁན་གཙོ་བོ་ཞིག་ཀྱང་རེད། 2001ལོར་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་ཚུན། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་ཏེ་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོའི་ནང་ཉིན་བཞིན་མཉམ་འདྲེས་ཐུབ་ཅིང་། སྒྲིག་སྲོལ་འབྲེལ་མཐུད་དང་ལམ་ལུགས་རང་བཞིན་གྱི་སྒོ་དབྱེའི་ཐད་གོམ་སྟབས་ཆེན་པོ་སྤོས་ཡོད་པས། ཀྲུང་གོ་འདི་ཉིད་ཉིན་བཞིན་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་རིན་ཐང་འཁོར་འབྲེལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། མིག་སྔར་ཀྲུང་གོར་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་ཧ་ཅང་ཆེན་པོ་དང་དེ་བཞིན་འཛད་སྤྱོད་ཁྲོམ་ར་ཆེན་པོ་ཞིག་ཆགས་ནས་སྤུས་ཚད་མཐོ་བ་དང་ཚན་རྩལ་མཐོ་བའི་ཚོང་ཟོག་དང་ཆེད་ལས་ཞབས་ཞུའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་དེས་གོ་ལ་ཧྲིལ་པོའི་ཁེ་ལས་ལ་ཁྲོམ་རའི་གོ་སྐབས་གསར་པ་བཏོད་ཡོད། རྒྱལ་གྲོལ་ཁེ་ལས་མང་པོ་ཞིག་ལ་ཀྲུང་གོའི་འཕེལ་རྒྱས་མྱུར་པོ་དང་ཁྲོམ་ར་སྒོ་དབྱེའི་ཁྲོད་ནས་ཕན་པ་ཐོབ་ཡོད། ད་ཆ་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་རྒྱལ་གྲོལ་ཁེ་ལས་ཀྱི་ཐོན་སྐྱེད་རྟེན་གཞི་དང་ཚོང་ཟོག་ཞབས་ཞུ་དང་བྲིན་ཚོང་ཁྲོམ་ར་གཙོ་བོའི་གྲས་ཤིག་ཡིན་ལ་འབྱུང་འགྱུར་ཡང་ཡིན་ངེས་རེད།
  ཉེ་བའི་ལོ་ཤས་རིང་ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེའི་བྱེད་ཐབས་གསར་པ་རབ་དང་རིམ་པ་ལག་ལེན་བསྟར་བའི་ནང་ཕྱི་རྒྱལ་གྱི་མ་འཇོག་ཆོག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་ཉུང་འཕྲི་བྱེད་པ་དང་། ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཁྱབ་ཁོངས་རྒྱ་ཆེར་གཏོང་བར་སྐུལ་འདེབས་བྱས་པ། ཧའེ་ནན་གྱི་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཚུད་ཡོད། ཀྲུང་གོས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་ལས་ཀྲུང་གོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཕྱི་རྒྱལ་གྱི་མ་འཇོག་འགུགས་པར་ཕན་ཐོགས་ཡོད། ཀྲུང་གོས《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ནུས་ཐོན་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དེ་ཐོག་ནས་སྒྲིག་སྲོལ་རྨང་གཞིར་བྱེད་པའི་རང་མོས་ཚོང་དོན་དང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་མཚོན་ཡོད། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་ཚོང་དོན་རྒྱ་ཆེར་གཏོང་བ་དང་། མ་འཇོག་ལ་སྐུལ་འདེད་གཏོང་བ། ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་བ་རེད། 2013ལོར“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ཚུན། ཀྲུང་གོ་དང་ལམ་རྒྱུད་རྒྱལ་ཁབ་དབར་ཕྱོགས་གཉིས་པོའི་དངོས་ཟོག་ཕྱིར་གཏོང་བྱེད་ཚད་ཆེས་ཆེར་མང་དུ་ཕྱིན་ཡོད། མིག་སྔར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་དེ་རྨང་གཞིའི་སྒྲིག་བཀོད་ཀྱི་ཁྱབ་ཁོངས་ནས་བདེ་ཐང་ཐོན་ལས་དང་གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་དེ་བས་མང་བར་རྒྱ་སྐྱེད་གཏོང་བཞིན་ཡོད། འཛམ་གླིང་དཔལ་འབྱོར་ལ་དཀའ་ངལ་འཕྲད་པའི་རྒྱབ་ལྗོངས་འོག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེས་ལམ་རྒྱུད་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད།
  ཏོག་གསར་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པ་དང་ས་འབྲེལ་ཆབ་སྲིད་རྣམ་པར་འགྱུར་ལྡོག་མྱུར་པོ་ཕྱིན་ཡོད། འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་གཉིས་པ་དང་གོ་ལ་ཧྲིལ་པོའི་ཚོང་དོན་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་དང་རང་མོས་ཚོང་དོན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་ལས་ས་ཁོངས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་ཡིད་ཆེས་འཕེལ་ནས་འཛམ་གླིང་དཔལ་འབྱོར་ལ་དྲང་ནུས་བསྣན་ཡོད། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་དེས་འཛམ་གླིང་གི་དཔལ་འབྱོར་ལ་གསོན་ཤུགས་དེ་བས་ཆེ་བ་སྦྱིན་རྒྱུ་རེད།