ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཞི་བདེའི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་ཆུང་རུང་ལྕག་སྐུལ་བྱེད་དགོས།

སྤེལ་དུས 2023-11-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཟླ11པའི་ཚེས27ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། གསར་འགོད་པ་ཞིག་གིས་དྲིས་དོན། གནས་ཚུལ་སྤེལ་བར་གཞིགས་ན། ཧ་མ་སིའི་དམག་དོན་ཤོག་ཁག་གི་གཱ་སང་ལུའི་ཤོག་གིས་ཉིན་ཤས་གོང་ལ་བསྒྲགས་དོན། དབྱི་སི་རལ་ཕྱོགས་ནི་རོགས་སྐྱོར་དངོས་ཟོག་ཅ་ཧྲ་ཁུལ་དུ་སྐྱོད་ཆོག་པའི་སྐོར་གྱི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལས་འགལ་བར་མ་ཟད། མུ་མཐུད་ནས་དམག་འཐབ་བྱས་པས། དབྱི་སི་རལ་ཕྱོགས་ཀྱིས་རོགས་སྐྱོབ་ལྗིད་ཐེག་རླངས་འཁོར་ཅ་ཧྲའི་བྱང་རྒྱུད་དུ་སྐྱོད་རྒྱུར་ཆོག་མཆན་མ་བྱས་བར་དུ་མི་གཏའ་གློད་གྲོལ་གཏོང་རྒྱུ་ཕྱིར་འགྱངས་བྱེད་རྒྱུ་ཡིན་པར་བསྒྲགས། དབྱི་སི་རལ་གྱི་དམག་དཔུང་ཕྱོགས་ཀྱིས། དམག་མཚམས་འཇོག་པའི་དུས་ཡུན་ཡོལ་མ་ཐགཅ་ཧྲ་ཁུལ་གྱི་འཇབ་རྒོལ་དང་དམག་དོན་བྱ་སྤྱོད་འཕྲལ་མར་སླར་གསོ་བྱ་རྒྱུ་ཡིན་ལ། ནུས་ཤུགས་ཡོད་རྒུས་ཧ་མ་སི་རྩ་མེད་གཏོང་བ་དང་འབྲེལ། བཙན་གཤེད་ཀྱིས་མི་གཏའ་ཚང་མ་གང་མགྱོགས་ངང་གློད་གྲོལ་ཐུབ་པ་བྱ་རྒྱུ་ཡིན་པར་བརྗོད་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
          ཝང་ཝུན་པིན་གྱིས། དབྱི་སི་རལ་དང་ཧ་མ་སིའི་དབར་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་ཚུན། ཕྱོགས་གཉིས་པོས་བཙན་ཉར་བྱས་པའི་མི་སྣ་ཁག་གསུམ་གློད་གྲོལ་བཏང་ཡོད། ཞི་བདེའི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་ནི་ཇི་ཙམ་ཆུང་ནའང་ལྕག་སྐུལ་བྱེད་རིན་ཡོད་ལ། མི་སེར་ལ་སྲུང་སྐྱོབ་བྱེད་པར་དཀའ་ངལ་ཇི་ཙམ་ཆེ་ནའང་ཁྱད་བསད་བྱེད་དགོས། རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་བྱུང་ནས་ཉིན50ལྷག་ཙམ་སོང་རིང་། མི་མང་པོ་ཤི་རྨས་བྱུང་བར་མ་ཟད་མི་ཆོས་རིང་ལུགས་ལ་གནོད་འཚེ་ཚབས་ཆེན་བཟོས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཐེངས་གང་མང་ལ་གཏུམ་སྤྱོད་ཀྱིས་བདེ་འཇགས་ངོ་མ་ཞིག་ཡོང་ཐབས་མེད་པ་དང་། དྲག་ཤུགས་ཀྱིས་ཀྱང་ཡུན་རིང་ཞི་བདེ་ཡོང་ཐབས་མེད་ཅེས་ནན་བཤད་བྱས་མྱོང་། ཀྲུང་གོ་ཕྱོགས་ཀྱིས་དམག་མཚམས་འཇོག་རྒྱུར་དང་དུས་བབ་ཞི་ལྷོད་དུ་གཏོང་བར་ཕན་པའི་འབད་བརྩོན་མཐའ་དག་ལ་དགའ་བསུ་ཞུ་རྒྱུ་ཡིན། འབྲེལ་ཡོད་ཕྱོགས་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང2712པ་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཛ་དྲག་དམིགས་བསལ་ཚོགས་འདུའི་འབྲེལ་ཡོད་གྲོས་ཆོད་དོན་འཁྱོལ་ཏན་ཏིག་བྱས་ནས། གནས་སྐབས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་ཐུན་མོང་ཐོག་ནས་ནུས་ལྡན་ངང་ལག་བསྟར་བྱེད་པ་དང་འབྲེལ། དུས་ཡུན་ཕྱིར་འགྱངས་བྱེད་ཐུབ་པར་བྱས་ཏེ། དངོས་འབྲེལ་གྱི་ཡུན་རིང་དམག་མཚམས་འཇོག་པར་མངོན་འགྱུར་བྱེད་དགོས། 

རྩོམ་སྒྲིག་པ། ལྷ་འབྲུག