ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

བོད་ཀྱི་དཀར་མོ་ནས་ལ་རྒྱལ་སྤྱིའི་ཐོག་ཏུ་དགའ་བསུ་ཆེན་པོ་ཐོབ།

སྤེལ་དུས 2023-11-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             འཇར་མན་གྱི་ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས24ཉིན་གྱི་ཕྱི་དྲོར“ཀྲུང་གོའི་མེན་པའོ་རྒྱལ་ཁབ་རུ་ཁག”ཧྥ་རན་སེ་དང་། ལྗར་པན། འཇར་མན་སོགས་མེན་པའོ་གཡོས་སྦྱོར་རྒྱལ་ཁབ་སྟོབས་ཆེན་ལས་རྣམ་པར་རྒྱལ་ནས་འཇར་མན་གྱིIBMཡི་མེན་པའོ་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད། ཐེངས་འདིར་ཀྲུང་གོའི་རུ་ཁག་གི་ཕུལ་བྱུང་བརྩམས་ཆོས་ཁྲོད་དུ་དམིགས་བསལ་གྱི་རྒྱུ་ཆ་ཞིག་སྤྱད་ཡོད་པ་སྟེ། དེ་ནི་མཚོ་བོད་ས་མཐོའི་འབྲུ་རིགས་ནས་རེད། ང་ཚོའི་དྲན་འཆར་ཁྲོད་ཀྱི“རང་ཁ་གསོ་བྱེད་ཙམ་གྱི་བཟའ་འབྲུ”ནས་ད་ཆ་རྒྱལ་སྤྱི་ཅན་གྱི་ཟས་རྒྱུ་ཞིག་ཏུ་གྱུར་བའི་བར། དཀར་མོ་ནས་ཀྱིས་ལམ་བུ་གང་འདྲ་ཞིག་བརྒྱུད་ཡོད་དམ། དེ་རིང་ང་ཚོས་མཉམ་དུ་ཕྱིར་དྲན་ཅིག་བྱ།

ལོ་རྒྱུས་རིང་ཡང་མིང་གྲགས་དེ་ཙམ་མེད་པའི་ནས།
             ནས་ནི་གཙོ་བོ་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཡུན་ནན་སོགས་ས་ཆར་འདེབས་ཀྱི་ཡོད། མཚོ་བོད་མཐོ་སྒང་གི་འབྲུ་རིགས་གཙོ་བོ་ཡིན་པའི་ངོས་ནས་འདེབས་འཛུགས་ཀྱི་ལོ་རྒྱུས་ལོ3500ལས་བརྒལ་ཡོད།
             ལོ3500ལྷག་ཙམ་གོང་གི་ལྷོ་ཁའི་གོང་དཀར་འཕྲེང་སྒོ་གནའ་ཤུལ་ནས་ཐོན་པའི་ནས་སོལ་འགྱུར།

ནས་ཀྱི་འབྱུང་ཁུངས་འཁོད་པའི་ཐང་ག
             རང་རྒྱལ་གྱི་མཐོ་སྒང་ས་ཁུལ་དུ་ནས་ཀྱི་འབྱུང་ཁུངས་སྐོར་གྱི་ངག་རྒྱུན་མང་པོ་ཡོད་མོད། འོན་ཀྱང་ངག་རྒྱུན་དེ་དག་ཚང་མས་ནས་ཀྱི་ས་བོན་ཐོག་མ་ཐོན་པ་དེ་མཐོ་སྒང་ཤེས་དཔལ་དར་ཞིང་འཕེལ་བའི་འགག་རྩར་བརྩི་བཞིན་ཡོད། བོད་ཀྱི་ལོ་རྒྱུས་ཐོག་གི་བོད་བཙན་པོའི་རྒྱལ་རབས་ནི་ནས་ཐོན་འབབ་མང་བའི་ཡར་ཀླུང་ལུང་ཤུར་དུ་ཐོན་པ་ཞིག་རེད།

བཙན་པོ་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོའི་འཇིམ་སྐུ།

             ལོ་ངོ1300ལྷག་གི་གོང་རོལ་ལ་བཙན་པོ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་འགྱུར་མཛད་སྐབས། མི་རྣམས་ཀྱིས་ཁོང་ལ་ཤ་སྐམ་དང་། བསྲུབས་ཇ། རྩམ་པ་བཅས་མཚོན་ཆ་གསུམ་ཡོད་པར་བཤད་ཅིང་། དེའི་ཁྲོད་དུ་རྩམ་པ་ནི་ནས་ཀྱི་ཐོན་རྫས་རེད། ནས་ནི་གྲང་ངར་དང་། ཐན་པ།  ཡང་ན་ས་རྒྱུ་ཞན་པ་གང་ཡིན་རུང་སྐྱེས་ཐུབ་ལ། སྐྱེས་སྟོབས་ཀྱང་ཧ་ཅང་ཆེ་བས། ལོ་ངོ་སྟོང་ཕྲག་ལྷག་ལ་ཡུལ་འདིའི་མི་རྣམས་གསོ་སྐྱོང་བྱས་ཡོད།
             འོན་ཀྱང་མཐོ་སྒང་གི་ཞིང་སར་མཚོན་ན་ས་རྒྱུ་ཞན་པ་དང་། གནམ་གཤིས་ཀྱང་ཧ་ཅང་སྡུག་ལ། སྲོལ་རྒྱུན་གྱི་ས་བོན་ཉམས་ཞན་དུ་འགྱུར་སླ་བས་དུས་ཡུན་རིང་པོར་ས་ཁུལ་མང་པོ་ཞིག་ཏུ་ནས་ཀྱི་ཐོན་འབབ་དེ་ཙམ་མི་ཆེ། བར་སྐབས་ཤིག་ལ་བོད་ལྗོངས་ཀྱི་ནས་མུའུ་རེའི་ཆ་སྙོམས་ཐོན་ཚད་སྤྱི་རྒྱ80ཙམ་ལས་ཟིན་གྱི་མེད་དེ། ཐོན་ཚད་ཧ་ཅང་དམའ། ཡར་སྔོན་ཞིང་ལས་ལག་རྩལ་འཕེལ་རྒྱས་ཀྱི་འགྲོས་ཚད་ཧ་ཅང་དལ་བར་བརྟེན་ནས་དེ“རང་ཁ་གསོ་བྱེད་ཙམ་གྱི་བཟའ་འབྲུ”ཞིག་ཡིན།
       “རང་ཁ་གསོ་བྱེད་ཙམ་གྱི་བཟའ་འབྲུ”ནས“ཕྱུག་འགྱུར་གྱི་བཟའ་འབྲུར”གྱུར་བའི་བར་དུ།

“ནས་ཀྱི་འབུམ་རམས་པ”ཉི་མ་བཀྲ་ཤིས།
       ནས་ཀྱི་ཐོན་འབབ་མཐོ་རུ་གཏོང་ཆེད། “ནས་ཀྱི་འབུམ་རམས་པ”ཉི་མ་བཀྲ་ཤིས་གཙོར་བྱས་པའི་རང་རྒྱལ་གྱི་ཞིང་ལས་ཚན་རིག་མཁས་པ་ཚོས་འབད་བརྩོན་ལྷོད་མེད་བྱས་ཏེ་ནས་ཀྱི“གཞི་རྒྱུའི་གསང་བ”རྟོགས་ཡོད། ཁོང་ཚོས་སྔ་རྗེས་སུ་ནས་ཀྱི་སྣ་རིགས་གསར་པ20ལྷག་ཙམ་འདེམས་གསོ་བྱས་པའི་ནང་དུ།  “བོད་ནས་ཨང2000པ”ཡི་ས་བོན་གྱི་ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ350བསླེབས་ནས་བོད་ལྗོངས་ཀྱི་འབྲུ་རིགས་ཀྱི་ལོའི་ཐོན་ཚད་བསྡོམས་འབོར་ཏུན་ཁྲི100ལས་བརྒལ་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ལང་ཚོའི་གཟི་དཔལ་འབར་བའི་ནས་ཀྱི་འབུམ་རམས་པ་ཉི་མ་བཀྲ་ཤིས་ལགས།
             དེ་ནས་བཟུང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་རྟེན་དུ་གྱུར་པའི་འབྲུ་རིགས་ནས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་འཕྲད་པ་དང་། རིམ་གྱིས་རང་ཁ་རང་གསོ་ཙམ་ལས་གཞན་མི་འཁྱོངས་བའི་དཀའ་གནད་ལས་གྲོལ་ཞིང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐོབ་ནས་རིམ་གྱིས་ཐོན་ལས་ཅན་གྱི་ལམ་བུའི་ཐོག་སྐྱོད་འགོ་ཚུགས་ཤིང་། དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཕེལ་ཕྱོགས་གསར་པ་ཞིག་ཏུ་གྱུར་ཡོད།
             ནས་ཀྱི་བག་ལེབ་དང་། ནས་ཀྱི་ནས་ཆག  ནས་ཀྱི་ཐུག་པ། དེ་བཞིན་ནས་ཀྱི་བཏུང་བྱ་སོགས་ཟུར་སྣོན་རིན་ཐང་ཆེ་བའི་ཐོན་རྫས་སྣ་ཚོགས་ཀྱིས་ནས་ལས་སྣོན་དང་བྲིན་ཚོང་གི་ཐབས་ལམ་རྒྱ་སྐྱེད་པ་དང་། ནས་ཀྱི་ཐོན་རྫས་རྒྱལ་ཡོངས་སུ་འཚོང་བས་ན།  ད་ལྟ་ནས་ནི“ཕྱུག་འགྱུར་འབྲུ་རིགས་ཤིག”ལ་གྱུར་ཡོད་པ་རེད།
             “ས་མཐོའི་བཟའ་འབྲུ”ནས་རྒྱལ་སྤྱིའི་ཞིམ་ཟས་བར།
             ཆེད་མཁས་པ་ན་རེ། གཉིད་ཁུག་དཀའ་ལ་སད་སླ་བ་དང་རྨི་ལམ་མང་ལ་སེམས་འཚུབ་ཆེ་བའི་མི་རྨས་ཀྱིསY-ཨེམ་རྨང་ང་སྐྱུར་མང་བའི་འབྲུ་རིགས་མང་ཙམ་ཟོས་ན་ལེགས་ཚུལ་བརྗོད་ཀྱིན་ཡོད། དེས་ན།  Y-ཨེམ་རྨང་ང་སྐྱུར་མང་ཤོས་ཀྱི་འབྲུ་རིགས་ནི་ཏག་ཏག་ནས་རེད།

             ཉེ་བའི་ལོ་ཤས་ཀྱི་རིང་ལ། ནས་ཀྱི་ཐུན་མོང་མ་ཡིན་པའི་འཚོ་བཅུད་ཀྱི་རིན་ཐང་དང་བདེ་ཐང་གི་རང་བཞིན་ཤེས་རྟོགས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ནས་ཀྱི་ནང་དུ་འདུས་པའི་ནས་ཀྱིβརྒུན་འབྲུམ་མངར་རྒྱུ་དང་། བུ་བཙའི་ཧྥུན་རྒྱུ། Y-ཨེམ་རྨང་ང་སྐྱུར་སོགས་གྲུབ་ཆ་དག་ནི་མིའི་ལུས་ཁམས་ལ་ཕན་པ་ཧ་ཅང་ཆེ་ལ། ཁྱད་ཆོས་དེར་གྲོང་ཁྱེར་གྱི་མི་ཚོགས་དང་ལྷག་པར་དུ་ན་གཞོན་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།
             ད་ལྟ།  ནས་རྒྱུ་ཆར་བྱས་པའི་རྒྱལ་ཐོན་ཆང་རག་དང་མེན་པའོ་སོགས་ཡོ་རོབ་དང་མེ་གླིང་གི་ཁྲོམ་རར་ཕྱིར་ཚོང་བྱེད་བཞིན་ཡོད་ལ། དེ་བཞིན་དུ་ས་གནས་དེ་གའི་ཁྲོམ་རའི་དགའ་བསུ་ཐོབ་པར་མ་ཟད། རྒྱལ་སྤྱིའི་ཚད་གཞིར་བསླེབས་ཡོད་པ་རེད། ནས་ཀྱི་ཐོན་རྫས་དེ་དག་ནི་གངས་ལྗོངས་ས་མཐོར་ཐོན་སྐྱེད་བྱས་པའི་ཚོང་ཟོག་གཙོ་བོར་གྱུར་ཅིང་། དེའི་བདེ་ཐང་དང་། དར་སྲོལ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཅས་ལ་མི་མང་པོས་གདེང་འཇོག་ཚད་མེད་གནང་བཞིན་ཡོད།
             བཟའ་བཅའི་རིན་ཐང་ལས་གཞན་ད་དུང་ནས་ཀྱི་རིག་གནས་ཀྱི་རིན་ཐང་ཡང་སྔོག་འདོན་བར་མེད་བྱེད་བཞིན་ཡོད་དེ། མཐོ་སྒང་ས་ཁུལ་དུ་འཚོ་སྡོད་བྱེད་མཁན་གྱི་མི་ཚོར་མཚོན་ན། ནས་ནི་ཟས་རིགས་ཙམ་མ་ཡིན་པར།  དེར་བརྩེ་སེམས་དང་སྙིང་སྟོབས་སོགས་རིག་གནས་ཀྱི་ནང་དོན་ཡང་མང་པོ་ཞིག་འདུས་ཡོད།
             2021ལོའི་ཟླ10པའི་ཚེས18ཉིན། གཞིས་རྩེ་གྲོང་ཁྱེར་ནས་ཀྱི་རྟེན་རྫས་བཤམས་མཛོད་ཁང་དངོས་སུ་སྒོ་ཕྱེ་ཞིང་། དེ་ནི་ཀྲུང་གོའི“ནས”བརྗོད་བྱ་གཙོ་བོར་བྱས་པའི་གཞུང་ཁོངས་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་ཡིན།
             ད་ཆ།  གནའ་བོའི་ནས་དེ་དུས་རབས་གསར་པར་རྣམ་པ་གསར་རྐྱང་གི་ཐོག་ནས་མི་ཀུན་ལ་ཆ་རྒྱུས་ཡོད་པའི་འབྲུ་རིགས་ཤིག་ཏུ་འགྱུར་བཞིན་ཡོད་པ་དང་། དེ་སྔའི“རང་ཁ་གསོ་བྱེད་ཙམ་གྱི་བཟའ་འབྲུ”དེ་ད་ལྟ་རྒྱལ་སྤྱིའི་བཟའ་བཅའི་ཁྲོམ་རའི་ཐོག་གི་དར་སོ་ཆེ་བའི་གདམ་ག་ཞིག་ཏུ་གྱུར་ནས་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་ཡོད།

རྩོམ་སྒྲིག་པ། རིག་གྲོལ།